ཀྲུང་གོ་བོད་ཀྱི་དྲ་བ།

སྙན་རྩོམ་རིག་པའི་ཤེས་བྱ་གནད་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : དོར་ཞི་གདོང་དྲུག་སྙེམས་བློ།   སྤེལ་དུས། : 2020-04-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འཆར་ནུབ་མི་མངའ་རབ་གསལ་འཇིག་རྟེན་མིག །

འཕེལ་ཟད་སྐྱོན་བྲལ་གཉིས་སྐྱེས་དགའ་བའི་ལྷ། །

ལང་ཚོ་ཉམས་མེད་མཛེས་སྡུག་མན་དཱ་ར། །

དགའ་བདེ་ལོངས་སྤྱོད་འཛད་མེད་གཏེར་དུ་སྒྲུབས། །

དྲི་ཟའི་བུ་མོའི་དབྱངས་ཀྱི་ཡོན་ཏན་འབུམ། ‘

ཅིག་ཅར་འཕྲོག་པའི་རྩོམ་རིག་ཁུ་བྱུག་གླུས། །

རིག་པའི་དཔལ་ཡོན་གསར་སྐྱེས་པད་མོའི་རྫིང་། །

ཆགས་པའི་མེ་ཡིས་བསྲེགས་བཞིན་དམར་བར་བྱས། །

ཁྱོན་ཡངས་རྔམས་མཐུག་གངས་ཅན་རིག་གཞུང་གི །

ས་ཞིང་གཤིན་པོ་མ་མའི་ལྟོ་བ་ལས། །

ལེགས་འཁྲུངས་སྙན་རྩོམ་མྱུག་གསར་བུ་ཆུང་ཡང། །

ཤེད་མེད་རྩི་རྒོད་རྒན་པོ་འབུམ་ལས་རྒྱལ། །

འོན་ཀྱང་ལྗང་བུ་ལས་ནི་ལོ་ཏོག་དང་། །

གོག་འགྲོའི་བུ་ཆུང་སྟོབས་རྩལ་རྫོགས་པའི་མིར། །

འགྱུར་བ་ཆུ་ལུད་དྲོད་གཤེར་འཛོམས་པ་དང་། །

ཕ་མས་སྙོར་སྐྱོང་བཟང་བོའི་རྐྱེན་ལ་བལྟོས།

སྔོན་ཆད་ཕྱོགས་འདིར་མཉམ་འཇོག་བྱེད་མཁན་ཉུང་། །

རྩོམ་རིག་གཞུང་ཡང་ཐར་ཆགས་བསྒྲིགས་པ་མེད། །

དེའི་ཕྱིར་དེང་དུས་རྩོམ་རིག་གཞུང་ལུགས་ལས། །

ཉེར་མཁོ་བཅུད་དུ་བསྡུས་པ་རགས་ཙམ་སྤེལ། །

འདུས་བྱས་འཇིག་རྟེན་དངོས་པོ་ཇི་སྙེད་པའི། །

རྣམ་པ་ཤར་བའི་རྩོམ་རིག་ཨ་དར་ཤ །

རྗོད་བྱེད་ཚིག་གི་ཤེལ་དཀར་ཞུན་མ་ལས། །

ངག་བཟོ་མཁས་པས་རྣམ་དཔྱོད་རྩལ་གྱིས་བསྐྲུན། །

སྙན་རྩོམ་དུས་གསུམ་བྱུང་དང་འབྱུང་འགྱུར་གྱི། །

བེམ་ཤེས་དངོས་པོའི་སྣང་ཚུལ་རས་གཞི་ལ། །

རང་གི་ཉམས་སྣང་ཚོན་མདངས་སྣ་ཚོགས་ཀྱིས། །

རྟོག་པའི་སྣང་བརྙན་གཟུགས་མཚར་འབེབས་པའི་གཏམ། །

