ཀྲུང་གོ་བོད་ཀྱི་དྲ་བ།

རྗེ་བླ་མ་ཙོང་ཁ་པ་ཆེན་པོ་རྗེས་སུ་དྲན་པའི་སྐྱོ་མགུར།

    སྤེལ་དུས། : 2019-11-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

7.jpg

གངས་ལྗོངས་ཚད་མའི་སྟོན་པ་ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོ༧རྗེ་བཙུན་བློ་བཟང་གྲགས་པ་དཔལ་བཟང་བོ་མཆོག་གིས་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་མཛད་ནས་ལོ་འཁོར་དྲུག་བརྒྱ་འཁོར་བའི་རྗེས་དྲན་དུ་ཕུལ་བ།

གངས་སྲས་ཟླ་འོད།མདོ་སྨད་ཆབ་ཆ་དགོན་གསར།

ཐུགས་བདེ་སྟོང་ནམ་མཁའི་སྤྲིན་པ་ཡི་ཀློང་ནས།།

སྐུ་ཅིར་ཡང་འཆར་བའི་མཛེས་སྡུག་གི་གར་གྱིས།།

གསུང་མདོ་རྒྱུད་བདུད་རྩི་འགྱེད་པ་ལ་མཁས་པ།།

ཕ་བློ་བཟང་གྲགས་པར་སྙིང་ཁོང་ནས་འདུད་དོ།།


རྗེ་ཁྱེད་ཀྱི་རྨད་བྱུང་མཛད་འཕྲིན་གྱི་འོད་སྣང་།།

དམན་བདག་གི་དད་པའི་མེ་ལོང་ལ་ཤར་བས།།

ཕ་བླ་མ་དྲན་པའི་གདུང་དབྱངས་ཀྱི་མགུར་གླུ།།

ཡིད་སྐྱོ་བའི་ངག་ལས་དབང་མེད་དུ་ཤོར་སོང་།།


སྟེང་ལྷ་ཡུལ་ངོ་མཚར་དགའ་ལྡན་གྱི་ཞིང་དུ།།

ལྷ་བླ་མ་མི་ཕམ་བྱམས་མགོན་གྱི་མདུན་སར།།

འཁོར་རྒྱུ་སྐར་དབུས་ན་ཟླ་བ་ལྟར་གསལ་བ།།

རྗེ་དམ་པ་འཇམ་དཔལ་སྙིང་བོ་དེ་དྲན་སོང་།།

བྱང་ངོ་མཚར་རྨད་བྱུང་བཀོད་པ་ཡི་ཞིང་དུ།།

འཁོར་ཁྲི་ཕྲག་ཚོགས་ཀྱི་མགོན་པོ་རུ་བྱོན་ཏེ།།

ཆོས་འཁོར་ལོ་བསྐོར་བའི་ཟླ་མེད་ཀྱི་སྟོན་པ།།

དཔལ་བདེ་གཤེགས་སེངྒེ་ང་རོ་དེ་དྲན་སོང་།།


སྔོན་གྲངས་མེད་མ་དག་འགྲོ་ཀུན་གྱི་ཞིང་དུ།།

ཆོས་ཟབ་མོ་ལྟ་དང་ཉེར་འབྲེལ་གྱི་རྒྱུད་ལམ།།

ལྷད་མེད་པར་སྤེལ་ལ་ཁས་ལེན་གྱི་དཔའ་བོ།།

ལྷ་རྒྱལ་སྲས་སྙིང་སྟོབས་ཆེན་པོ་དེ་དྲན་སོང་།།


ཡང་དག་པའི་ལྟ་སྤྱོད་འཁྲུལ་མེད་དེ་སྤེལ་ཕྱིར།།

གནས་རྡོ་རྗེ་གདན་དུ་ཐུབ་དབང་གི་སྤྱན་སྔར།།

ཤེལ་དཀར་བོའི་འཕྲེང་བ་བརྒྱ་རྩ་ནི་ཕུལ་བའི།།

ལུང་བསྟན་པ་ཐོབ་པའི་ཁྱེའུ་ཆུང་དེ་དྲན་སོང་།།


བོད་ཤར་ཕྱོགས་ཙོང་ཁའི་ས་འཛིན་གྱི་རྩེ་ལས།།

མགོན་རྒྱལ་སྲས་ཉིན་བྱེད་ལྷ་ལམ་ལ་འཆར་ཚེ།།

ལྷ་བླ་མ་མཁའ་འགྲོ་འབུམ་ཕྲག་གི་ཚོགས་ཀྱིས།།

ཞལ་གཡང་གི་ཤིས་ཚིག་གནང་བ་དེ་དྲན་སོང་།།


ལྟེ་མཚལ་བ་འཛིན་མར་ཐོར་པ་ཡི་དཔལ་ལས།།

ཤིང་ཙནྡན་ལོ་འདབ་འབུམ་ཕྲག་གི་ལང་ཚོར།།

དཔལ་སེངྒེ་ང་རོས་བརྒྱན་པ་དེ་འཁྲུངས་པའི།།

དུས་སྔོན་མེད་ཆེ་པའི་མཛད་པ་དེ་དྲན་སོང་།། 


ལོ་གསུམ་པར་གྲུབ་རྒུའི་རལ་བ་ཡི་མཛེས་རྒྱན།།

སྐྱབས་འགྲན་མེད་ཀརྨ་རོལ་རྡོར་གྱི་དྲུང་ནས།།

དགེ་བསྙེན་གྱི་སྡོམ་པ་རང་རྒྱུད་ལ་བཞེས་པའི།།

རྗེ་དམ་པ་ཀུན་དགའ་སྙིང་བོ་མཆོག་དྲན་སོང།།


དགུང་ལོ་གྲངས་བདུན་པ་རྫོགས་པ་ཡི་དུས་སུ།།

རྗེ་འཁོར་བསྒྱུར་དོན་གྲུབ་རིན་ཆེན་གྱི་དྲུང་དུ།།

ཁྲིམས་སོ་ཐར་སྡོམ་པ་ཐུགས་རྒྱུད་ལ་བཞེས་ཏེ།།

རྗེ་བློ་བཟང་གྲགས་པར་གསོལ་བ་དེ་དྲན་སོང་།།


གཟུགས་ལང་ཚོ་དར་བའི་བཅུ་བདུན་གྱི་ལོ་ལ།།

དཔལ་ཟླ་མེད་མཁན་པོ་དམ་པ་ཡི་བཀའ་ལྟར།།

ཆོས་འཚོལ་ཕྱིར་དབུས་སུ་གོམ་ཁ་དེ་བསྒྱུར་པའི།།

མགོན་རྒྱལ་སྲས་གཞོན་ནུ་དམ་པ་ནི་དྲན་སོང་།།


ལྷོ་འཛམ་གླིང་མ་ལུས་མཁས་དགུ་ཡི་གཙུག་རྒྱན།།

རྗེ་དབུ་མ་པ་སོགས་བཤེས་གཉེན་གྱི་ཞབས་སེན།།

བསམ་སྦྱོར་བ་ཟུང་གིས་ཟོལ་མེད་དུ་བསྟེན་པའི།།

བོད་རྒྱལ་སྲས་ཆེན་པོ་ནོར་བཟང་དེ་དྲན་སོང་།།


སྒྲ་སྙན་ངག་མངོན་བརྗོད་སྡེབ་སྦྱོར་གྱི་རིག་པ།།

གཞུང་ཚད་མ་བཟོ་གསོ་ནང་རིག་གི་གཞུང་ལ།།

དུས་སྔ་ཕྱིར་འབད་མེད་བརྩོན་པ་ཡི་ལམ་ནས།།

དཔལ་ལྔ་རིག་གོ་འཕང་བརྙེས་པ་དེ་དྲན་སོང་།།


ཁོང་ལོ་ཆེན་ནམ་མཁའ་བཟང་པོ་ཡི་སྤྱན་སྔར།།

རྒྱ་དཀར་བོའི་སྙན་ངག་མེ་ལོང་མར་སྦྱང་པས།།

ལྷོ་འཛམ་གླིང་སྙན་ངག་མཁན་པོ་རུ་གྱུར་པའི།།

ཡུལ་བྷོ་ཊའི་སློབ་དཔོན་དཔའ་བོ་དེ་དྲན་སོང་།།


སྐྱབས་བསྟན་དང་སྟོན་པ་བསླུ་མེད་དུ་སྒྲུབ་པའི།།

ཐབས་ཟླ་མེད་ཕྱོགས་གླང་ཡབ་སྲས་ཀྱི་མན་ངག།

ལུང་རིགས་པའི་ལམ་ནས་ཡང་དག་ཏུ་རྙེད་པའི།།

གནས་བསིལ་ལྡན་ཆོས་ཀྱི་གྲགས་པ་དེ་དྲན་སོང་།།


བོད་སྔ་རབས་ཆེར་རློམ་སྟོང་ཕྲག་གི་ཚོགས་ཀྱིས།།

ཚད་གཞུང་ལ་ཐར་ལམ་མེད་པ་ནི་གསུངས་པར།།

ཀུན་བཏུས་དང་ཚད་མ་སྡེ་བདུན་གྱི་གཞུང་ལས།།

ལམ་རིམ་པ་བསྟན་ཚུལ་གདམས་པ་དེ་དྲན་སོང་།།


ཆེས་ཕྲ་ཞིང་ཞིབ་པའི་མཁྱེན་དཔྱོད་ཀྱི་ལམ་ནས།།

དཔལ་མི་ཕམ་གཞུང་འགྲེལ་བཅུ་ཟུང་གི་དོན་ལ།།

མཚན་ཉིན་ལྟར་ཐོས་བསམ་རྣལ་མ་དེ་བྱས་པས།།

དོན་མ་ལུས་མངོན་སུམ་རྟོགས་པ་ཁྱེད་དྲན་སོང་།།


ཡུམ་རྒྱས་འབྲིང་བསྡུས་གསུམ་ཤེར་ཕྱིན་གྱི་སྙིང་བོ།།

རྗེ་བྱམས་པ་མགོན་པོའི་ཞལ་ལུང་གི་དགོངས་དོན།།

དངོས་དོན་བརྒྱད་བདུན་ཅུ་མ་ལུས་པ་མཁྱེན་པའི།།

ཡུལ་བོད་མིའི་སློབ་དཔོན་སེང་བཟང་དེ་དྲན་སོང་།།


རྟོགས་དཀའ་བ་རྒྱལ་བའི་གསུང་རབ་ཀྱི་དོན་ཀུན།།

ལམ་ཇི་བཞིན་འགྲེལ་བར་ལུང་བསྟན་ནི་ཐོབ་པའི།།

དཔལ་ཀླུ་ཐོགས་ཟུང་གི་དགོངས་པ་ལ་བརྟེན་ནས།།

མདོའི་དྲང་ངེས་རྗེན་པར་གཟིགས་པ་དེ་དྲན་སོང་།།


སྔོན་ཚེ་རབས་ཕྲེང་བར་གོམས་པ་ཡི་སྟོབས་ཀྱིས།།

ཁོང་ཀླུ་སྒྲུབ་ཡབ་སྲས་རྟེན་འབྱུང་གི་རིང་ལུགས།།

རྩ་བཞི་འཇུག་དོན་ཀུན་ལྷག་མེད་དུ་རྟོགས་པའི།།

བོད་གངས་རིའི་ལྗོངས་ཀྱི་ཟླ་གྲགས་དེ་དྲན་སོང་།།


ཆོས་མངོན་པ་མཛོད་ཀྱི་ཟབ་བརླིང་གི་ཡང་སྙིང་།།

ཡུལ་གཞི་ལྔ་རང་སྤྱིའི་ཆོས་ཀུན་གྱི་གནད་རྣམས།།

དོན་མ་ནོར་གཟིགས་པའི་མཚུངས་མེད་ཀྱི་བླ་མ།།

