ཚེ་རིང་བཀྲ་ཤིས། པིར་མིང་ལ་རུས་པ། མཚོ་ལྷོ་མང་རྫོང་བྱ་མདོ་ཆོས་ཚ་སྡེ་བ་རུ་སྐྱེས། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི། ད་ལྟ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དུ་བྱ་བ་སྒྲུབ་བཞིན་མཆིས། ལས་ཞོར་དུ་གསར་རྩོམ་བྱས་པའི་རླུང་འཕྲིན་འཁྲབ་གཞུང《པ་སངས་ཀྱི་རྨི་ལམ》དང《གསར་འགོད་པ་ཞིག་གི་ཉིན་བཅུའི་ཟིན་ཐོ》 《གྲོང་ཁྱེར་གྱི་འཚོ་བ》《རྒྱང་རིང་གི་ཉི་མ་སྡེ་བ》བཅས་རླུང་འཕྲིན་འཁྲབ་གཞུང་ལྔ་ལ་རྒྱལ་ཡོངས་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་རིག་རྩལ་ལེ་ཚན་བརྗེ་རེས་སྟེང་སོ་སོར་བྱ་དགའི་འབྲས་བཟང་ཐོབ་མྱོང་། འཐུས་ཚབ་དུ་འོས་པའི་སྙན་ངག་ལ། 《མཐའ་མཇུག་གི་རྩྭ་ཐང་དང་དེའི་རྫི་བོ》 《བུ་ལ་གནང་བའི་སྙན་ངག》 《བདེ་བློན་བང་སོར་མཇལ་བ》 《འཕྱོངས་རྒྱས་ཟླ་བ་སྒྲོལ་མ》 སོགས་ལས་གཞན། གཞས་ཚིག་བརྩམས་ཆོས་ལའང 《ཧི་མ་ལ་ཡའི་སྲས་མོ》 སོགས་དྲུག་ཅུར་ཉེ་བ་ལྷག་ཡོད། ༢༠༡༨ལོར་སྦྲང་ཆར་རྩོམ་སྒྲིག་ཁང་གིས་གཙོ་སྒྲིག་བྱས་པའི་སྨིན་དྲུག་དེབ་ཕྲེང་ལས༼རྡོ་ལས་བཞད་པའི་ལྷ་ས༽ཞེས་པ་པར་བསྐྲུན་འགྲེམས་སྤེལ་བྱས།
རྟའུ།
ལོ་ངོ་ཁ་ཤས་སྔོན་དུ།
དར་རྩེ་མདོ་ནས་མོ་ཏྲ་རྙིང་བ་ཞིག་ཉོས།
དེ་དུས་ཁྱེད་རང་བརྒྱུད་ནས་ཡུལ་ལ་ལོག
རི་ཆུའི་སྣོད་བཅུད་དྭངས་ཤིང་གསལ།
ནས་ཀྱི་འབྲས་བུ་ཁུར་དུ་ལྕི།
ཡུལ་མིའི་སྐུ་ཁམས་བདེ་ཞིང་ཐང་།
ཁྱེད་ཀྱང་ཆུང་ནས་འདྲིས་པའི་གངས་ལྗོངས་ཡིན་པས།
རྡོ་ཁང་གྲུ་བཞི་དག་ལ་དོ་སྣང་ཆེར་མ་བྱུང་།
གསར་འགྱུར་ལས།
མགྲིན་པ་བརྣངས་པའི་ཐ་སྙད་དག་མིད་པར་ཁེགས་ནས་ཡུན་རིང་འགོར།
མིག་ཆུ་ཁོ་ནས་ཞེ་ལ་ཐོགས་པའི་རི་མོ་འབྲི།
མིག་ཆུ་ཁོ་ནས་ཡུལ་གྱིས་བསྐལ་བའི་བར་ཐག་བསྐུམས།
ཉི་འོད་ཀྱི་གྲོང་ཚོ་ལ།
ནད་དུག་གི་སྨུག་རླངས་ག་ཙམ་འཁྱིལ།
མཆོད་རྟེན་གྱི་སྐོར་ལམ་ལ།
ནད་དུག་གི་འབག་རྡུལ་ག་ཙམ་འབབ།
བྱམས་དང་བརྩེ་བའི་ག་ཟུང་གི་མཐའ་ལ།
འདུ་འབྲལ་གྱི་གདུང་སེམས་ག་ཙམ་འཁྱིལ།
གཉིད་མི་འོང་བའི་ཉིན་དང་མཚན་ལ།
བདག་གིས་འདི་ལྟར།
ཝུའུ་ཧན་མིག་གིས་འཚོ་བཞིན་ཁྱེད་རང་ཞེ་ལ་ཐོགས་ཡོད།
དམིགས་བསལ་གྱི་དུས་འདིར།
ལས་དབང་ཞེས་པའི་ཡིག་འབྲུ་སྙིང་ལ་རྗེ་བོ་དེ།
རང་ཉིད་ཀྱི“དག་ཡིག་གསར་བསྒྲིགས”ལས་ཅིས་ཀྱང་དོར་དགོས།
ང་ཚོ་ཚན་རིག་གི་མིག་ཤེལ་གྱོན་པར་གོམས་དགོས།
ལྷ་རྗེ་ཡི་གདམས་ངག་གནང་བར་དད་དགོས།
གཙང་སྦྲའི་རྒྱུན་ཤེས་ཀྱི་བྱིན་རླབས་ལ་འཇུག་དགོས།
ཉིན་རེའི་གསར་འགྱུར་བལྟ་བར་ཡང་ཅིས་ཀྱང་མོས་དགོས།
སྟོད་ཀྱི་གངས་རི་དཀར་པོ་མ་ཞུ་ཚེ།
བར་གྱི་ནགས་རི་ཕྱུག་མོ་མ་བསྐམས་ཚེ།
སྨད་ཀྱི་གཙང་བོའི་རླབས་སྒྲ་མ་འཇགས་ཚེ།
ཁྱེད་ནི་ནམ་ཡང་ཕ་མེས་ཡང་མེས་ཀྱི་རྟའུ་དེ།
ས་ཁྲའི་སྟེང་གི་ཉག་ཆུའི་སྟོད་རྒྱུད་ཀྱི་རྟའུ་ཡིན།
སྙན་ངག་ཅིག་ལ་ཚན་རིག་གི་བདེན་པས་དབུལ་ཡང་།
སྙན་ངག་འདི་ནི་ཁྱེད་ཀྱི་མིག་ཆུ་དབྱི་བའི་ལག་པ་རློན་ནུ་ཞིག་སྟེ།
བདག་ལ་དེ་ལས་ལྷག་པའི་ནང་ནོམ་ཞིག་གཞར་ནས་མེད།
གནའ་མི་ཚོའི“སྐྱིད་ལ་འབོད་དང་སྡུག་ལ་འགྲོ”ཟེར་བའི་དཔེ་ལྟར།
དོ་ནུབ། ཁོ་བོས་མི་ཚེའི་མཛོད་ཁང་ལ་སེར་སྣ་ཏིལ་ཙམ་མེད་པར།
ཆེས་བྲིན་པའི་ལེགས་སྐྱེས་བསྣམས་ནས་ཁྱེད་རང་ཞེ་ལ་ཐོགས་བཞིན་འོང་གིན་ཡོད།
དེ་ནི་རྟའུ་ཞེས་པའི་སྙན་ངག་དེ་ཡིན་ལགས།
2020/2/11ཉིན་གྱི་ནམ་སྨད་བྲིས།
རྩོམ་སྒྲིག་པ། འབུམ་པ་རྒྱལ།
རྟའུ།