ཕྱི་སྣོད་འཇིག་རྟེན་ནང་བཅུད་སེམས་ཅན་གྱི། །

རིགས་གཟུགས་རང་བཞིན་རྣམ་འགྱུར་ཁྱད་ཆོས་དང་། །

བསམ་པའི་འདུ་ཤེས་ཁྱད་པར་མཐའ་ཡས་པ། །

རྩོམ་རིག་གཏེར་བརྒྱ་བརྡོལ་བའི་འབྱུང་ཁུངས་ཡིན། །

ཚིག་གི་བརྗོད་བྱ་ཕྱི་ཡི་གདོས་བཅས་གཟུགས། །

དོན་གྱི་དགོངས་པ་ནང་གི་རྣམ་ཤེས་ཉིད། །

སྲོག་མེད་བེམ་རོ་མཛེས་ཀྱང་སུ་ཡིས་འཁྱུད། །

བེམ་གཟུགས་མེད་པར་རྣམ་ཤེས་གང་ལ་བརྟེན། །

མེ་ཏོག་འབུམ་ཕྲག་དཀྲིགས་པའི་དགའ་ཚལ་ལས། །

ལ་ལས་གུར་ཀུམ་ལ་ལས་ཀུ་མུ་ད། །

ལ་ལས་ཨུཏྤལ་ལ་ལས་སེ་བ་འཐུ། །

དགའ་ཞེན་བག་ཆགས་དབང་གིས་སོ་སོར་ཕྱེས། །

དད་ལྡན་མེ་ཏོག་བཙུགས་པ་མཆོད་པའི་ཕྱིར། །

ན་ཆུང་མེ་ཏོག་བཙུགས་པ་རྒྱན་གྱི་ཕྱིར། །

ཚོང་བས་མེ་ཏོག་བཙུགས་པ་རིན་གྱི་ཕྱིར། །

བསམ་པའི་དམིགས་ཡུལ་སྟེང་ནས་ཐ་དད་གྱུར། །

དྲི་ཞིམ་མེ་ཏོག་བཏུས་ནས་ལྷ་ལ་འབུལ། །

ཞིམ་མངར་ཤིང་ཏོག་བཏུས་ནས་གྲོགས་ལ་སྦྱིན། །

གཞུང་ཤིང་དྲང་བོས་རང་སྐྱོབ་ཁང་བ་འབུབས། །

ཡལ་ག་འཁྱོག་པོ་ཁྱི་གཏགས་དབྱུག་པར་མཁོ། །

ལ་ལས་རྨ་ཐོག་གཙགས་བུ་འདེབས་ལ་དགའ། །

ལ་ལས་འབག་སྐུར་གསེར་ཞལ་གཏོང་ལ་དགའ། །

རྒྱུ་ཡི་ཀུན་སློང་ཐ་དད་ཙམ་མིན་ཏེ། །

འབྲས་བུའི་ཕན་གནོད་སྟེང་ནས་ལེགས་ཉེས་ཕྱེད། །

མེ་ཏོག་མཛེས་པ་ཙམ་གྱིས་ཤིང་བཟང་མིན། །

ཚེར་མ་མང་བ་ཙམ་གྱིས་ཤིང་ངན་མིན། །

ཤིང་འབྲས་དྲི་རོ་དང་ནི་བཅུད་ཆེ་ཆུང་། །

ཞུ་རྗེས་ཁྱད་པར་དག་ལས་བཟང་ངན་ཕྱེ། །

དོན་གྱི་གཤིས་ལ་སྣང་བའི་མཚན་མ་དང་། །

བློ་ཡིས་ཞེན་པས་བཏགས་པའི་མཚན་མ་གཉིས། །

འོ་ཆུ་གཅིག་འདྲེས་རང་བཞིན་ཡིད་འོང་སྡུག །

ལྡོག་ཕྱོགས་མི་སྡུག་མཚན་མ་སོ་སོར་འཛིན། །

རྫ་བུམ་སེང་གེའི་འོ་མས་བཀང་བ་དང་། །

གསེར་བུམ་མི་གཙང་རྟུག་པས་བཀང་བའང་ཡོད། །