བྱང་བོད་ཡུལ་ཆོས་རྗེ་དབྱིག་གཉེན་དེ་དྲན་སོང་།།


དཔལ་ཐུབ་དབང་ཉི་མའི་ཞལ་ལུང་གི་སྡེ་བཞིའི།།

དོན་བརྗོད་པ་ཡོངས་སུ་བསྡུས་པ་ཡི་འདུལ་དོན།།

ཐོབ་སྲུང་ཕྱིར་བཅོས་པ་མ་ལུས་པར་མཁྱེན་པའི།།

གངས་ཅན་གྱི་ཡོན་ཤཱཀ་རྣམ་གཉིས་དེ་དྲན་སོང་།།


ཡུལ་དབུས་གཙང་ཆོས་ཀྱི་དག་ཞིང་དུ་འབོད་པའི།།

དཔལ་སྣར་ཐང་བདེ་ཅན་ལ་སོགས་ཀྱི་བཤད་གྲྭར།།

གཞུང་ཆེན་མོའི་གྲྭ་སྐོར་གྲངས་མེད་དུ་མཛད་པའི།།

མཚན་གྲགས་པ་འབར་བའི་མཁས་པ་དེ་དྲན་སོང་།།


གཞུང་འབྲས་བུ་གསང་སྔགས་ཐེག་པ་ཡི་ལུགས་ཀྱི།།

སྡེ་འོག་མའི་མཚན་བཅས་མཚན་མེད་ཀྱི་དོན་ཀུན།།

རྒྱ་བོད་ཀྱི་མཁས་པའི་ལེགས་བཤད་ལ་བརྟེན་ནས།།

འཁྲུལ་མེད་དུ་རྟོགས་པའི་པཎ་ཆེན་ཁྱེད་དྲན་སོང་།།


རྒྱུད་ཀུན་ལས་འཕགས་པ་གཉིས་མེད་ཀྱི་རྒྱུད་རྒྱལ།།

དཔལ་གསང་བ་འདུས་པའི་གནད་ཀུན་གྱི་སྙིང་བོ།།

མཐའ་དྲུག་དང་ཚུལ་བཞིའི་མན་ངག་གི་ལམ་ནས།།

ལམ་རིམ་གཉིས་རྟོགས་པའི་དམ་པ་ཁྱེད་དྲན་སོང་།།


ཡུལ་དགའ་བཞིའི་བདེ་ཆེན་ཡེ་ཤེས་ཀྱི་གཏེར་ཆེན།།

དཔལ་ཀྱེེ་རྡོར་འཁོར་ལོ་བདེ་མཆོག་གི་རྒྱུད་སོགས།།

དོན་མ་ལུས་ལག་མཐིལ་རྫས་བཞིན་དུ་མཁྱེན་པའི།།

བོད་ལྗོངས་ཀྱི་མཁས་གྲུབ་དམ་པ་མཆོག་དྲན་སོང་།།


དོན་ཁྱད་ཆོས་ལྔ་ལྡན་འཇིགས་མཛད་ཀྱི་རྡོ་རྗེ།།

ལྷ་འཇམ་དཔལ་ཁྲོ་བོའི་གསང་བ་ཡི་རྒྱུད་དོན།།

རྭ་ལོ་ཆེན་རྡོར་གྲགས་དམ་པ་ཡི་ལུགས་བཞིན།།

ཐུགས་རྒྱན་དུ་ཤར་བའི་དམ་པ་ཁྱེད་དྲན་སོང་།།


རྒྱུད་གཞན་དང་བཤད་སྲོལ་ཐ་དད་པའི་མན་ངག།

དཔལ་ཨེ་ལྦཾ་ཟུང་འཇུག་དུས་འཁོར་གྱི་ཟབ་གནད།།

གཞུང་འགྲེལ་ཆེན་དྲི་མེད་འོད་ལྟར་ནི་རྟོགས་པའི།།

གངས་ལྗོངས་ཀྱི་ཆོས་རྒྱལ་ཟླ་བཟང་ཁྱེད་དྲན་སོང་།།


རྒྱུད་རྒྱུད་འགྲེལ་སྤྱི་མཐའ་ཚིག་དོན་གྱི་གནད་ཀུན།།

ཡུལ་འཕགས་བོད་བཞེད་སྲོལ་ཟ་འོག་གི་ལང་ཚོས།།

ལྡེམ་དགོངས་པ་འབྱེད་ལ་སྤྱན་རས་ནི་ཡངས་པའི།།

དཔལ་མཁས་གྲུབ་བློ་བཟང་གྲགས་པ་དེ་དྲན་སོང་།།


བཀའ་མདོ་རྒྱུད་ཚད་ལྡན་གཞུང་འགྲེལ་གྱི་དོན་ལ།།

མཚན་ཉིན་བཞིན་རིས་མེད་འབད་པ་ཡི་ཟིལ་ཀྱིས།།

རང་གཞན་གྱི་གྲུབ་མཐའི་ཕ་མཐར་ནི་བརྒལ་པའི།།

ལྷོ་འཛམ་གླིང་མཁས་པའི་གཙུག་རྒྱན་དེ་དྲན་སོང་།།


བོད་གསར་རྙིང་མཁས་མང་རལ་བ་ཡི་ཀླུང་ལས།།

འཁྲུལ་མེད་དུ་འཁྲུངས་པའི་ཆོས་རྒྱུན་གྱི་ཆུ་ཀླུང་།།

ལྷག་མེད་དུ་བཞེས་པའི་གདམས་པ་ཡི་བདག་པོ།།

ཡུལ་བྱང་ཕྱོགས་རིས་མེད་ཆོས་རྒྱལ་དེ་དྲན་སོང་།།


མགོན་འདུལ་འཛིན་ཚུལ་ཁྲིམས་རིན་ཆེན་གྱི་དྲུང་དུ།།

དཔལ་ཚངས་སྤྱོད་གཙོ་བོ་བསྙེན་རྫོགས་དེ་བྱས་ནས།།

ཆོས་འདུལ་ཁྲིམས་མ་ལུས་ཚུལ་བཞིན་དུ་བསྲུང་པའི།།

བོད་མཁན་ཆེན་འཕགས་པ་ཉེ་འཁོར་དེ་་དྲན་སོང་།།


རྗེ་ལྷ་མཆོག་འཇམ་མགོན་བླ་མ་ཡི་བཀའ་བཞིན།།

འཁོར་རྣམ་བརྒྱད་བཅས་པ་འོལ་ཁ་རུ་བྱོན་ནས།།

ཆོས་བསགས་སྦྱང་ཟུང་ལ་ཉིན་མཚན་ནི་སྦྲེལ་ཏེ།།

ཉམས་རྟོགས་པའི་གོ་འཕང་བརྙེས་པ་དེ་དྲན་སོང་།།


ཆོས་མདོ་རྒྱུད་ཀུན་ལ་སྦྱངས་པ་ཡི་གནད་རྣམས།།

རྒྱུ་འབྲས་བུའི་ལམ་ཆེན་རིམ་གཉིས་དང་སྦྱར་ཏེ།།

ཡུལ་ངེས་མེད་རྣམས་སུ་ཉམས་ལེན་ལ་རོལ་པས།།

ཆོས་མ་ལུས་གདམས་པར་ཤར་བ་ཁྱེད་དྲན་སོང་།།


བྱིང་རྨུགས་པའི་སྐྱོན་དང་བྲལ་བ་ཡི་ཏིང་འཛིན།།

དོན་འབྱེད་ཀྱི་ལྷག་མཐོང་ཟུང་སྦྲེལ་དུ་བྱས་པའི།།

རྣལ་འབྱོར་ལ་རོལ་པས་ཟབ་གསལ་གྱི་ཆོས་ཉིད།།

འཁྲུལ་མེད་དུ་བརྙེས་པའི་བླ་མ་ཁྱེད་དྲན་སོང་།།


ཡུལ་མ་དག་སྣོད་བཅུད་འཁྲུལ་སྣང་གི་གྲོང་ཁྱེར།།

སྐུ་རྣམ་གསུམ་རིན་ཆེན་ནོར་གླིང་དུ་བསྒྱུར་བའི།།

ཆོས་ཟབ་མོ་ཕྲ་རགས་བསྐྱེད་རིམ་ལ་གཞོལ་བས།།

ཡུལ་ཐ་མལ་སྣང་ཞེན་སྤངས་པ་ཁྱེད་དྲན་སོང་།།


རོ་རྐྱང་བའི་རྩར་རྒྱུ་ཀུན་རྟོག་པའི་རླུང་རྣམས།།

རྩ་ངྷུ་ཏཱིའི་དབྱིངས་སུ་ལྡང་མེད་དུ་བཅོམ་པས།།

ཆོས་འོད་གསལ་གདོད་ནས་སྟོང་པ་ཡི་དེ་ཉིད།།

དོན་ཇི་བཞིན་གཟིགས་པའི་བླ་མ་དེ་དྲན་སོང་།།


དཔལ་ངེས་དོན་གསང་སྔགས་བླ་མེད་ཀྱི་སྙིང་པོ།།

ཆོས་སྒྱུ་ལུས་འོད་གསལ་ཟུང་འཇུག་གི་ལམ་ནས།།

སྐུ་རྣམ་བཞིའི་སྲིད་ལ་རང་དབང་དེ་བསྒྱུར་པའི།།

རྗེ་བློ་བཟང་རྡོ་རྗེ་འཆང་དབང་ཁྱེད་དྲན་སོང་།།


མགོན་ཁྱེད་ཉིད་དགུང་གྲངས་སོ་གཅིག་གི་སྟེང་དུ།།

ཡུམ་མདོ་རྒྱན་སྦྱར་བའི་སྔོན་མེད་ཀྱི་ལེགས་བཤད།།

གཞུང་འགྲན་བྲལ་གསེར་གྱི་ཕྲེང་པ་དེ་མཛད་པའི།།

སྐུའི་བཀའ་དྲིན་བསམ་ན་ལྷག་པར་རང་དྲན་སོང་།།


ཆོས་ཕུང་བོ་བརྒྱད་ཁྲི་བཞི་སྟོང་གི་གནད་རྣམས།།

དོན་འགལ་མེད་ལམ་གྱི་ཉམས་ལེན་དུ་བསྟར་པ།།

ཁོང་སྐྱེས་བུ་གསུམ་གྱི་ལམ་ལུགས་ཀྱི་སྲོལ་འབྱེད།།

ཕ་འཇམ་མགོན་བློ་བཟང་གྲགས་པ་དེ་དྲན་སོང་།།


རྒྱུ་འཁོར་རྩ་དྲུངས་ནས་འབྱིན་པ་ཡི་ལམ་བཟང་།།

སྟོང་རྟེན་འབྱུང་སྟོན་པའི་ཉིན་བྱེད་ཀྱི་དབང་བོ།།

མཐའ་བཞི་བྲལ་ཟབ་མོ་དབུ་མ་ཡི་གཏེར་མཛོད།།

གཞུང་རིགས་པའི་རྒྱ་མཚོ་མཛད་པ་དེ་དྲན་སོང་།།


བཀའ་རྣམ་གསུམ་སྡེ་སྣོད་དྲང་ངེས་ཀྱི་དགོངས་པ།།

དོན་ལོག་པར་འགྲེལ་བས་འཛམ་གླིང་དུ་ཁྱབ་པར།།

དཔལ་ཤིང་རྟ་ཟུང་གི་ལེགས་བཤད་ལ་བརྟེན་ནས།།

འཁྲུལ་མེད་དུ་བསྟན་པའི་བཀའ་དྲིན་དེ་དྲན་སོང་།།


ཆོས་གསུང་རབ་ཀུན་གྱི་མཐར་ཐུག་གི་ཡང་སྙིང་།།

འབྲས་གསང་བ་རྒྱུད་སྡེ་རྣམ་བཞི་ཡི་བརྗོད་དོན།།

ལམ་གསང་སྔགས་ཉམས་ལེན་སྟོན་པ་ཡི་བྱེད་པོ།།

སྐྱབས་བློ་བཟང་རྡོ་རྗེ་འཆང་དབང་དེ་དྲན་སོང་།།


གཞུང་ངེས་དོན་གསང་བ་འདུས་པ་ཡི་སྙིང་བོ།།

ལམ་རིམ་ལྔ་གསལ་སྟོན་མུན་སེལ་གྱི་སྒྲོན་མེས།།

