སྨན་ཞབས་དཔའ་མོ་ཆོས་སྐྱིད་སྒྲོལ་མ་དང་བཅས་པར་ཕུལ་པ་དུངས་སེམས་རླབས་ཀྱི་ཟེགས་མ།
སྔོ་བསང་མཁའ་ཡི་སྤྲིན་དཀར་བླ་བྲེས་ཀྱི་དབུས་ནས། །
དུང་མདོག་ཟླ་བའི་ལྷ་མོ་མི་ཡུལ་དུ་ཕེབས་འདྲ། །
སྐྱེས་གཟུགས་སྨྱུག་ལོ་ལྡེམ་པའི་ཚེམས་ཕྲེང་གི་བར་ནས། །
དགེ་ལེགས་ལམ་སྣེ་སྟོན་པའི་བྱེད་པོ་དེས་སྐྱོངས་ཤིག །
སྣང་བ་བན་བུན་མཁའ་ཡི་འཇའ་ཚོན་ལ་འཁྲུལ་ནས། །
རྟག་འཛིན་ཁེངས་པའི་རི་བོ་གནམ་འདེགས་ཀྱི་ཀ་བ། །
ཁེར་རློམ་གྲོགས་སུ་ཉར་བས་ཅི་བྱས་ཀྱི་བྱ་བ། །
རང་སྡུག་རང་གིས་ཉོ་འདི་སྙིགས་དུས་ཀྱི་འཚོ་བ། །
ཡང་དག་སློབ་གསོའི་རྩ་བ་གཞན་ཕན་དང་ལྷག་བསམ། །
གནད་ཀྱི་དོན་པོར་འཛིན་པ་མིའི་རིགས་ལ་འོས་ཀྱང་། །
དེ་ནི་རྩྭ་དང་ཤིང་བཞིན་སྣང་མེད་དུ་བསྐྱུར་ནས། །
ཚེ་སྲོག་གཟན་དུ་ཟ་བའི་མཇུག་འབྲས་འདིས་སྐྱོ་བ། །
གང་ནའང་རིམས་ཀྱི་རླུང་ཡན་ཤུར་ཤུར་དུ་ལྡང་བས། །
འགྲོ་བ་མི་ཡི་རིགས་ལ་བྲེད་ཤ་ཞིག་བསླངས་ཀྱང་། །
སྣ་མང་མི་ཡི་གཅིག་སྒྲིལ་སྟོབས་ཤུགས་ཀྱི་ནུས་པ། །
བརྒྱ་བྱིན་མཚོན་ཆ་རྣོན་པོའི་རང་གཤིས་སུ་གྲུབ་པ། །
ཁྱད་པར་བདག་པོ་མཆོག་གི་བཀའ་རྒྱ་ཡི་ཟིལ་ལས། །
མང་མང་འགན་འཁྲི་མི་ཡོལ་མཚོ་རླབས་དང་མཚུངས་པར། །
དུས་སུ་གང་མཁོ་སྨན་བཅོས་ལས་ཐོག་ཏུ་འབྱོར་པས། །
གྲངས་མང་ནད་པ་ལྔ་བའི་ལམ་ཁ་ལས་བསྐྱབས་སོང་། །
ཅི་དང་གང་ལ་བལྟས་ན་གཞན་ཕན་གྱི་བསམ་བློ། །
སྣ་གཅིག་ཁུར་དུ་འཆང་བ་ལྷ་རྗེ་དང་སྨན་ཞབས། །
ལས་རིགས་སོ་སོའི་དཔུང་གི་ཚོགས་པ་དང་བཅས་ཏེ། །
ན་བཟའ་དམར་པོ་ཅན་ཚོའི་མཛད་རྗེས་ལ་ཡི་རངས། །
ཁྱད་པར་གོས་དཀར་ནམ་མཁའི་གླང་བོ་ཡི་ཤུགས་འཆང་། །
བརྒྱ་ཕྲག་སྟོང་ཚོ་དང་བླངས་ལས་འགུལ་ལ་ཞུགས་ཏེ། །