སེང་གེའི་འོ་མ་གསེར་བུམ་གཉིས་འཛོམས་རབ། །

མིན་ན་སྔ་མ་དེ་ལེན་ཕྱི་མ་སྤོངས། །

རྨོངས་པའི་གཉིས་ལས་སད་བྱེད་འབྲུག་གི་སྒྲ། །

གཤིས་ངན་དུག་སྦྲུལ་ཚང་གཏོར་གནམ་ལྕགས་ཐོག །

ཡ་རབས་སྣང་བའི་ལམ་སྟོན་ནམ་མཁའི་ནོར། །

དགོངས་གཞིར་བྱས་པ་སྙན་རྩོམ་མཆོག་ཏུ་བསྔགས། །

དྲི་ངན་འཐུལ་བའི་ཁྱི་ལུད་བསྲེག་པ་དང་།  །

གཡང་སར་ཁྲིད་པའི་ཐེའུ་རང་ལམ་མཁན་དང་། །

དྲན་རིག་སྨྱོ་བྱེད་དུག་གི་ཁུ་བ་རྣམས། །

མི་གཙང་ཕྱགས་ལུད་ལྟ་བུའི་དོར་བྱ་ཡིན། །

མངར་མིན་ཁ་མིན་སོག་རྡུལ་བལྡད་པ་དང་། །

སྨན་མིན་དུག་མིན་ཆུ་དཀར་བཏུང་བ་དང་། །

སྣང་མིན་མུན་མིན་ལོགས་རིས་སྒྲོན་མེ་དག །

དྲི་ཞིམ་མེ་ཏོག་མ་ཡིན་ལྡུམ་བུའང་མིན། །

སྦྲང་བུས་མེ་ཏོག་མང་པོའི་བཅུད་འཐུངས་ནས། །

ཞིམ་མངར་སྦྲང་རྩི་སྐྱུག་པར་བྱེད་པ་བཞིན། །

རྣམ་མང་ཤེས་བྱའི་དོན་ལ་ངེས་རྙེད་པ། །

སྙན་རྩོམ་སྤུས་ལེགས་འབྱུང་བའི་དངོས་རྒྱུ་ཡིན། །

རང་ཤོང་ཁུང་བུར་འཁྲེན་པའི་བྱི་ལོང་གིས། །

ཡངས་པའི་འཇིག་རྟེན་རྒྱ་ཁྱོན་ཇི་ལྟར་རྟོགས། །

ཉི་འོད་ངོམས་མེད་འཐུང་བའི་ཟླ་གཞོན་གྱིས། །

གླིང་བཞིའི་མུན་པ་སེལ་བའི་ཚུལ་ལ་ལྟོས། །

འོ་མའི་ཁ་ལས་འོ་ཞག་བཅད་པ་བཞིན། །

ཞག་དེ་བསྲུབས་ནས་ཉིང་བཅུད་ལེན་པ་བཞིན། །

བརྗོད་བྱར་བླངས་པའི་དོན་གྱི་འོ་མཚོ་ལས། །

དོན་གནད་ཉིང་བཅུད་མར་གསར་ལེན་པར་བྱ། །

དབང་བོའི་ཡུལ་དང་དབང་ཡུལ་ལས་འདས་པའི། །

བརྗོད་བྱའི་དོན་གྱི་སྣང་བརྙན་མངོན་སུམ་བཞིན། །

བློ་ཡི་མེ་ལོང་ངོས་ལ་གསལ་སེང་ངེར། །

འགོད་པའི་རྩོམ་སྟངས་རྩོམ་རིག་ཀུན་གྱི་སྲོག  །

དེ་ཡང་དངོས་པོའི་གདོད་མའི་རྣམ་པ་དེ། །

གཟུགས་སུ་ཕབ་པའི་འདྲ་རིས་ཙམ་མིན་པར། །

རྩོམ་པའི་ཀུན་སློང་དང་ནི་དམིགས་ཡུལ་ལས། །

བསལ་གསེ་འདོར་ལེན་ཅི་དགར་བྱེད་པ་ཡིན། །