བོད་ཆེར་རློམ་བྱེ་བའི་འཁྲུལ་བ་ཀུན་བསལ་ཏེ།།

ཕ་རྒྱུད་ཀྱི་བཞེད་སྲོལ་བཙུགས་པ་དེ་དྲན་སོང་།།


རིགས་པ་ཡི་ལམ་དུ་ངལ་བ་འབུམ་བརྟེན་པའི།།

བོད་སྔ་ཕྱིར་བྱོན་པའི་ཆེར་རློམ་གྱི་མཁས་གྲུབ།།

བློ་གྲོས་ཀྱིས་མ་ལྕིགས་བདེ་དགྱེས་ཀྱི་དོན་ཀུན།།

འབད་མེད་དུ་སྟོན་མཛད་བླ་མ་ཁྱེད་དྲན་སོང་།།


དུག་གསུམ་སོགས་ཉེས་པ་ཐམས་ཅད་ཀྱི་གཞི་རྩ།།

བློ་འཁྲུལ་བ་བདེན་འཛིན་མ་རིག་པའི་གཉེན་པོ།།

དཔལ་ཟླ་བ་གྲགས་པའི་འཇུག་པ་ཡི་དགོངས་པ།།

དོན་རབ་ཏུ་གསལ་མཛད་གནང་པ་དེ་དྲན་སོང་།།


མཐའ་བྲལ་གྱི་ལྟ་བའི་ཟབ་དོན་དེ་གཟིགས་པས།།

སྔོན་མེད་ཀྱི་རྟེན་འབྱུང་གསུང་བ་ཡི་མཁན་པོར།།

རྟེན་འབྱུང་གི་སྒོ་ནས་བསྟོད་ཚིག་གི་པད་དཀར།།

ལེགས་བཤད་ཀྱི་སྙིང་བོ་མཛད་པ་དེ་དྲན་སོང་།།


ལོ་ང་དགུ་བཞེས་པའི་གཡང་དཀར་གྱི་ལོ་ལ།།

དཔལ་དགེ་ལྡན་རྣམ་པར་རྒྱལ་བ་ཡི་གླིང་དུ།།

ལམ་ཉམས་སུ་ལེན་པ་གསལ་སྟོན་གྱི་སྒྲོན་མེ།།

ཆོས་ལམ་རིམ་ཆུང་བ་མཛད་པ་དེ་དྲན་སོང་།།


མདོ་རྒྱུད་སྡེའི་བརྗོད་དོན་ཆུ་གཏེར་གྱི་ཀླུང་ལས།།

ལམ་རིམ་གཉིས་འཁྲུངས་པའི་མེ་ཏོག་གི་ཕྲེང་བ།།

དོན་ངོ་མཚར་སྡེབ་ལེགས་སྲད་བུ་ལ་བརྒྱུས་ཏེ།།

དཔལ་འགྲོ་བའི་རྒྱན་དུ་གནང་བ་དེ་དྲན་སོང་།།


ལར་ཐུབ་བསྟན་སྙིགས་མ་ལྔ་བདོ་ཡི་དུས་འདིར།།

གཞུང་མདོ་རྒྱུད་རྩ་འགྲེལ་མ་ལུས་པའི་དོན་ཀུན།།

མཁས་བྱ་བ་སྔོན་མེད་རྣམ་གསུམ་གྱི་འཕྲུལ་གྱིས།།

ཆེས་རྒྱས་མཛད་རྒྱལ་བ་གཉིས་པ་ཁྱེད་དྲན་སོང་།།


ཆོས་ཐོས་བསམ་སྒོམ་པར་བརྩོན་པ་ཡི་འཕྲུལ་གྱིས།།

ལུང་རྟོགས་པའི་ཡོན་ཏན་རྒྱལ་བ་དང་མཉམ་ཡང་།།

རང་བཟོས་པའི་བརྡ་ཆད་སྤེལ་བ་ལ་འཇིགས་པའི།།

ངེས་དོན་གྱི་མཁས་དབང་དམ་པ་མཆོག་དྲན་སོང་།།


མགོན་ཁྱོད་ཀྱི་རབ་ཡངས་མཁྱེན་པ་ཡི་མཐའ་ལ།།

འགྲན་འདོད་ཀྱི་སྔ་རབས་ཆེར་རློམ་པ་དག་གིས།།

མངོན་ལྐོག་ཏུ་རྒོལ་བའི་བརྩོན་པ་ལ་འབད་ཀྱང་།།

གཡོ་འགུལ་བ་མེད་པའི་རི་དབང་ཁྱེད་དྲན་སོང་།།


ཡུལ་མོན་ཁར་བཀྲ་གདོང་གྲགས་པ་ཡི་ལྗོངས་སུ།།

ཉིན་རེ་རེར་ཆོས་ཐུན་བདུན་གཉིས་ལྷག་རིང་དུ།།

ཆོས་རྒྱ་འགྲེལ་བཅོ་ལྔ་དུས་གཅིག་ཏུ་འཆད་པའི།།

དཔལ་འགྲན་མེད་བློ་བཟང་རྒྱལ་བ་དེ་དྲན་སོང་།།


བཀའ་མདོ་རྒྱུད་གཞུང་གི་སྙིང་པོ་ཡི་གནད་ཀུན།།

དོན་ཆོས་ཀྱི་གདམས་པའི་ལག་ལེན་དུ་མཁྱེན་ཏེ།།

རྒྱུད་སྐལ་ལྡན་འགྲོ་ལ་བརྩེ་བའི་ངང་འདོམས་པ།།

དཔལ་རྗེ་བཙུན་བློ་བཟང་གྲགས་པ་དེ་དྲན་སོང་།།


ལྷ་འཇམ་དཔལ་བཀའ་བཞིན་རྫིང་ཕྱི་རུ་གྲགས་པའི།།

རྟེན་བརྟེན་པའི་བྱིན་ཅན་གཞལ་ཡས་ཁང་ཆེན་པོར།།

ཞིག་རལ་བ་གསོས་རྗེས་རབ་གནས་དེ་གནང་སྐབས།།

ངོ་མཚར་བའི་རྟགས་མཚན་འཆར་བ་དེ་དྲན་སོང་།།


གནས་དམ་པ་བཀྲ་ཤིས་ཆོས་སྡིངས་ཀྱི་དབུས་སུ།།

ཆོས་སྟོང་ཉིད་གནས་ལ་ཞིབ་དཔྱོད་དེ་མཛད་ཚེ།།

ཡུམ་འབུམ་གྱི་བཅུ་ཟུང་སྟོང་ཉིད་ཀྱི་འགྲེས་རྐང་།།

འོད་གསལ་ལེར་ནམ་མཁར་ཁྱབ་པ་དེ་དྲན་སོང་།།


ཡུལ་བཀྲ་གདོང་རྗེ་ཡི་གཟིམས་ཁང་གི་ཕུགས་སུ།།

འཇའ་འོད་ཟེར་ལྔ་ལྡན་གུར་ཁྱིམ་གྱི་དབུས་ནས།།

ལྷ་འཇམ་དཔལ་བླ་མའི་ཞལ་གཟིགས་ནི་བྱུང་སྟེ།།

དུས་རྟག་ཏུ་བཤེས་མཛད་ངོ་མཚར་དེ་དྲན་སོང་།།


རྗེ་རེད་མདའ་པ་སོགས་འཁོར་སློབ་ཀྱི་ཚོགས་ཀུན།།

ཡུལ་གནམ་རྩེ་ལྡེང་མར་ཞལ་འཛོམས་ནི་བྱུང་ནས།།

ཆོས་འདུལ་བའི་བསྟན་པ་དག་ཐེར་དེ་མཛད་པའི།།

རྗེ་འདུལ་འཛིན་ཆེན་པོའི་བཀའ་དྲིན་དེ་དྲན་སོང་།།


ཡུལ་ཤར་ཕྱོགས་ལྷ་དབང་ཡུང་ལོ་རུ་གྲགས་པས།།

ལན་དུ་མར་གདན་འདྲེན་ཕོ་ཉ་དེ་མངགས་ཀྱང་།།

བོད་ཁ་བའི་ལྗོངས་ཀྱི་བསྟན་སྲིད་ལ་དགོངས་ཏེ།།

ཞལ་མ་བསྒྱུར་བསམ་ན་དབང་མེད་དུ་དྲན་སོང་།།


བོད་ལྷ་ལྡན་སྤྲུལ་བའི་གཙུག་ལག་ཁང་ཆེན་པོའི།།

དཔལ་ཤཱཀྱའི་རྒྱལ་པོར་དབུ་རྒྱན་སོགས་ཕུལ་ཏེ།།

སྔོན་ཐུབ་པའི་དབང་བོར་རྗེས་དྲན་ནི་ཞུས་པའི།།

བོད་སྨོན་ལམ་བཙུགས་པའི་བླ་མ་ཁྱེད་དྲན་སོང་།།


དཔལ་དགེ་ལྡན་རྣམ་པར་རྒྱལ་བ་ཡི་གླིང་ཞེས།།

མཚན་སྲིད་ན་རྒྱས་པའི་ཁྲིམས་ལྡན་གྱི་ཆོས་སྡེ།།

བོད་གངས་ལྗོངས་འགོག་པ་ལྷུན་པོ་ཡི་རྩེ་མོར།།

ཕྱག་བཏབ་པའི་ཟླ་མེད་རྣམ་ཐར་དེ་དྲན་སོང་།།


དཔལ་བཤད་སྒྲུབ་བསྟན་པའི་སྙིང་བོ་ཡི་ཡང་རྩེ།།

ཆོས་དྲི་བྲལ་མདོ་སྔགས་ཟུང་འཇུག་གི་བསྟན་པ།།

དཔལ་དགེ་ལྡན་རིང་ལུགས་སྲོལ་ཆེན་དེ་ཕྱེ་བའི།།

རྗེ་འཇམ་མགོན་བློ་བཟང་རྒྱལ་བ་ཁོང་དྲན་སོང་།།


ལོ་བཅུ་ཕྲག་མང་བོར་དབུས་གཙང་གི་ཞིང་དུ།།

འཁོར་རིས་མེད་སློབ་བུ་སྟོང་ཕྲག་གི་ཚོགས་ལ།།

ལུང་མདོ་རྒྱུད་གཞུང་གི་ཆོས་ཆར་གྱི་བདུད་རྩི།།

དུས་རྟག་ཏུ་སྩལ་བའི་བཀའ་དྲིན་དེ་དྲན་སོང་།།


དོན་དེ་ཕྱིར་རབ་མཛེས་གངས་རི་ཡི་ཞིང་འདིར།།

ལམ་བསླབ་གསུམ་ལྡན་པ་ཁྲི་ཕྲག་གི་ཚོགས་ཀྱིས།།

གོས་དམར་སེར་ཆོས་ཀྱི་སྐྱེད་ཚལ་དུ་བསྒྱུར་བའི།།

ཚུལ་བསམ་ན་དད་པའི་མིག་ཆུ་དེ་བཞུར་སོང་།།


དུས་དེ་ནས་རབ་ཡངས་འཛམ་གླིང་གི་འཛིན་མར།།

ཞྭ་སེར་བོའི་ལྡན་གྲོལ་གཉིས་ལྡན་གྱི་འདུས་ཚོགས།།

མཐོངས་མཁའ་ལ་རྒྱུ་སྐར་བཞད་པ་ཡི་དཔེ་བཞིན།།

ཁྱབ་མཛད་ཀྱི་བྱེད་པོ་འཇམ་དབྱངས་དེ་དྲན་སོང་།།


མགོན་ཁྱོད་ཀྱི་རྗེས་འཇུག་དམ་པ་ཡི་ཚོགས་རྣམས།།

ཡུལ་ཀུན་ཏུ་གནས་ཀྱང་སྡོམ་ཁྲིམས་ལ་གནས་ཤིང།།

ཆོས་ཐོས་བསམ་སྒོམ་པའི་དཔལ་ཡོན་ལ་རོལ་བའི།།

ཚུལ་མཐོང་ཚེ་མགོན་ཁྱོད་སྙིང་ཁོང་ནས་དྲན་སོང་།།


ཁོང་མཁས་པའི་བྱ་བ་རྣམ་གསུམ་གྱི་འཕྲུལ་གྱིས།།

བཤད་སྒྲུབ་ཀྱི་རྒྱལ་བསྟན་མཚན་ཙམ་དུ་གྱུར་ཚེ།།

