ཀྲུང་གོ་བོད་ཀྱི་དྲ་བ།

རྨི་ལམ།

  རྩོམ་པ་པོ། : ཁྲི་གོང་ཨོ་རྒྱན་ཚེ་རིང་།   སྤེལ་དུས། : 2020-04-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

            རྨི་ལམ།

                ཁྲི་གོང་ཨོ་རྒྱན་ཚེ་རིང་།


གནམ་ས་མུན་ནག་གི་གཏིང་ལ་མྱུལ་བ་ནས

མཚན་མོ་ནམ་མཁའི་དྲ་ཡོལ་བཞིན

འཇིག་རྟེན་འདི་ཉིན་སྲིབ་མེད་པར་གཡོགས་ཤིང

རྨི་ལམ་རྣམས་དྲ་ཡོལ་ངོས་ཀྱི་སྐར་ཚོགས་བཞིན

རེ་འདུན་གྱི་ཁོང་གསེང་ན་འོད་ལམ་ལམ་འཚེར


མི་རྣམས་གཉིད་ལས་སད་པ་དང

སྒེའུ་ཁུང་གི་དྲ་ཡོལ་གཤུ་པ་ཇི་བཞིན

ཞོགས་པའི་འོད་སྣང་གིས་རྨི་ལམ་གྱི་སྐར་ཚོགས་དེ

མཚན་མོའི་དྲ་ཡོལ་ངོས་ནས་བཤུས་ཏེ

མིག་གཉིས་བགྲད་པ་ཙམ་གྱིས

ཡོད་ཚད་གནས་ལུགས་དང་མཐུན་ཡང་རུང མི་མཐུན་ཡང་རུང

དཀར་ལམ་མེར་ཉི་ཐིག་དང་བཅས་སོ་སོའི་སེམས་ཁོང་ལ་ཤར


ད་ནས་བཟུང སྙེ་འབྲུ་དང་རྩམ་པར་སེམས་ཁྲལ་བྱ་མི་དགོས་ལ

མདུན་ན་སྔོ་ཞིང་བསངས་པའི་ནམ་མཁའ་ལས་མེད་ཀྱང

རྒྱབ་གངས་རིར་གཏད་ནས་འཚོ་བ་རོལ་ཆོག་ཆོག་རེད


དེ་ནས་མི་རྣམས་ཀྱི་སེམས་ཁམས ཉིན་དཀར

ཁམ་བུའི་མེ་ཏོག་བཞིན་བཞད་འགོ་ཚུགས་ལ

མཚན་མོ ནམ་མཁའི་སྐར་ཚོགས་བཞིན

འོད་ལམ་ལམ་གྲོང་ཚོའི་མཁའ་དབྱིངས་ན་རྨི་ལམ་གྱིས་འཚེར


ད་ནས་བཟུང་སྙེ་འབྲུ་དང་རྩམ་པར་སེམས་ཁྲལ་བྱ་མི་དགོས་ལ

མདུན་ན་སྔོ་ཞིང་བསངས་པའི་ནམ་མཁའ་ལས་མེད་ཀྱང

རྒྱབ་གངས་རིར་གཏད་ནས་འཚོ་བ་རོལ་ཆོག་ཆོག་རེད

          ༢༠༢༠ལོའི་ཟླ་༤ཚེས་༥ཉིན་གཞིས་ཤག་ཏུ།

རྩོམ་སྒྲིག་པ། : རིག་འཛིན་ཚེ་རིང་།