ཕྱི་ཡུལ་དངོས་པོ་ནང་སེམས་རྣམ་འགྱུར་གྱི། །

རྩ་བའི་རང་བཞིན་གང་ཡིན་དམ་བཟུང་སྟེ། །

འབག་བཟོས་ལག་པས་འདམ་བཞིན་ཁྱད་པར་གཟུགས། །

རྟོག་བཟོའི་སྣང་བརྙན་བདེན་པར་འཁྲུལ་བ་བསྐྲུན། །

ནང་ཉམས་མི་རིགས་དབང་གིས་ཁྱད་ཡོད་མིན། །

ཚིག་སྦྱོར་སྐད་རིགས་དབང་གིས་ཁྱད་མེད་མིན། །

རང་རྩོམ་ལ་ནི་གཞན་སྐད་ཤན་ཞུགས་པ། །

བརྡ་སྤྲོད་ལུགས་ལ་བློ་མིག་ལྡོངས་པའི་རྟགས། །

རྡུལ་ཕྲན་གཅིག་ལས་རྡུལ་ཀུན་གྲུབ་ཚུལ་ཤེས། །

མེ་ལོང་གཅིག་ལ་གཟུགས་བརྙན་འབུམ་ཕྲག་འཆར། །

དོན་གནད་ལྐོག་འབྱིན་ཚིག་སྦྱོར་གཅིག་གིས་ཀྱང་། །

ས་སྤུངས་རྡོ་སྤུངས་ཤུ་ལོཀ་འབུམ་ལས་ལྷག །

གསེར་ཕྱིར་བྲག་རི་གསིལ་བའི་བརྩོན་པ་དང་། །

གསེར་ཕྱེ་སོ་སོར་ཕྱེད་པའི་ཤེས་རབ་དང་། །

བཙོ་བསྲེག་བཞུ་བཏུལ་བཟོ་རྩལ་མཁས་པ་སྟེ། །

གསུམ་འཛོམ་དེ་ལ་གསེར་གྱི་རྒྱན་མཆོག་འཐོབ། །

ལ་ལའི་ཚིག་སྦྱོར་ཆུ་དྭངས་ཉ་མོ་བཞིན། །

ལ་ལའི་ཚིག་སྦྱོར་ཆུ་རྙོག་རྡོ་མི་མཐོང་། །

གབ་ཚིག་ལྟ་བུའི་དགོས་པ་གཞན་མེད་ན། །

སྔ་མ་ཡོན་ཏན་ཕྱི་མ་སྐྱོན་དུ་བལྟ། །

ལ་ལས་ཚིག་དང་ལ་ལས་དོན་ལ་སྲེད། །

འགའ་ཞིག་ཚིག་དོན་གཉིས་ཆར་གལ་ཆེར་འཛིན། །

རིམ་བཞིན་གླིང་བུའི་སྒྲ་དང་གཅེར་བུའི་ལུས། །

འཕྱོར་སྒེག་རྒྱན་ལྡན་མཛེས་མ་དཔེ་རུ་འོས། །

ཚིག་གི་སོག་མ་ཤིང་རྟས་མི་ཐེག་པར། །

དོན་གྱི་འབྲས་བུ་སྤར་གང་མེད་པ་ལས། །

རྗོད་བྱེད་མེ་ལོང་མཐེབ་ཀྱུ་ཙམ་གྱི་ངོས། །

བརྗོད་བྱའི་སྣང་བརྙན་འབུམ་ཕྲག་ཚུད་པ་བྲིན། །

མཚོན་བྱ་དོན་གྱི་རང་བཞིན་ཁྱད་ཆོས་དང་། །

རྗོད་བྱེད་ཀུན་སློང་མཚོན་ནུས་མཚོན་དཔེ་ཚོལ། །

དཔེ་དོན་འབྱོར་མིན་མི་བརྟག་གང་བྱུང་དུ། །

སྦྱར་ན་གཡག་རྭ་བོང་མགོར་སྦྱར་བ་བཞིན། །

ཚད་ལས་བརྒལ་བར་བརྗོད་པའི་ཕུལ་བྱུང་དང་། །

རང་བཞིན་ཁྱད་ཆོས་སོགས་ལ་བསྙོན་བཙུགས་པས། །