རྫོགས་ལྡན་གྱི་དཔལ་བཞིན་རྒྱས་པར་ནི་བྱས་པ།།

དཔལ་རྒྱལ་བ་གཉིས་པར་གྲགས་པ་དེ་དྲན་སོང་།།


ཡུལ་གཟུང་འཛིན་གཉིས་སྟོང་ཆོས་ཉིད་དུ་སྨྲ་བའི།།

ཆོས་རྣམ་རིག་གཞུང་ལ་མཁས་དབང་དེ་མང་མོད།།

གཟུགས་ངོ་བོ་ཁྱད་པར་ཀུན་བཏགས་ཀྱིས་སྟོང་བ།།

ཁྱེད་ཁོ་ནས་ཆོས་དབྱིངས་བསྙད་པ་དེ་དྲན་སོང་།།


བློ་རྟོག་པས་ཕར་བཏགས་མིང་རྐྱང་ཙམ་དེ་ལ།།

ལས་རྒྱུ་འབྲས་བྱ་བྱེད་རྣམ་གཞག་གི་དོན་ཀུན།།

ཀུན་རྫོབ་ཏུ་འཐད་པ་ཀླུ་སྒྲུབ་ཀྱི་དགོངས་པར།།

འཁྲུལ་མེད་དུ་རྟོགས་པའི་བླ་མ་ཁྱེད་དྲན་སོང་།།


བོད་སྔ་རབས་མཁས་གྲུབ་ཕལ་མོ་ཆེ་རྣམས་ཀྱིས།།

ཚུལ་ཇི་ལྟར་བརྟགས་ཀྱང་རྟོགས་པ་ནི་མེད་པའི།།

གཞུང་ཟབ་བརླིང་དབུ་མའི་རྟེན་འབྱུང་གི་ལྟ་བ།།

མངོན་སུམ་དུ་གཟིགས་པའི་བླ་མ་ཁྱེད་དྲན་སོང་།། 


རྗེ་འཇམ་པའི་དབྱངས་ཀྱི་ཐུགས་རྗེ་ཡི་དྲིན་ལས།།

དཔལ་ཀླུ་ཡི་དབང་བོ་ཡབ་སྲས་ཀྱི་དགོངས་དོན།།

སྔོན་མེད་པའི་རྟེན་འབྱུང་དབུ་མ་ཡི་སྲོལ་འབྱེད།།

མགོན་ཟླ་བྲལ་དཔལ་ལྡན་བླ་མ་ཁྱེད་དྲན་སོང་།།


དཔལ་ཐལ་རང་ལྟ་བའི་ཁྱད་པར་དེ་འབྱེད་པར།།

བོད་ཆེར་རློམ་འབུམ་ཕྲག་སོམ་ཉི་ལ་དཔྱངས་ཚེ།།

ལུང་རིགས་པ་འཁྲུལ་མེད་བརྒྱ་ཕྲག་གི་ལམ་ནས།།

དོན་མ་འདྲེས་བསྟན་པའི་མགོན་པོ་དེ་དྲན་སོང་།།


བོད་གངས་ཅན་ཡུལ་འདིར་ལྟ་གྲུབ་ནི་མང་མོད།།

ལུང་རིགས་པའི་ལམ་ནས་ཞིབ་པར་ནི་དཔྱད་ཚེ།།

འཁྲུལ་མེད་པ་ཁྱོད་བསྟན་གཅིག་བུ་རུ་ངེས་པའི།།

ཚུལ་ཡང་ཡང་བསམ་ན་ལྷག་པར་རང་དྲན་སོང་།།


ཆོས་གཞན་སྟོང་བདེན་གྲུབ་ཧྭ་ཤང་གི་ལྟ་ངན།།

འཁྲུལ་མེད་དུ་འཛིན་པས་བོད་ཡུལ་ལ་ཁྱབ་ཚེ།།

དྲི་མེད་ཀྱི་ལུང་རིགས་སྟོང་ཕྲག་གིས་གཞོམ་སྟེ།།

ཡང་དག་པའི་ལྟ་བ་སྤེལ་མཛད་ཁྱེད་དྲན་སོང་།།


ཡུལ་སྣང་བཞིན་སྟོང་པ་སྤྲོས་བྲལ་གྱི་ཆོས་ཉིད།།

དོན་སྟོང་བཞིན་སྣང་བ་ཀུན་རྫོབ་ཀྱི་སྒྱུ་འཕྲུལ།།

ཚུལ་ཇི་བཞིན་རྟོགས་པའི་གངས་ཅན་གྱི་བླ་མ།།

དཔལ་རྒྱལ་བ་བློ་བཟང་གྲགས་པ་དེ་དྲན་སོང་།།


ཡུལ་སྣང་སྟོང་ཟུང་འཇུག་ལྟ་གྲུབ་ཀྱི་ལམ་ནས།།

ཆོས་གཅིག་ཀྱང་མི་སྤོང་སངས་རྒྱས་ཀྱི་ལམ་དུ།།

འཁྱེར་ཤེས་པ་ངོ་མཚར་བླ་མེད་ཀྱི་རིང་ལུགས།།

སྲོལ་འབྱེད་ཀྱི་དཔལ་ལྡན་བླ་མ་དེ་དྲན་སོང་།།


རང་བཞིན་གྱིས་སྟོང་པ་རྟེན་འབྱུང་གི་དོན་དུ།།

ལེགས་པར་ནི་སྟོན་པའི་དབུ་མ་ཡི་ཟབ་གནད།།

ཚུལ་གསུམ་གྱི་ཚད་མའི་རིགས་པ་ཡི་ལམ་ནས།།

འཁྲུལ་མེད་དུ་འཆད་པའི་བླ་མ་ཁོང་དྲན་སོང་།།


གཞུང་ལྟ་བའི་འགྲེལ་ཆེན་རྣམ་ལྔ་ཡི་འཕྲུལ་གྱིས།།

དཔལ་ཀླུ་སྒྲུབ་སྟོང་ཉིད་གཏམ་མཛོད་དེ་ཕྱེ་བས།།

བློ་མ་རིག་ལྡོངས་པའི་འཛམ་གླིང་གི་འགྲོ་རྣམས།།

མཐའ་ཟུང་ལས་བསྐྱབས་པའི་བཀའ་དྲིན་དེ་ལྕིའོ།།


དཔལ་རྒྱུད་རྒྱལ་ཕ་རྒྱུད་གསང་བ་ཡི་འདུས་པ།།

མ་རྒྱུད་སྡེའི་སྙིང་བོ་བདེ་མཆོག་སོགས་རྒྱུད་ཀྱི།།

ཆོས་བཤད་སྒྲུབ་ནུབ་པ་སླར་ཡང་དུ་སྤེལ་བའི།།

མགོན་རྗེ་བཙུན་བློ་བཟང་རྒྱལ་བ་དེ་དྲན་སོང་།།


ཆོས་ཕུང་བོ་བརྒྱད་ཁྲི་བཞི་སྟོང་གི་ཡང་སྙིང་།།

རྒྱུད་ཡོངས་ཀྱི་རྒྱལ་བོ་བླ་མེད་ཀྱི་ཟབ་གསང་།།

ལམ་རིམ་གཉིས་ཁྱད་པར་སྒྱུ་ལུས་ཀྱི་དོན་ལ།།

འགྲན་ཟླ་མེད་གཏེར་དུ་གྱུར་བ་དེ་དྲན་སོང་།།


ཆོས་བསྟན་པའི་ནང་མཛོད་འདུལ་བ་ཡི་དམ་ཆོས།།

བོད་བསིལ་ལྡན་ལྗོངས་འདིར་མིང་ཙམ་དུ་གྱུར་ཚེ།།

སྔོན་ཐུགས་བསྐྱེད་སྨིན་པའི་གཟི་བྱིན་གྱི་མཐུ་ཡིས།།

ཆོས་འདུལ་པ་གསོས་པའི་བཀའ་དྲིན་དེ་དྲན་སོང་།།


ཡུལ་བྷོ་ཊའི་ཞིང་འདིར་ཐུབ་བསྟན་གྱི་པད་ཚལ།།

ཁོང་ཆེར་རློམ་གླང་སྨྱོན་ཁྲི་ཕྲག་གིས་འཇོམས་ཚེ།།

ལྟ་སྤྱོད་པ་རྒྱལ་བའི་བཀའ་བཞིན་དུ་བསྟུན་ནས།།

ཆེར་སྤེལ་མཛད་འཇམ་མགོན་བླ་མ་དེ་དྲན་སོང་།།


དཔལ་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་མགོན་པོ།།

ལྷ་ངག་གི་དབང་ཕྱུག་འཇམ་དཔལ་ཞེས་གྲགས་པ།།

བོད་གངས་ཅན་འགྲོ་བའི་སྐྱབས་མགོན་དུ་བྱོན་པ།།

དཔལ་ཆོས་རྗེ་བློ་བཟང་གྲགས་པ་མཆོག་དྲན་སོང་།།


ལུང་སྡེ་སྣོད་གསུམ་གྱི་བརྗོད་བྱ་ཀུན་རྟོགས་ནས།།

ལམ་བསླབ་པ་གསུམ་གྱིས་རང་རྒྱུད་དེ་སྦྱོང་ཞིང་།།

ཆོས་བསྡུ་བ་བཞི་ཡིས་འགྲོ་དོན་རང་མཛད་པའི།།

རྗེ་འཇམ་དབྱངས་བློ་བཟང་རྒྱལ་བ་དེ་དྲན་སོང་།།


ཆོས་མདོ་རྒྱུད་རིག་གནས་མཁྱེན་པ་ཡི་གཙུག་རྒྱན།།

ཁྲིམས་སྡོམ་གསུམ་རྣམ་པར་དག་པ་ཡི་མཆོག་གྱུར།།

འགྲོ་དོན་འཁྱེར་དྲི་མེད་ལྷག་བསམ་གྱི་གཏེར་ཆེན།།

རྗེ་མཁས་བཙུན་བཟང་བོའི་མགོན་པོ་དེ་དྲན་སོང་།།


ལུང་མདོ་རྒྱུད་འཆད་པ་གཡུ་འབྲུག་གི་སྙན་དབྱངས།།

དགག་སྒྲུབ་པའི་རྩོད་ངག་གནམ་ལྕགས་ཀྱི་འཁོར་ལོ།།

འགྲན་མེད་པའི་རྩོམ་པ་མཁའ་དབྱིངས་ཀྱི་ཉིན་བྱེད།།

ལྷོ་འཛམ་གླིང་མཁས་པའི་གཙུག་རྒྱན་དེ་དྲན་སོང་།།


ཆོས་བདེན་གཉིས་མཁྱེན་པའི་ཡེ་ཤེས་ཀྱི་སྤྱན་ལྡན།།

འགྲོ་མཐའ་དག་སྒྲོལ་བའི་བྱང་སེམས་ཀྱི་ཆུ་གཏེར།།

བདུད་མ་ལུས་འདུལ་བ་མཐུ་སྟོབས་ཀྱི་བདག་ཉིད།།

རིགས་གསུམ་གྱི་སྒྱུ་འཕྲུལ་དམ་པ་ཁྱེད་དྲན་སོང་།།


ཆོས་རྩ་བ་ཚུལ་ཁྲིམས་པད་དཀར་གྱིས་མཛེས་པའི།།

སྐྱོན་ལྔ་བྲལ་བསམ་གཏན་ཏིང་འཛིན་གྱི་མཚོ་མོར།།

བདེན་མེད་ཀྱི་ཤེས་རབ་སྣང་བརྙན་འབུམ་བཀྲ་པ།།

ལམ་བསླབ་གསུམ་རྟོགས་པའི་བླ་མ་དེ་དྲན་སོང་།།


མཐའ་གཉིས་བྲལ་སྣང་སྟོང་ཟུང་འཇུག་གི་ལྟ་བ།།

བྱིང་རྨུགས་པའི་སྐྱོན་བྲལ་ཏིང་འཛིན་གྱི་སྒོམ་པ།།

སོར་བྱང་སྔགས་སྡོམ་གསུམ་རྣམ་དག་གི་སྤྱོད་པ།།

སྐྱབས་རྗེ་བཙུན་བློ་བཟང་གྲགས་པ་དེ་དྲན་སོང་།།


