ཀྲུང་གོ་བོད་ཀྱི་དྲ་བ།

ཕ་ཡུལ་དུ་ལོག་པ།

    སྤེལ་དུས། : 2020-01-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

                          ཕ་ཡུལ་དུ་ལོག་པ།                                                         

                         ཁྲི་གོང་ཨོ་རྒྱན་ཚེ་རིང་།


ཡང་ལོ་གཅིག་འདི་ལྟར་འདས་སོང

སྲང་ལམ་གྱི་བསྣོལ་མཚམས་དང་བྲེལ་ཟིང་གི་དངངས་འཚུབ་བར་ནས


མ་གཞི་ཕ་ཡུལ་ཟེར་དུས

བྱིས་པའི་དུས་ཀྱི་རྩེད་རྭ་དང་ངུ་ངག  རྩྭ་ཐང  ནོར་ལུག

ད་དུང་ཕ་ཡུལ་གྱི་རྐང་ལམ་ཕྲ་མོ་དེ་དང

དཔྱིད་ཀའི་ཐལ་རླུང་དང་དབྱར་ཁའི་མེ་ཏོག

སྟོན་ཁའི་སིལ་ཏོག་དང་འབྲུ་རིགས

དགུན་ཁའི་གྲང་རེག་དང་ཁ་བ   ཡོད་ཚད

དྲན་ཤིང་ལྟ་བུར་སེམས་ཀྱི་གཏིང་དུ་བསྙལ་ཡོད་ལ

མཚམས་མཚམས་ལ་ཕ་ཡུལ་དུ་ལོག་དུས

བརྩེ་དུང་གི་འཛུམ་རིས་དེའང

ཁྱོད་ཀྱི་དྲན་པའི་རྩིག་ལྡེབས་ཀྱི་བརྗེད་བྱང་ལྟ་བུ་དང

སེམས་ཀྱི་དམར་ས་དང   སྙིང་གི་ཟབ་སའི

རྣམ་ཤེས་ཀྱི་ཐིག་ལེ་ལྟ་བུར་ཆགས་ཡོད་སྲིད


ཁྱོད་ཕ་ཡུལ་དང་ཁ་བྲལ་ན་མ་གཏོགས

ནམ་རྒྱུན་ཕ་མེས་བཤུལ་ལམ་དེ

རི་ལུང་གི་སུན་སྣང་བཞིན་འཇམ་ཐིང་ངེར་འཁྱིལ་ཡོད

ང་ཚོས་དང་ཐོག་གཟབ་གཟབ་མ་བྱས་པར

ཕ་ཡུལ་དང་ཁ་བྲལ་བས

ད་ལྟ་ཕྱིར་ཕ་ཡུལ་ལ་ལོག་པའི་གོ་སྐབས་རྙེད་པ་རེད


ཕ་ཡུལ་ཞེས་པ་ཤ་རུས་ཀྱིས་གྲུབ་པའི་མིང་ཞིག་སྟེ

ཁྱོད་གང་དུ་ཕྱིན་ཡང

རྡོ་ལ་རི་མོ་བརྐོས་པ་བཞིན 

ཁྱོད་ཀྱི་སེམས་ཁོང་ནས་གསལ་ལམ་མེར་འཚེར་ངེས



ད་ལྟ་ཁྱོད་ཀྱི་ཡུལ་ན་ཕ་མ་བཞུགས་ཀྱང་རུང  མི་བཞུགས་ཀྱང་རུང

ཕ་ཡུལ་མི་སུ་དང་སུ་ལ་མཚོན་ནའང་རང་གི་ཕ་མ་བཞིན

ནམ་ཡང་སེམས་ཁོང་དུ་དྲོད་ལམ་ལམ  ཀྲོང་ངེར་འགྱིང་ངེས


ཁྱད་པར་དུ་ལོ་སར་གྱི་སྐབས་སུ

མི་རྣམས་བུ་ཕྲུག་བོར་བའི་ཕ་མ་བཞིན

ཕྱིར་ཕ་ཡུལ་དུ་རང་གི་ཕ་མ་དང

ཤ་ཉེ་སྤུན་མཆེད  གྲོགས་པོ

ཡང་ན་གུས་ཕྱག་ཅིག་དང   ཚ་གསུར་ཞིག་གི་ཆེད་དུ

ཕ་ཡུལ་ལ་ལོག་བཞིན་ཡོད་ལ 

ཕ་ཡུལ་ནི་གཞིས་བྱེས་ཀྱི་རྨ་ཁ་གསོ་བའི་གནས་མལ་དྲོན་མོ་དང

སྐྱོ་གདུང་གི་རྡོག་ཁྲེས་ཕོག་སའི་འབབ་ཚིགས་རིང་མོ་སྟེ

དྲན་གདུང་ཁྲི་མ་འབུམ་གྱིས་བཞེངས་པའི་རྒྱལ་ཁམས་ཆུང་ཆུང་ཞིག་དང

དུས་གཏན་དུ་ཁྱོད་ཀྱི་སེམས་ཁོང་ལ་བཏབ་པའི་ཞུམ་པ་མེད་པའི་ས་བོན་དེ་ཡིན



གལ་ཏེ་ཕ་ཡུལ་ནི་སྔོ་ཞིང་དྭངས་པའི་ནམ་མཁའ་ཡིན་ན

བདག་ནམ་མཁའི་དབྱིངས་སུ་འཕུར་བའི་བྱེའུ་ཞིག་དང

གལ་ཏེ་ཕ་ཡུལ་ནི་ལང་ལོང་དུ་འཕྱུར་བའི་རྒྱ་མཚོ་ཡིན་ན

བདག་རྒྱ་མཚོའི་རླབས་ཕྲེང་བར་ན་མཆོང་བའི་ཝུ་དཀར་ཞིག་སྟེ

ནམ་མཁར་བྱ་རྒྱལ་གྱི་ལྡིང་སྐོར་མཐོ་བས་ཆར་སྤྲིན་གྱི་བང་རིམ་མཐུག་ཅིང

རྒྱ་མཚོར་ཉྭ་སྲམ་གྱི་འཁྱུག་རྩལ་མྱུར་བས་རླབས་ཕྲེང་གི་ཚན་ཁ་འབར


ཕ་ཡུལ་ནི་ནམ་ཡང་འཇགས་མཐའ་མེད་པའི་སེམས་ཀྱི་བསྔོ་བ་དེ་དང

ཕ་ཡུལ་ནི་ནམ་ཡང་ཡལ་རྒྱུ་མེད་པའི་དྲན་གདུང་གི་གཟི་བྱིན་མངར་མོ་སྟེ

དབྱར་ཟླ་དྲུག་པར    

མུ་མཐའ་མེད་པའི་རི་ལུང་དུ་འཁྲིགས་པའི་དྲན་གདུང་གི་སྨུག་ལོང་དེའོ


ཕ་ཡུལ་ནི་ཉི་ཟླ་བཞིན

ང་ཚོ་དེའི་མཐའ་ན་འཁོར་བའི་ལོ་ཟླ་བཞིན


ཁྱོད་ད་དུང་ཕ་ཡུལ་དང་ཁ་ཐག་རིང་ངམ


༢༠༢༠ལོའི་ཟླ་༡ཚེས་༣ཉིན་ལྷ་ས་ནས།


རྩོམ་སྒྲིག་པ། : རིག་འཛིན་ཚེ་རིང་།