རིམས་ནད་ཡམས་ཀྱི་ཀློང་ན་རྟོལ་མེད་དུ་ལུས་པའི། །
ཉམ་ཐག་ནད་འགན་འཁུར་བའི་ལྷ་རྗེ་ཚོར་ཡི་རངས། །
རྒས་ཤིང་འཁོགས་པའི་ལོ་ལོན་ཕ་ཡུལ་དུ་བསྐྱུར་ཅིང་། །
གཅེས་ཤིང་ཕངས་པའི་བུ་ལོ་མལ་སྟན་དུ་དོར་ནས། །
རྒྱང་རིང་ནད་རིམས་གཡུལ་གྱི་སྦྱོར་བ་ལ་ཞུགས་པའི། །
གཞན་ཕན་ལྷག་བསམ་གཉེར་བའི་ལྷ་རྗེ་ཚོ་མཛངས་ཨང་། །
འབྲལ་དཀའ་གཉེན་གྱི་དྭངས་མའི་མཛེས་པ་ལ་མ་ཆགས། །
རིན་བྲལ་རང་སྲོག་དམར་པོའི་གེགས་རྐྱེན་ཀྱང་མ་བསམ། །
གཅིག་ཏུ་རྒྱལ་འབངས་ཆག་སྒོའི་གནས་བབས་ལ་བསམ་པའི། །
ངོ་མཚར་དང་བླངས་ལྷ་རྗེའི་སྙིང་སྟོབས་དེར་དུངས་ཨང་། །
ཁྱད་པར་གངས་དཀར་ལྷ་མོའི་ཆབ་རྒྱུན་ལས་འཁྲུངས་་ཤིང་། །
ཡང་དག་སློབ་གསོ་མར་གྱི་ཉིང་ཁུ་ཡིས་གསོས་པའི། །
བྲག་སྲིན་སྤྲེའུའི་ཁམས་དང་དྭངས་མ་ཡི་ཟུངས་ལྡན། །
གང་གི་ཁྱད་འཕགས་ཀུན་སྤྱོད་འཛམ་གླིང་གི་མིག་དཔེ། །
སྒོས་སུ་ཡ་གླིང་ཤར་གྱི་རིམས་རྫོང་ན་གཅེས་པའི། །
སྲོག་གི་རྒྱུ་བས་ནད་པར་བྱམས་སྐྱོང་གིས་གཉོར་བའི། །
རིགས་ཀྱི་མཛངས་མ་ཆོས་སྐྱིད་སྒྲོལ་མ་ཡི་མཚན་སྙན། །
ཇི་སྲིད་བསྐལ་བར་ཀུན་ཀྱི་མིག་དཔེ་རུ་གྱུར་ཅིག །
འདི་ལྟར་གྲྭ་རྐྱང་སེམས་པ་བྱིའུ་ཆུང་གི་གཤོག་རླབས། །
མཐའ་བྲལ་ནམ་འཕང་སྐྱོད་ལ་སྨོན་པ་ནི་ཤོར་ཀྱང་། །
ཅི་ཙམ་ནུས་པ་རང་གི་སེམས་ངོ་ན་གསལ་བས། །
ཡིག་ཕྲེང་འདི་ཡིས་གདུང་སེམས་མཉམ་བསྐྱེད་ཅིག་ཞུའོ། །
སྣ་མང་མི་རིགས་རྐང་འཐུང་ནགས་ཚལ་གྱི་ལྗང་ལོ། །
འཛམ་གླིང་ལྷོ་ཡི་རི་ལ་ལྷན་འཛོམས་ཀྱི་དཔྱིད་ཀ །
གཅིག་གྱུར་མཐུན་སྒྲིལ་དམ་པའི་ཚལ་ཡངས་སུ་རྩེན་པས། །
མཛེས་སྡུག་མེ་ཏོག་ཟླུམ་གཟུགས་མཛེས་རྒྱན་དུ་སྨོན་ནོ། །
རྩོམ་སྒྲིག་པ། འབུམ་པ་རྒྱལ།
སྨན་ཞབས་དཔའ་མོ་ཆོས་སྐྱིད་སྒྲོལ་མ།