ཕྱིའི་སྤྱོད་པ་ཉན་ཐོས་རྣམ་ཐར་གྱིས་མཛེས་ཤིང་།།

ནང་སེམས་པ་རླབས་ཆེན་གཞན་དོན་ལ་གཞོལ་བ།།

གསང་བདེ་སྟོང་ཏིང་འཛིན་ཡོན་ཏན་གྱིས་ཕྱུག་པ།།

དཔལ་མཁས་གྲུབ་བྱེ་བའི་གཙུག་རྒྱན་དེ་དྲན་སོང་།།


ཆོས་གསུང་རབ་དགོངས་འགྲེལ་ལ་སོགས་ཀྱི་སྙིང་བོ།།

དོན་མ་འདྲེས་ཚུལ་བཞིན་མ་ལུས་པར་གཟིགས་པའི།།

ཟླ་མེད་པའི་རྣམ་དཔྱོད་གནམ་ལྕགས་ཀྱི་ཐོག་མདས།།

རྒོལ་ངན་གྱི་བྲག་རི་འཇོམས་མཛད་མཆོག་དྲན་སོང་།།


སྐུ་མཚན་དཔེ་འབར་བའི་ལང་ཚོ་དེ་རྫོགས་ཤིང་།།

གསུང་སྒྲ་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པ།།

ཐུགས་བདེ་སྟོང་ཟུང་འཇུག་གཟི་བྱིན་ནི་རྒྱས་པའི།།

མགོན་ཆོས་རྒྱལ་བློ་བཟང་ཐུབ་པ་ཁྱེད་དྲན་སོང་།།


མཐོངས་རྒྱུ་སྐར་དབུས་ན་ཟླ་བ་ལྟར་མཛེས་པ།།

ཡོངས་རི་དྭགས་ཁྲོད་ན་སེངྒེ་བཞིན་བརྗིད་པ།།

ཆོས་བཤད་སྒྲུབ་བསྟན་ལ་ཟླ་བོ་དང་བྲལ་བའི།།

དཔལ་ཆོས་རྗེ་བློ་བཟང་ཐུབ་པ་དེ་དྲན་སོང་།།


རྒྱལ་རྒྱལ་སྲས་ཡི་དམ་ཆོས་སྲུང་གི་ཚོགས་ཀྱིས།།

གནས་མི་གཅིག་ཁ་བ་གངས་ཅན་གྱི་ལྗོངས་སུ།།

སྐུ་དངོས་དང་མཚན་མོའི་རྨི་ལམ་གྱི་ཞིང་ནས།།

ཞལ་ཡང་ཡང་གཟིགས་པའི་བླ་མ་དེ་དྲན་སོང་།།


དཔལ་དུས་ཀྱི་འཁོར་ལོའི་མགྲིན་པ་ཡི་ལམ་ནས།།

རྒྱུད་མཐར་ཐུག་དུས་འཁོར་ཟླ་མེད་དུ་སྟོན་པར།།

རྗེ་ཟླ་བཟང་འདྲ་བར་ལུང་བསྟན་དེ་གནང་པའི།།

བོད་ལྗོངས་ཀྱི་ཆོས་རྒྱལ་རིགས་ལྡན་དེ་དྲན་སོང་།།


ལྷ་རྗེ་བཙུན་བྱམས་མགོན་ཉིན་བྱེད་ཀྱི་དབང་བོས།།

རྗེ་ཐུབ་དབང་སླར་ཡང་གཤེགས་པ་ཡི་ཚུལ་བཞིན།།

ཁོང་རྒྱལ་བའི་མཛད་སྟོན་ལུང་བསྟན་དེ་ཐོབ་པའི།།

ཡུལ་བྱང་ཕྱོགས་སྐྱེ་རྒུའི་སྐྱབས་མགོན་དེ་དྲན་སོང་།།


གཞུང་མདོ་རྒྱུད་ཐོས་པས་མུན་པ་ཀུན་སེལ་ཞིང་།།

ལམ་བསླབ་གསུམ་རྟོགས་པས་རང་རྒྱུད་དེ་གྲོལ་བ།།

རྒྱུད་རིམ་པ་གཉིས་ཀྱིས་བདུད་བཞི་ནི་བཅོམ་པའི།།

དཔལ་ཆོས་རྗེ་བློ་བཟང་ཐུབ་དབང་ཁྱེད་དྲན་སོང་།།


སྤྱིར་གྲངས་མེད་འཇིག་རྟེན་སྐྱེ་དགུ་ཡི་ཚོགས་དང་།།

སྒོས་གངས་ཅན་ཡོངས་ལ་བརྩེ་ཆེན་གྱི་དབང་གིས།།

དཔལ་དྲི་མེད་རྒྱལ་བསྟན་སྲོལ་འབྱེད་ཀྱི་མཁན་པོ།།

ཕ་འཇམ་དབྱངས་བློ་བཟང་གྲགས་པ་དེ་དྲན་བྱུང་།།


ཡུལ་བྷོ་ཊའི་མཁས་གྲུབ་ཆེར་རློམ་པ་འགའ་ཡིས།།

ཆོས་མདོ་སྔགས་ཉམས་ལེན་ཐ་དད་དུ་སྣང་ཞེས།།

ལོག་རྟོག་གི་མུན་པས་ཕྱོགས་ཀུན་ཏུ་གཡོགས་ཚེ།།

རྗེ་ཁྱེད་ཀྱིས་བསལ་བའི་བཀའ་དྲིན་དེ་དྲན་སོང་།།


གཞུང་ཕ་རོལ་ཕྱིན་པ་གསང་སྔགས་ཀྱི་གཞི་རྩ།།

དཔལ་རྡོ་རྗེ་ཐེག་པ་ཕར་ཕྱིན་གྱི་དངོས་འབྲས།།

ཆོས་མདོ་རྒྱུད་མ་ལུས་འགལ་མེད་དུ་ངེས་པའི།།

དཔལ་ཆོས་རྗེ་བློ་བཟང་གྲགས་བ་དེ་དྲན་སོང་།།


ཆོས་འདུལ་ཁྲིམས་རྣམ་དག་རྒྱུད་སྡེ་ཡི་སྐྱེད་བྱེད།།

རྒྱུད་གསང་སྔགས་ཐེག་པ་འདུལ་བ་ཡི་འབྲས་བུ།།

དོན་འགལ་མེད་ཆོས་ཀྱི་ཉམས་ལེན་དུ་མཁྱེན་པ།།

རྗེ་དཔལ་ལྡན་བློ་བཟང་གྲགས་པ་ཁྱེད་དྲན་སོང་།།


འཁྲུལ་མེད་ཀྱི་སྤྱོད་པ་ལྟ་བར་ནི་བརྟེན་ཞིང་།།

ཡང་དག་པའི་ལྟ་བ་སྤྱོད་པ་དང་འབྲེལ་བའི།།

དེ་ཕན་ཚུན་འགལ་མེད་གྲོགས་སུ་ནི་ཤེས་པ།།

དཔལ་ཆོས་རྗེ་བློ་བཟང་རྒྱལ་བ་དེ་དྲན་སོང་།།


གཞུང་བཤད་པ་སྒྲུབ་པའི་ལམ་སྟོན་གྱི་སྒྲོན་མེ།།

དོན་སྒྲུབ་པ་བཤད་པའི་ཉིན་བྱེད་ཀྱི་འབྲས་བུ།།

ཆོས་བཤད་སྒྲུབ་ཟུང་དུ་འཇུག་པ་ཡི་བསྟན་པ།།

ཕྱོགས་ཀུན་ཏུ་སྤེལ་བའི་དམ་པ་ཁྱེད་དྲན་སོང་།།


སྐྱབས་ལྷག་པའི་ལྷ་ཡིས་ཞལ་གཟིགས་ནི་བྱུང་པའི།།

མགོན་སྐྱེས་བུ་དམ་པ་ཕྱོགས་ཀུན་ཏུ་འཁྲུངས་ཀྱང་།།

བསྟན་འདི་ལ་སྟོན་པ་གཉིས་པ་ཞེས་བསྔགས་པའི།།

མགོན་གཅིག་པུར་གྱུར་པའི་རྣམ་ཐར་དེ་དྲན་སོང་།།


ཆོས་བདུད་རྩི་འཐུང་བའི་འཁོར་སློབ་དེ་མང་ཡང་།།

ལྷུན་མཐའ་རུ་གསེར་གྱི་རི་བདུན་ལྟར་མཛེས་པའི།།

ཟླ་མེད་པའི་ཐུགས་སྲས་བདུན་ཞེས་ནི་འབྱུང་བར།།

ལུང་བསྟན་པ་བརྙེས་པའི་མགོན་པོ་ཁྱེད་དྲན་སོང་།།


མགོན་ཁྱེད་ཀྱི་རྨད་བྱུང་རྣམ་དཔྱོད་ཀྱི་ཀློང་ལས།།

ཆོས་ཇི་སྙེད་སྩལ་བའི་ལེགས་བཤད་ཀྱི་བདུད་རྩི།།

དཔལ་ཐུབ་དབང་པཎ་གྲུབ་དམ་པ་ཡི་སྲོལ་ལས།།

བསྲེ་ལྷད་ཀྱིས་མ་འདྲེས་ངོ་མཚར་དེ་དྲན་སོང་།།


བོད་གངས་རིས་བསྐོར་བའི་ཆོས་ལྡན་གྱི་ཞིང་ནས།།

ལྷོ་འཛམ་གླིང་ཕྱོགས་བཞིའི་ནོར་འཛིན་གྱི་ཁྱོན་ལ།།

དཔལ་འཁྲུལ་བྲལ་བསྟན་པས་ཁྱབ་མཛད་ཀྱི་བླ་མ།།

མགོན་རྒྱལ་བ་བློ་བཟང་གྲགས་པ་མཆོག་དྲན་སོང་།།


ཆོས་མན་ངག་འབུམ་སྡེའི་མ་དྲོས་ཀྱི་རྒྱུན་བཟང་།།

ཐུགས་བརྩེ་བ་ཆེན་པོས་ཡུར་ལམ་ནས་དྲངས་ཏེ།།

ཡུལ་གོ་ལའི་ཐ་གྲུ་ཁྱོན་ཡོངས་ལ་འགེངས་མཛད།།

དཔལ་སྟོན་པ་བློ་བཟང་ཐུབ་དབང་དེ་དྲན་སོང་།།


ཆོས་འདུལ་བའི་རྨད་བྱུང་ལག་ལེན་ནས་བཟུང་སྟེ།།

རྒྱུད་ཡང་རྩེ་དཔལ་ལྡན་གསང་འདུས་ཀྱི་གཞུང་གི།

དོན་མ་ལུས་སངས་རྒྱའི་ཐབས་ལམ་དུ་དྲིལ་མཛད།།

ངོ་མཚར་བའི་ལམ་སྟོན་ཐུབ་དབང་ཁྱེད་དྲན་སོང་།།


བཀའ་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་སྙིང་བཅུད།།

ཆོས་ཁྱད་འཕགས་བྱང་ཆུབ་ལམ་རིམ་དུ་གྲགས་པ།།

དུས་དེང་སང་བསྟན་པའི་ཚངས་ཐིག་ཏུ་གྱུར་པའི།།

ཚུལ་མཐོང་བས་དྲན་པའི་མིག་ཆུ་དེ་འཐོར་སོང་།།


དུས་ངན་པ་སྙིགས་མ་ལྔ་བདོ་ཡི་མཐའ་འདིར།།

དོན་རྣམ་གཉིས་མཐར་ཕྱིན་སྐུ་བཞི་ཡི་གོ་སར།།

ཆེས་མྱུར་དུ་འཇུག་པ་ཟབ་ལམ་གྱི་མཐར་ཐུག།

དཔལ་དགེ་ལྡན་སྲོལ་འབྱེད་བླ་མ་དེ་དྲན་སོང་།།


བྱིང་རྨུགས་པ་ཏིང་འཛིན་རྣམ་དག་ཏུ་རློམ་པའི།།

ཆོས་བསམ་གཏན་སྒོམ་པས་འཛིན་མ་ལ་ཁྱབ་ཚེ།།

