ཀྲུང་གོ་བོད་ཀྱི་དྲ་བ།

​ཀླད་ཁུའི་སྙན་ངག་ཚན་པ་གཉིས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ​ཀླད་ཁུ   སྤེལ་དུས། : 2020-03-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འཆི་བདག  ང་རང་སུན་སོང་།

གཉིད་མི་ཟིན་པའི་ལོ་ཟླ་དག་ཏུ

བྲང་ཁོག་ཏུ་ཁ་བ་འབབ་པའི་ཤུལ་ལུས


ཞབས་མེད་པའི་གྲོག་མོ་ཞིག

མཚན་མོ་དུ་མའི་ཚང་དུ་གྱུར


སྲང་ལམ་དག་ཏུ

ལམ་རིང་པོ་ཞིག་དང

ལམ་ཐུང་ངུར་ཞིག་བསྲིངས

དེའི་སྟེང་དུ་འབག་གྱོན་པའི་མི་ཞིག་འགྲོ་འོང་བྱེད


ཉི་མ་མགོ་ཀླད་དུ་ཤར་བ་ནས

སྐྲ་ལོའི་གཏིང་ལ་འགུལ་བའི་ན་ཟུག་དག

དབྱར་ཁའི་ནམ་ཟླ་ལ་འདྲེས་ནས

སྟོན་ཁའི་ཟླ་བ་ཤར་བའི་རྩྭ་ཐང་ཁེར་རྐྱང་དུ་བསྐྱུར


ཁེར་རྐྱང་ངང་བསྡད་ན

ཤ་རུས་ཀྱི་གསེང་ནས་དུད་སྤྲིན་འཁྱུད

དུད་སྤྲིན་ནང་དུ་རི་དྭགས་ཞོགས

རི་དྭགས་དེ་དག

དུས་ཚོད་ཀྱི་བཙོན་པ་ཡིན

ཡང་ན་ནམ་མཁའ་འདིའི་འཇའ་ཡིན

འཇའ་དེ་ངའི་བྲང་གཞུང་གི་དབྱར་ཁར་ཕོག་ནས་ཡུན་རིང་འགོར


ང་རང་སུན་སོང

ང་རང་དངོས་གནས་སུན་སོང

འཇའ་དེའི་ནང་དུ་ངའི་སེམས་ཀྱི་གཞིས་ཀ་མི་འདུག

གཞིས་ཀ་དེའི་ཞབས་བྲོ་དང་སྐྱོ་གདུང་མི་འདུག


ཁྱོད་རང་གཉིད་ཡོད་དམ།

ནམ་སྟོད་དུ་བསླེབས་རྗེས

ང་རང་ཁྱོད་ལ་ཡོངས་སུ་ཡིད་སྨོན་སྐྱེ་ཡོང

དེ་དུས་ཟླ་བའི་ནང་གི་རྒྱང་རིང་ཁྱོད་ཀྱི་ཕྱོགས་ལ་འདུག

སྣང་བར་མ་གྱུར་པའི་སྐུད་པའི་སྣེ་ཡང་ཁྱོད་སར་འདུག

སྣེ་གཡོན་དུ་མེ་ཏོག་གི་མདའ་མོ་ཟུག

སྣེ་གཡས་སུ་རིན་ཆེན་གཞུ་ཡི་ཞེན་ཆགས་ལྷུང


ཁྱོད་ནམ་སྟོད་དུ་གཉིད་ཡོད་ངེས

གཉིད་ཀྱི་ནང་དུ་གཙང་བོ་བཞུར་ངེས

གཙང་བོ་ནང་དུ་རླུང་བུ་འཁོར་ཡོད་ངེས

རླུང་བུ་དེས་ཆུ་ཡི་གཉེར་མ་རབ་ཏུ་དཀྲུགས་པས

ནམ་སྟོད་ཀྱི་དུས་ཚོད་ལས་ཕ་རོལ་གྱི་མཐའ་མངོན་པར་བྱེད


ཁྱོད་རང་གཉིད་ཡོད་དམ

ང་རང་གཉིད་མི་ཟིན་པར་ལུས་ཏེ

ནམ་སྟོད་འདིར་དོན་མེད་པར

ངས་ཁྱོད་ཀྱི་ཕ་རོལ་དང་ཚུར་རོལ་གྱི་མཐའ་དེ་དྲན་སོང་།


微信图片_20200327094555.jpg

ངས་རང་ཉིད་མཚོན་བྱེད་དུ་ཀླད་ཁུ་ཞེས་བརྡ་བཙན་པོ་ཞིག་སྦྱར་ཡོད། སྡོད་གནས་ཡུལ་ཤུལ་ནང་ཆེན་ནས་ཡིན།  དངོས་མིང་དཔལ་ལྡན་ཞེས་བོས་ཆོག ང་རང་གསར་རྩོམ་གྱི་ལམ་དུ་ཞུགས་ནས་ལོ་འགའ་རེ་ཡིན། དེ་ནི་རང་གི་རུས་པའི་གསེང་གི་གཟེར་ཟུག་ལ་བཤགས་པ་བྱས་པར་བརྩིས་ཡོད། དེ་མཚུངས་སུ་བརྩམས་ཆོས་འགའ་རེ་དུས་དེབ་དང་ལོ་དེབ་ཚགས་པར་སོགས་སུ་འཁོད་ཡོད། ད་རུང་མུ་ནས་མུན་ནག་ལ་རྐྱ་འཐབ་པའི་འཚོ་བ་ཞིག་སྐྱེལ་བའི་འཆར་གཞི་ཡོད།

རྩོམ་སྒྲིག་པ། : འབུམ་པ་རྒྱལ།