བརྗོད་བྱའི་རང་བཞིན་ཁྱད་ཆོས་འབུར་དོད་དུ། །

སྟོན་པ་སྐྱ་ཐིག་སྟེང་དུ་ཚོན་བསྒོས་འདྲ། །

བརྗོད་དོན་དངོས་སུ་བརྗོད་མིན་མཚོན་དོན་གྱི། །

དངོས་པོ་གཞན་ཞིག་བརྗོད་བྱར་བྱས་པ་ལས།

བརྗོད་དོན་དངོས་དེ་དོན་གྱིས་རྟོགས་བྱེད་པའི། །

བསྡུས་བརྗོད་སྙན་ཚིག་མཛོད་ཀྱི་ཡིད་བཞིན་ནོར། །

མིག་ཟུར་ལ་སོགས་བརྡ་ཐབས་ཕྲ་མོ་ཡིས། །

འདོད་དོན་སྦས་པའི་ཚུལ་གྱིས་མཚོན་པ་དང་། །

ཚིག་ཟུར་ལས་ནི་བརྗོད་དོན་གཞན་སྟོན་པའི། །

ཚིག་སྦྱོར་བུ་རམ་སྒོར་མའི་རོ་དང་འདྲ། །

ཕྱི་ཡི་ལུས་ཀྱི་བྱ་སྤྱོད་ཁ་ཡི་ཚིག །

གདོང་དང་མིག་གི་རྣམ་འགྱུར་བརྗོད་པ་ལས། །

ནང་སེམས་དགའ་སྡུག་ཆགས་སྡང་བག་ལ་ཉལ། །

སྟོན་པའི་ཚིག་སྦྱོར་བྱང་ཁོག་ལྟ་བའི་ཤེལ། །

སེམས་ལྡན་མི་ཡི་ཁྱད་ཆོས་སེམས་མེད་ཀྱི། །

དངོས་པོ་སྟེང་དུ་འདོད་པས་བཏགས་བྱས་ཏེ། །

སེམས་མེད་སེམས་ལྡན་ཁྱད་ཆོས་ལྡན་པ་ཡི། །

གསོན་ཉམས་སྟེར་བའི་ཐབས་མཆོག་རབ་རྟོག་བསྟེན། །

ཚིག་ཕྱིར་དོན་འཚོལ་ལོང་བས་ལག་སྙོབ་ལྟར། །

གང་བྱུང་མ་ཡིན་དོན་ཉམས་ཐོན་པའི་གསོས། །

སྒྲ་རྒྱན་སྙན་འཇེབས་གླུ་མའི་མགྲིན་པའི་གདངས།

པི་ཝང་གླིང་བུའི་སྒྲ་དང་བསྡེབས་བཞིན་སྙན། །

མཚོ་ཡི་ནང་གི་གསར་སྐྱེས་པདྨོ་བཞིན། །

དཔེ་ཡང་གསར་བ་གསར་བ་སྦྱོར་བ་དང་། །

ཉམས་ཡང་གསར་བ་གསར་བ་འདོན་པ་གལ། །

མི་བརྒྱ་ཚིག་གཅིག་རྩོམ་ལ་མཚར་ཅི་ཡོད། །

ཚིག་སྦྱོར་གྱོང་བ་མི་ལེགས་ནུས་མེད་པ། །

སོ་ཡིས་མི་ཆོད་རུས་ཀོང་ཁར་བཞག་དང་། །

ཤ་ལ་མི་འབྱར་ཀོ་སྐམ་ལུས་གཡོགས་དང་། །

གནད་ལ་མི་ཕིགས་ཞན་འབིགས་བཟུང་བ་བཞིན། །

བརྗོད་བྱའི་དོན་གྱི་གནད་འགག་སྤར་བཅངས་ཏེ། །

སྒྲ་ཇི་བཞིན་དང་ཇི་བཞིན་མིན་པ་དང་། །

དངོས་སྟོན་ཤུགས་སྟོན་དོན་གྱིས་སྟོན་པ་སོགས། །

རྩོམ་ལུགས་སྣ་མང་སྐབས་བབ་གང་མཁོ་གདམ། །