རྗེ་མི་ཕམ་ཡབ་སྲས་གཞུང་ལུགས་ལ་བརྟེན་ནས།།

དོན་མི་རྟོག་བསྒྲུབ་ཚུལ་གདམས་པ་དེ་དྲན་སོང་།།


དྲི་མེད་ཀྱི་བསྲེག་བཅད་བརྡར་གསུམ་གྱི་གསེར་ལྟར།།

ལམ་བསླབ་གསུམ་རིན་ཆེན་གཏེར་མཛོད་དུ་གྱུར་པ།།

དཔལ་མཉམ་མེད་དགེ་ལྡན་བཤད་སྒྲུབ་ཀྱི་བསྟན་པ།།

དུས་མཐར་ཡང་བརྗིད་པའི་བཀའ་དྲིན་དེ་དྲན་སོང་།།


ཡུལ་ཁ་བ་གངས་ཅན་ཆོལ་གསུམ་གྱི་ལྗོངས་འདིར།།

ཆོས་མདོ་རྒྱུད་འཁྲུལ་མེད་སྲོལ་བཟང་གིས་ཁྱབ་པ།།

དཔལ་བློ་བཟང་རྒྱལ་བའི་ཐུགས་རྗེ་རང་ཡིན་པས།།

དུས་ནམ་ཡང་བཀའ་དྲིན་བརྗེད་ཐབས་ནི་མེད་དོ།།


སྨད་མདོ་ཁམས་ཡུལ་དུ་མཚན་དཔེ་དེ་བཞད་ཅིང་།།

སྟོད་དབུས་གཙང་ཞིང་ལ་ཞབས་ཟུང་ནི་འཁོད་དེ།།

བོད་འཁྲུལ་མེད་བསྟན་པའི་ལུགས་སྲོལ་དེ་ཕྱེ་བའི།།

རྗེ་འཇམ་དབྱངས་བློ་བཟང་གྲགས་པ་དེ་དྲན་སོང་།།


སྐུ་གཞོན་དུས་སྣ་མང་མདོ་རྒྱུད་ལ་སྦྱངས་ཤིང་།།

དུས་བར་དུ་ཆོས་ཀུན་གདམས་ངག་ཏུ་ཤར་པ།།

མཐར་ངེས་མེད་ཡུལ་དུ་སྒྲུབ་པ་ལ་བརྩོན་པའི།།

དཔལ་རྒྱལ་བ་བློ་བཟང་གྲགས་པ་དེ་དྲན་སོང་།། 


གནས་མ་བཅོས་ཡིད་འོང་བྲག་ཕུག་གི་ཕྲེང་བར།།

ཆོས་ཟབ་མོ་རིམ་གཉིས་ཉམས་ལེན་ལ་གཞོལ་ཏེ།།

ཚེ་གཅིག་ལ་རྒྱལ་བའི་གོ་འཕང་མཆོག་ཐོབ་པའི།།

དཔལ་འཇམ་མགོན་མི་ལ་རས་པ་ཁྱེད་དྲན་སོང་།།


སྡུག་འབུམ་ཕྲག་མཚོ་མོར་བྱིང་བ་ཡི་འགྲོ་ཀུན།།

ཐབས་རྨད་བྱུང་མཛད་པ་ཟིན་མེད་ཀྱི་གྲུ་ཡིས།།

དཔལ་རྣམ་གྲོལ་གླིང་དུ་འཁྲིད་པ་ལ་མཁས་པ།།

སྔོན་མེད་པའི་དེད་དཔོན་ཆེན་པོ་དེ་དྲན་སོང་།།


མཆོག་སྲིད་ཞིའི་དངོས་གྲུབ་བྱེ་བ་ཡི་སྦྲང་ཆར།།

དུས་སྙིགས་མའི་ཚེ་ཐུང་སྐད་ཅིག་མའི་རིང་ལ།།

དོན་བདེ་བླག་སྩོལ་མཛད་འགྲན་མེད་ཀྱི་བླ་མ།།

དཔལ་རྒྱལ་བ་བློ་བཟང་གྲགས་པ་དེ་དྲན་སོང་།།


རིགས་ཀུན་གྱི་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ།།

བདེ་སྟོང་གི་ཡེ་ཤེས་མ་ལུས་པའི་འབྱུང་གནས།།

ལྷ་ཡི་དམ་མཁའ་འགྲོ་སྟོང་ཕྲག་གི་རང་བཞིན།།

རྗེ་མགོན་པོ་འཇམ་དཔལ་སྙིང་བོ་དེ་དྲན་སོང་།།


ཞིང་རབ་འབྱམས་རྒྱལ་བ་སྟོང་ཕྲག་གི་ངོ་བོ།།

ཆོས་འགོག་ལམ་ཟུང་གི་ཡོན་ཏན་གྱི་སྐྱེད་མ།།

ཚོགས་དམ་པ་དགེ་འདུན་བྱེ་བ་ཡི་དབུ་རྒྱན།།

མཆོག་རྣམ་གསུམ་ངོ་བོ་བླ་མ་ཁྱེད་དྲན་སོང་།།


ཡུལ་རྒྱལ་བ་རྒྱ་མཚོའི་གསང་གསུམ་གྱི་མེ་ཏོག།

སྐུ་གསུམ་ལྡན་ངུར་སྨྲིག་འཛིན་པ་ཡི་རྣམ་རོལ།།

དཔལ་གངས་ལྗོངས་ཞིང་གི་ཚད་མ་ཡི་སྟོན་པ།།

སྐྱབས་ཟླ་མེད་བློ་བཟང་གྲགས་པ་དེ་དྲན་སོང་།།


ཐུགས་བརྩེ་བས་གདུལ་བྱ་འདུལ་བ་ཡི་ཕྱིར་དུ།།

དགྲ་ཕྱི་ནང་གསང་བའི་གཤིན་རྗེ་ཡི་གཤེད་པོ།།

དཔལ་འཇིགས་བྱེད་རོལ་བའི་རྡོ་རྗེ་རུ་སྤྲུལ་པ།།

མགོན་ཟླ་མེད་རྡོ་རྗེ་འཆང་དབང་དེ་དྲན་སོང་།།


བློ་སྒྲིབ་བྲལ་མཁྱེན་པ་ཕ་མཐའ་ལས་བརྒལ་ཞིང་།།

མཚན་སྙན་པ་སྲིད་གསུམ་ཞིང་ཁམས་ན་གཡོ་བ།།

དཔལ་འཕྲིན་ལས་འོད་རླབས་བྱེ་བ་ཡི་བདག་པོ།།

མ་འགྲོ་བའི་མུན་སེལ་ཉིན་བྱེད་ཁྱེད་དྲན་སོང་།།


སྔོན་དགེ་སློང་པདྨའི་ངང་ཚུལ་དུ་གྲགས་ཤིང་།།

སྟེང་ལྷ་ཡུལ་འཇམ་དཔལ་སྙིང་བོ་རུ་གསལ་པ།།

བྱང་བྷོ་ཊར་བློ་བཟང་རྒྱལ་བར་ནི་འབོད་པའི།།

དཔལ་ཆོས་རྗེ་འཇམ་མགོན་བླ་མ་དེ་དྲན་སོང་།།


སྐྱོན་བྲལ་བ་བཀའ་ཡི་དགོངས་པ་དེ་བཀྲལ་ནས།།

མདོ་རྒྱུད་སྡེ་ཟུང་འཇུག་རྒྱལ་བསྟན་གྱི་ཡང་སྙིང་།།

ལྷོ་འཛམ་གླིང་ཆེན་པོའི་ཁྱོན་ཡོངས་སུ་སྤེལ་བའི།།

ཕ་འཇམ་མགོན་བློ་བཟང་གྲགས་པ་དེ་དྲན་སོང་།།


མཐུ་རྫུ་འཕྲུལ་དཔལ་ལ་སྲིད་དབང་དེ་བསྒྱུར་པའི།།

དཔལ་བསྟན་པ་སྲུང་བའི་ཆོས་སྐྱོང་གི་ཚོགས་ཀྱིས།།

སྟོན་ཐུབ་པའི་བཀའ་ལྟར་འཕྲིན་ལས་ནི་སྒྲུབ་པའི།།

སྐྱབས་གཅིག་པུ་བློ་བཟང་ཐུབ་དབང་དེ་དྲན་སོང་།།


དཔལ་ཐུབ་པའི་རྣམ་གསུམ་སྡེ་སྣོད་ལས་མེད་ཅིང་།།

ཁོང་ཤིང་རྟ་ཆེན་པོའི་དགོངས་པ་དང་འགལ་བའི།།

ཆོས་ལྷད་མས་འགྲོ་རྣམས་ལོག་ལམ་དུ་འཁྲིད་ཚེ།།

རྗེ་ཁྱེད་ཀྱིས་བསྐྱབས་པའི་བཀའ་དྲིན་དེ་དྲན་སོང་།།


དུས་ལྔ་ཕྲག་ཆེར་སྙིགས་རྡོལ་བ་ཡི་དུས་འདིར།།

དཔལ་ཟླ་མེད་དགེ་ལྡན་ཆོས་རྒྱུད་ཀྱི་བསྟན་པ།།

ཡུལ་ཀུན་ཏུ་གཞན་ལས་ཆེས་ཆེར་དུ་དར་པའི།།

ཚུལ་མཐོང་ཚེ་ཁྱེད་ཀྱི་བཀའ་དྲིན་དེ་དྲན་སོང་།།


དཔལ་རྒྱལ་བསྟན་ཉི་མ་ནུབ་རི་ལ་བཞུད་ཅིང་།།

ཁོང་རྗེ་བཙུན་བླ་མ་དག་ཞིང་དུ་གཤེགས་རྗེས།།

དེང་ལྟ་སྤྱོད་ལོག་པས་འཛམ་གླིང་དུ་ཁྱབ་དུས།།

ཕ་བཤད་སྒྲུབ་བསྟན་པའི་ཉི་མ་ཁྱེད་དྲན་སོང་།།


འགོང་ཆོས་བརྒྱད་དུག་གིས་མྱོས་བ་དེ་ཆེ་བས།།

རང་ཆེར་རློམ་ཚོགས་ཀྱི་གཡོ་སྒྱུ་ཡི་འཕྲུལ་གྱིས།།་

ཡུལ་ཕྱི་ནང་བརླགས་པའི་སྐྱོ་གར་དེ་མཐོང་ཚེ།།

མགོན་ཁྱོད་ཉིད་དྲན་པའི་མཆི་མ་ནི་ལྷུང་སོང་།།


དཀོར་ལོག་འཚོའི་ཟས་ནོར་ཕྱུག་པ་ཡི་ཆེན་པོར།།

ཁོང་དམ་པར་བཀུར་བའི་ལྟ་ངན་གྱི་དུས་འདིར།།

ཆོས་འདོད་ཡོན་བདུད་ཀྱི་གཡབ་མོ་རུ་སྟོན་པའི།།

རྗེ་འདོད་ཆུང་མཆོག་ཤེས་འཛིན་པ་དེ་དྲན་སོང་།།


ཆོས་མངོན་གྱུར་འཇལ་བའི་ཤེས་རབ་དེ་མེད་ཀྱང་།།

ཡུལ་ལྐོག་གྱུར་མཁྱེན་པའི་རྟོགས་པ་ནི་འབར་བའི།།

ཁོང་ཆོས་རྫུ་མང་པོའི་གཡོ་འཕྲུལ་རྣམས་མཐོང་ཚེ།།

དཔལ་བཀའ་གདམས་བླ་མ་དམ་པ་ཁྱེད་དྲན་སོང་།།


ཡུལ་ཤེས་པར་བྱ་བའི་གནས་ལུགས་ཀྱི་དོན་ལ།།

བློ་ཡོངས་སུ་རྨོངས་པའི་མུན་པ་ཡིས་བསྒྲིབ་ཚེ།།

མགོན་ཁྱེད་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་ན།།

མཆོག་ཤེས་རབ་འོད་སྣང་སྟེར་བ་དེ་དྲན་སོང་།།


ནད་གདོན་སོགས་ཕྱི་ནང་བར་ཆད་ཀྱིས་མནར་ཚེ།།

མགོན་ཁྱོད་ལ་སྙིང་ནས་སྐྱབས་གསོལ་ལ་འབད་ན།།

འགལ་རྐྱེན་ཀུན་སེལ་བའི་བྱིན་རླབས་ནི་མྱུར་བའི།།

དཔལ་ཆོས་རྒྱལ་གསང་བའི་བདག་པོ་དེ་དྲན་སོང་།།


ཡུལ་བྱེས་སུ་འགྲོ་ཚེ་མགོན་སྐྱོབ་ནི་མཛད་ཅིང་།།

ཕྱིར་ལོག་ཚེ་འགལ་རྐྱེན་བར་ཆད་སོགས་སེལ་བ།།

ཅི་བསམ་དོན་འགྲུབ་པའི་བྱིན་རླབས་དེ་ཆེ་བའི།།

རྗེ་རྒྱལ་བ་བློ་བཟང་གྲགས་པ་མཆོག་དྲན་སོང་།།


ཚེ་འདི་རུ་བདེ་སྐྱིད་བྱིན་རླབས་དེ་གནང་ཞིང་།།

ཚེ་ཕྱི་མར་ངན་སོང་སྡུག་བསྔལ་ལས་སྐྱོབ་པའི།།

མ་ཉམ་ཐག་འགྲོ་བའི་འདི་ཕྱི་ཡི་སྐྱབས་མགོན།།

དཔལ་རྒྱལ་བ་བློ་བཟང་གྲགས་པ་དེ་དྲན་སོང་།།


ཞིང་འདི་རུ་འཆི་བའི་སྡུག་བསྔལ་གྱིས་མནར་ཅིང་།།

ཡུལ་བར་དོའི་འཇིགས་སྐྲག་ལམ་ཁ་དེ་བརྒྱུད་དུས།།

སྐུ་དངོས་སུ་ཕེབས་ནས་དག་ཞིང་དུ་འདྲེན་པའི།།

དཔལ་འོད་དཔག་མེད་མགོན་བླ་མ་དེ་དྲན་སོང་།།


ཚེ་རྫོགས་ཤིང་འཆི་ལྟས་སྣ་ཚོགས་དེ་ཤར་སྐབས།།

ལོ་གྲངས་མེད་གནས་པར་གསོལ་བ་ནི་བཏབ་ན།།

འཆི་མེད་ཀྱི་དངོས་གྲུབ་སྩོལ་མཛད་ཀྱི་ལྷ་མཆོག།

དཔལ་ཚེ་དཔག་མེད་མགོན་བླ་མ་དེ་དྲན་སོང་།།


སྐྱབས་ཀུན་འདུས་བློ་བཟང་རྒྱལ་བ་ཡི་མེས་པོ།།

སྤྲང་སྐྱིད་སྡུག་ལེགས་ཉེས་ཇི་འདྲ་ནི་བྱུང་ཡང་།།

རྗེ་ཁྱོད་མིན་སྐྱབས་བཅོལ་བྱེད་ས་ནི་མེད་པས།།

ཚེ་འདི་ཕྱིའི་འདུན་མ་ཁྱེད་རང་ནས་མཁྱེན་ནོ།།


ཞིང་འདི་ནས་གཟུགས་སྐུ་ཆོས་ཉིད་ཀྱི་དབུས་སུ།།

རིང་མིན་དུ་སྡུད་ལ་ཁྱོད་ཐུགས་ནི་གཞོལ་སྐབས།།

ལྷ་དཔའ་བོ་མཁའ་འགྲོ་སྟོང་ཕྲག་གི་ཚོགས་ཀྱིས།།

ཡུལ་ནམ་མཁའ་གང་བའི་ངོ་མཚར་དེ་དྲན་སོང་།།


དགུ་བདུན་ལོའི་བཅུ་པའི་ཉེར་ལྔ་ཡི་ཉིན་མོར།།

དཔལ་དགེ་ལྡན་རྣམ་པར་རྒྱལ་བ་དེའི་གླིང་དུ།།

འོད་གསལ་གྱི་དོན་དམ་མངོན་སུམ་དུ་གྱུར་ཚེ།།

སྐུ་འོད་ཕུང་གྱུར་པའི་མཛད་ཆེན་དེ་དྲན་སོང་།།


གནས་ཐུན་མིན་བར་དོ་ངོ་མཚར་གྱི་ཞིང་ནས།།

དཔལ་ལོངས་སྤྱོད་རྫོགས་པ་སྒྱུ་མ་ཡི་སྤྲུལ་སྐུའི།།

མཆོག་གྲུབ་པ་བརྙེས་པའི་རྡོ་རྗེ་འཆང་ཆེན་པོ།།

མགོན་རྒྱལ་བ་བློ་བཟང་གྲགས་པ་དེ་དྲན་སོང་།།


སྐུ་མྱ་ངན་འདས་པའི་མཛད་ཆེན་གྱི་ཉིན་མོར།།

སྒང་བོད་ཡུལ་ལ་སོགས་འཛམ་གླིང་གི་ཞིང་དུ།།

མགོན་ཁྱེད་ཉིད་རྗེས་དྲན་གླིང་མེ་ཡི་འོད་ཀྱིས།།

མཚན་ཉིན་མོར་བསྒྱུར་པའི་སྣང་བ་དེ་དྲན་སོང་།།


སྐབས་དེ་དུས་བོད་ཡུལ་གངས་ཅན་གྱི་ལྗོངས་སུ།།

མཐོངས་ཉི་ཟླར་འོད་ཀྱི་མུ་ཏིག་གིས་མཛེས་ཤིང་།།

ཕྱོགས་གང་སར་རོལ་མོའི་སྒྲ་སྙན་གྱིས་ཁྱབ་པའི།།

ལྟས་མཚན་མས་གང་བའི་མཛད་པ་དེ་དྲན་སོང་།།


སྐུ་ཆོས་ཉིད་དབྱིངས་ལས་གཡོ་བ་རང་མེད་པར།།

ཞིང་མི་གཅིག་གྲངས་མེད་འཇིག་རྟེན་གྱི་ཡུལ་དུ།།

དུས་གཅིག་ཏུ་ཅིག་ཅར་སྤྲུལ་བ་རང་འགྱེད་པའི།།

རྗེ་ཀུན་མཁྱེན་བློ་བཟང་གྲགས་པ་ཁྱེད་དྲན་སོང་།།


དམན་བདག་གི་མི་ཕྱེད་དད་གསུམ་གྱི་ཀློང་ལས།།

རྗེ་ཁྱེད་ཉིད་དྲན་པའི་མགུར་དབྱངས་ཀྱི་རོལ་མོ།།

ཐུགས་དགྱེས་པའི་ཟག་མེད་མཆོད་པ་རུ་ཕུལ་ན།།

ཡུལ་ལྷ་ཡི་ཞིང་ནས་ཐུགས་རྗེ་དེས་གཟིགས་ཤིག།


དགེ་འདི་ཡིས་ཐུབ་བསྟན་འབུམ་ཕྲག་གི་སྙིང་བོ།།

འཁྲུལ་བྲལ་བ་མདོ་རྒྱུད་ཟུང་འཇུག་གི་བསྟན་པ།།

དཔལ་རྒྱལ་བ་བློ་བཟང་གྲགས་པ་ཡི་རིང་ལུགས།།

ཕྱོགས་ཀུན་ཏུ་དར་ཞིང་རྒྱས་པར་རང་གྱུར་ཅིག།


བདག་འགྲོ་རྣམས་དེང་ནས་བྱང་ཆུབ་ཀྱི་བར་དུ།།

རྗེ་ཁྱེད་ཀྱིས་ལམ་སྟོན་སློབ་དཔོན་དེ་མཛད་ནས།།

གསུང་མདོ་སྔགས་ཆོས་ཀྱི་བདུད་རྩི་ལ་རོལ་ཅིང་།།

མཆོག་སྐུ་བཞིའི་ཁྲི་འཕང་དམ་པ་དེར་ཁོད་ཅིག།


རྗེ་བླ་མའི་བྱིན་རླབས་འབུམ་ཕྲག་གི་འོད་ཀྱིས།།

མ་རིག་པའི་འཁྲུལ་བའི་མུན་པ་དེ་བསལ་ནས།།

ལྔ་ཟུང་གི་རིག་པའི་གནས་ཀུན་དེ་རྟོགས་པའི།།

ཟབ་གསལ་གྱི་ཤེས་རབ་མྱུར་མོ་རུ་སྟེར་རོགས།།


ཡུལ་འཁོར་བའི་གནས་ལ་ཞེན་པ་དེ་ལོག་ནས།།

ཆོས་བླ་མེད་བྱང་ཆུབ་སེམས་པ་ལ་གཞོལ་ཞིང་།།

ཡང་དག་པའི་སྤྲོས་བྲལ་ཆོས་དབྱིངས་ཀྱི་ལྟ་བ།།

རིང་མིན་པར་རྒྱུད་ལ་འབྱུང་པར་ནི་གྱུར་ཅིག།


རྒྱུད་ངེས་དོན་རྣལ་འབྱོར་བླ་མེད་ཀྱི་སྙིང་པོ།།

ལམ་རིམ་པ་ཟུང་གི་ཉམས་ལེན་གྱི་འོད་ཀྱིས།།

དཔལ་བདེ་སྟོང་ཟུང་འཇུག་རྒྱལ་བ་ཡི་ཁྲི་ལ།།

ཆེས་མྱུར་དུ་འཁོད་པའི་དངོས་གྲུབ་དེ་ཞུའོ།།


ཞིང་འདི་ནས་གཡར་བའི་ལུས་རྟེན་འདི་དོར་ཚེ།།

ཡུལ་དགའ་ལྡན་ཆོས་ཀྱི་ཕོ་བྲང་ན་བཞུགས་པའི།།

སྐྱབས་གཅིག་པུ་འཇམ་དཔལ་སྙིང་བོ་ཡི་དྲུང་དུ།།

མྱུར་སྐྱེས་ནས་ཐེག་མཆོག་དམ་ཆོས་ལ་རོལ་ཅིག།


དུས་ནམ་ཞིག་ངོ་མཚར་རྨད་བྱུང་གི་ཁམས་སུ།།

དཔལ་བདེ་གཤེགས་སེང་གེའི་ང་རོ་ཡི་དྲུང་དུ།།

ཆོས་མདོ་སྔགས་ཟུང་གི་དགའ་སྟོན་ལ་རོལ་ཏེ།།

མགོན་ཁྱོད་ཐུགས་སྲས་ཀྱི་དང་པོ་རུ་གྱུར་ཅིག།


སྒོས་གངས་ཅན་ལྷ་གཅིག་ཐུགས་རྗེ་ཡི་གཏེར་ཆེན།།

སྐུ་ངུར་སྨྲིག་ཟློས་པའི་གར་བསྒྱུར་གྱི་སྐྱབས་མགོན།།

དཔལ་རྒྱལ་བའི་དབང་བོ་ཡབ་སྲས་ཀྱི་ཞབས་ཟུང་།།

དུས་མ་སྟོང་བར་དུ་འགྱུར་མེད་ངང་བཞུགས་ཤིག།