ནམ་མཁའི་དབྱིངས་སུ་ཟླ་བའི་རང་གཟུགས་མཐོང་། །

མཚོ་ཡི་ནང་དུ་ཟླ་བའི་གཟུགས་བརྙན་མཐོང་། །

ཀུ་མུད་འདབ་ལས་ཟླ་བ་འཆར་ནུབ་ཤེས། །

བརྗོད་བྱ་སྟོན་པའི་ཐབས་ཚུལ་དེ་ལས་ཤེས། །

ལ་ལས་ཉིན་བྱེད་ཚ་དྲོད་འབར་བ་དང་། །

འོད་སྣང་གསལ་བའི་ཆ་ནས་ཁྱད་འཕགས་སྟོན། །

ལ་ལས་གྲང་ངར་མུན་སྟུག་བཟློག་དཀའ་བ། །

ལྷག་མེད་བསལ་བའི་ཆ་ནས་ཁྱད་འཕགས་སྟོན། །

མེ་ཏོག་གསར་སྐྱེས་གཅིག་ལས་དབྱར་དུས་ཤེས། །

ཤིང་ལོ་སེར་བོ་གཅིག་ལས་སྟོན་དུས་ཤེས། །

སྙན་རྩོམ་བཟང་བོ་ཚིག་ཉུང་དོན་མང་བ། །

རྡུལ་ཕྲན་གཅིག་ཏུ་གཟུགས་ཁམས་འདོམས་པ་བཞིན། །

བསམ་པ་རྣམ་དག་སྤྱི་ཚོགས་དོན་ལ་དམིགས། །

ལྟ་བ་རྣམ་དག་ལོ་རྒྱུས་འཁོར་ཕྱོགས་མཐུན། །

སྤྱོད་པ་རྣམ་དག་གཞན་གྱིས་མ་ཐོན་པའི། །

མཐོ་ཟབ་གསར་བའི་ཁྱད་ཆོས་གདོན་པར་བྱ། །

འདམ་གྱི་རྒྱུ་ཆ་གཅིག་ཀྱང་བཟོ་བོ་ཡིས། །

ལག་རྩལ་ཁྱད་ཀྱིས་བཟོ་སྐུའི་ཉམས་བཟང་ངན། །

ཐ་དད་འབྱུང་བཞིན་རྩོམ་ཡང་རྩོམ་མཁན་གྱི། །

སྐྱེས་སྦྱངས་བློ་རྩལ་ལས་ནི་ཐ་དད་འབྱུང་། །

སྙན་རྩོམ་ཡིན་མིན་ངོ་བོའི་སྒོ་ནས་འབྱེད། །

ཚིགས་བཅད་སྙན་རྩོམ་ཁྱབ་མཉམ་འདོད་པ་འཁྲུལ། །

ཚིགས་བཅད་ཡིན་ལ་སྙན་རྩོམ་མིན་པ་དང་། །

སྙན་རྩོམ་ཚིགས་བཅད་མིན་པའང་མངོན་སུམ་གྲུབ། །

གཞུང་ལུགས་འཆིང་ཞགས་མ་ཡིན་སྒྲོན་མེ་ཡིན། །

གོ་རིགས་སྤྲང་ལག་མ་ཡིན་གཤོག་ཟུང་ཡིན། །

རྩོམ་འཆད་གཞན་ཟེར་དཔར་ཤིང་ཙམ་མིན་པར། །

ཉམས་རྟོགས་རང་འོད་འཕྲོ་བའི་ཉི་ཟླ་མཛོད། །

ནང་གི་མུན་པའི་གོ་འཕང་འཇིག་བྱེད་ཅིང་། །

མཚན་མོར་རྒྱུ་བ་རྣམས་ཀྱང་སྐྱོབ་བྱེད་པའི། །

རྩོམ་རིག་ལེགས་བཤད་ཉི་མ་གསར་བ་འདི། །

གདོང་དྲུག་སྙེམས་བློས་བློ་མཚོ་བསྲུབས་ལས་སྐྱེས། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།