ཅེས་གངས་རིའི་ལྗོངས་ཀྱི་ཚད་མའི་སྟོན་པ་དཔལ་རྒྱལ་བ་བློ་བཟང་གྲགས་པ་མཆོག་ནི། གནས་ཚོད་ལ་དུས་གསུམ་བདེ་བར་གཤེགས་པ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་གསུམ་གྱི་རང་གཟུགས། ལྷ་མཆོག་རིགས་གསུམ་མགོན་པོ་མཐོན་མཐིང་རལ་བའི་ཟུར་ཕུད་ཀྱི་མེ་ཏོག་ཡོངས་སུ་བཏང་བ་སྟེ།  ངུར་སྨྲིག་གསར་བའི་བླ་གོས་ཟླུམ་པོར་འཆང་བའི་ལང་ཚོའི་ཟློས་གར་བསྒྱུར་པ་ནི་གོར་མ་ཆག་མོད། གདུལ་བྱ་ཐུན་མོང་པའི་སྣང་ངོར་སྔོན་འདས་པའི་བསྐལ་བ་གྲངས་དཔག་ཏུ་མེད་པའི་སྔ་རོལ་ནས་སྟོན་པ་དབང་བོའི་ཏོག་ཅེས་བྱ་བའི་སྤྱན་སྔར་མ་དག་པའི་འཇིག་རྟེན་གྱི་ཁམས་རྣམས་སུ།  སྤྲོས་བྲལ་དབུ་མའི་ལྟ་བ་དང་ཟུང་དུ་འབྲེལ་བའི་ཐེག་པ་ཀུན་གྱི་རྩེ་མོར་གྱུར་པ་བླ་མེད་རྡོ་རྗེ་ཐེག་པའི་ལུགས་བཟང་ལུས་དང་སྲོག་ལ་མི་ལྟ་བར་བདག་གིས་སྤེལ་བར་བྱའོ་ཞེས་ཐུགས་བསྐྱེད་དང་དམ་བཅའ་མཛད། ཁྱད་པར་དུ་ཚེ་ལོ་བརྒྱ་བའི་ཞིང་གི་སྟོན་པ་རྣམ་འདྲེན་བཞི་བ་ཤཱཀྱ་ཐུབ་པའི་དྲུང་དུ་དྲི་མ་མེད་པའི་ཤེལ་དཀར་པོའི་ཕྲེང་བ་བརྒྱ་རྩ་གཅིག་དད་པས་ཕུལ་ནས་ཟབ་མོ་དབུ་མའི་ལྟ་བ་ཕྱིན་ཅི་མ་ལོག་པ་སྤེལ་བའི་སྨོན་ལམ་དང་སྙིང་སྟོབས་ཀྱི་གོ་ཆ་བཞེས་ཏེ། མཁས་དང་གྲུབ་པའི་རྣམ་པར་རོལ་པ་མང་དུ་བསྟན་ནས་དག་མ་དག་གི་འཇིག་རྟེན་གྱི་ཁམས་མང་པོར་བཤད་སྒྲུབ་ཀྱི་བསྟན་པ་རྒྱ་ཆེར་སྤེལ། དེ་ནས་ཡུལ་བྱང་ཕྱོགས་ཁ་བ་གངས་ཅན་གྱི་ལྗོངས་གཙོ་བྱས་པའི་མི་ཤིགས་རླུང་གིས་བཏེགས་པའི་རབ་ཡངས་གོ་ལ་ཟླུམ་པོའི་ཕྱོགས་དང་ཕྱོགས་མཚམས་རྣམས་སུ། སྔོན་སྟོན་པ་ཐུགས་རྗེ་ཅན་དཔལ་རྒྱལ་བ་ཤཱཀྱ་ཐུབ་པས་སྲོལ་ཕྱེ་བ་དང་། དེའི་རྗེས་འབྲངས་མཁས་གྲུབ་རིམ་བྱོན་གསེར་རིའི་ཕྲེང་པ་ལྟ་བུ་རྣམས་ཀྱིས་རིམ་བཞིན་སྤེལ་བའི་ལྟ་སྒོམ་སྤྱོད་གསུམ་གྱིས་མངོན་པར་མཛེས་པའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ལ་ཕྱིས་བྱོན་ཆེར་རློམ་དག་གིས་མ་རྟོགས་པ་དང་ལོག་པར་རྟོག་པའི་དབང་གིས་དྲི་མ་ཅན་དུ་གྱུར་ཏེ་ཉམས་རྒུད་དུ་འགྱུར་ལ་ཉེ་བ་ན།རབ་དཀར་གངས་རི་སྟོང་གིས་ཡོངས་སུ་བསྐོར་བའི་གངས་ཅན་གྱི་ལྗོངས་འདི་ལ་ཆོལ་ཁ་གསུམ་དུ་ཕྱེ་བའི་མདོ་སྨད་ཙོང་ཁའི་ཡུལ་དུ་སྐུ་བལྟམས། སྐུའི་ན་ཚོད་ཤིན་ཏུ་ཕྲ་བའི་དུས་ནས་ཤར་ཕྱོགས་པ་རིགས་པའི་དཔའ་བོ་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་ཞབས་ལ་གཏུགས་ཏེ་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་མདོ་རྒྱུད་ཀྱི་གདམས་པ་མང་དུ་གསན་ཅིང་།  དགུང་ལོ་བཅུ་བདུན་སྟེང་མཁན་པོའི་བཀའ་བཞིན་དམ་པའི་ཆོས་འཚོལ་བ་ལ་རང་ཉིད་ཀྱི་སྐུ་དང་སྲོག་ལའང་མི་གཟིགས་པར་རི་ཀླུང་བརྒྱ་ཕྲག་མང་བོ་བརྒྱུད་དེ་བོད་དབུས་གཙང་ཆོས་ཀྱི་ཞིང་དུ་ཕེབས། དེར་ཡང་རྒྱལ་བའི་བཀའ་དང་མཚན་ལྡན་པཎ་གྲུབ་རྣམས་ཀྱི་གཞུང་དུ་མ་གྲགས་ཤིང་། ཟོག་པོ་མཁན་རྫུན་དག་གིས་བཟོས་པའི་ཟབ་ཆོས་དང་། ས་ཆོས་རྡོ་ཆོས་གནམ་ཆོས་སུ་གྲགས་པའི་ཆོས་ལུགས་ཙམ་ལ་ཚད་མར་མི་འཛིན་པར་གངས་ཅན་གྱི་ཤིང་རྟ་པ་ཆེན་པོ་རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་དཔལ་དང་། ལྷོ་བྲག་ནམ་མཁའ་རྒྱལ་མཚན། བླ་མ་དབུ་མ་པ་དཔའ་བོ་རྡོ་རྗེ། ཁྱུང་བོ་ལྷས་པ་གཞོན་ནུ་བསོད་ནམས། ཉ་དབོན་ཀུན་དགའ་དཔལ་བ། གོང་གསུམ་བདེ་ཆེན་པ་ཆོས་ཀྱི་དཔལ་བ་སོགས་མཚན་ཉིད་ཡོངས་སུ་རྫོགས་པའི་བཤེས་གཉེན་མི་ཡི་རྣམ་པར་རོལ་བ་བཅུ་ཕྲག་གསུམ་ལྷག་གི་ཞབས་སེན་གསེར་གྱི་པདྨོ་ལ་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཚུལ་བཞིན་དུ་བསྟེན་ཏེ། ཚད་མར་གྱུར་པའི་བསྟན་པའི་གཞུང་ཤིང་ལུང་སྡེ་སྣོད་གསུམ་དང་། བསྟན་པའི་སྙིང་བོ་གསང་སྔགས་རྒྱུད་སྡེ་བཞི། བསྟན་པའི་མཛེས་རྒྱན་ཐ་སྙད་རིག་པའི་གནས་མཐའ་དག་ལ་འོལ་སྤྱི་ཙམ་དང་། ཕྱོགས་རེ་ཙམ་མ་ཡིན་པར་སྦྱངས་པ་ཕ་རོལ་ཏུ་ཕྱིན་པས་མཁས་པའི་བགྱི་བ་རྣམ་པ་གསུམ་སྟེ་འཆད་པ་དང་།  རྩོད་པ་དང་། རྩོམ་པ་ལ་སོགས་པའི་སྒོ་ནས་འཛམ་གླིང་མཁས་པ་ཀུན་གྱི་གཙུག་གི་ཅོད་པན་ལ་ཞབས་སྐྱེས་མེ་ཏོག་རྣམ་པར་བཀོད་ཅིང་། བར་དུ་གངས་རིའི་ལྗོངས་ཀྱི་གནས་མཆོག་དམ་པ་འོལ་ཁ་ཆོས་ལུང་དང་། སེ་ར་བཀྲ་ཤིས་ཆོས་སྡིངས། བྱང་རྭ་སྒྲེང་རྒྱལ་བའི་འབྱུང་གནས་སོགས་ལྷ་ཡི་དགའ་ཚལ་འཛིན་མར་འཕོས་པ་ལྟ་བུའི་ཡིད་འོང་གི་དབེན་གནས་བཅུ་ཕྲག་མང་བོར། ཉིན་མཚན་ཁོར་མོ་ཡུག་ཏུ་མདོ་སྔགས་ཟུང་དུ་འཇུག་པའི་ཟབ་རྒྱས་ཀྱི་གདམས་པ་མ་ལུས་པ་ཆུ་བོའི་རྒྱུན་བཞིན་ཐུགས་ཉམས་སུ་བསྟར་པས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྟོགས་པའི་ཡོན་ཏན་ཐམས་ཅད་ཀྱི་ཀློང་ཡོངས་སུ་བརྡོལ།  མཐར་བོད་གངས་ཅན་གྱི་ཡུལ་གཙོ་བྱས་པའི་འཛམ་གླིང་ཡོངས་སུ་སངས་རྒྱས་ཀྱི་བསྟན་པ་ལ་ལྟ་སྒོམ་སྤྱོད་གསུམ་གྱི་ཆ་ལ་འཁྲུལ་བ་ཇི་སྙེད་ཅིག་བྱུང་ཡོད་པ་མ་ལུས་པ་རྒྱལ་བའི་བཀའ་དང་། འཕགས་ཡུལ་གྱི་ཤིང་རྟ་ཆེན་པོ་ཡབ་སྲས་རྣམས་ཀྱི་དགོངས་པ་འཁྲུལ་མེད་ལ་བརྟེན་ནས་དག་ཐེར་མཛད་དེ།    བསྟན་པ་ཐམས་ཅད་གྲུ་བཞི་ལམ་གྱིས་ཁྱེར་ཤེས་པ། ལུང་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་འཆད་མཉན། ལམ་བསླབ་པ་གསུམ་དང་རིམ་པ་གཉིས་ཀྱི་ཉམས་ལེན་ཡ་མ་བྲལ་ཞིང་།   ལྟ་སྒོམ་སྤྱོད་གསུམ་གང་གི་ཆ་ལ་འཁྲུལ་བའི་དྲི་མ་ཙམ་ཡང་མེད་པ་དཔལ་མཉམ་མེད་རི་བོ་དགེ་ལྡན་པ་ཞེས་ཡོངས་སུ་གྲགས་པའི་ལུགས་སྲོལ་བླ་ན་མེད་པ། སྔོན་ཁ་བ་རི་བོའི་ལྗོངས་ཙམ་དུ་མ་ཟད། འཛམ་གླིང་གི་ཡུལ་གྲུ་ཀུན་ཏུའང་བྱུང་མ་མྱོང་པ་འདི་ཉིད་གསར་དུ་བཙུགས་ཤིང་། བུ་སློབ་སྡོམ་པ་གསུམ་གྱི་ཚུལ་ཁྲིམས་ལ་གནས་པའི་སྒོ་ནས་སྐྱེས་བུ་གསུམ་དང་ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་ལྷུར་ལེན་ཅིང་། ལུང་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི།  ཐ་སྙད་རིག་པའི་གནས་མཐའ་དག་གི་ལྷ་ཡི་རྔ་ཆེན་བརྒྱུད་མར་སྒྲོགས་པའི་མཁས་པ་དང་གྲུབ་པ་ཀུན་གསལ་ཡངས་པའི་མཁའ་ལ་རྒྱུ་སྐར་བཀྲ་བའམ།  ནོར་འཛིན་གྱི་གཞི་ལ་མེ་ཏོག་བཞད་པ་ལྟ་བུར་བསམ་གྱིས་མི་ཁྱབ་པ་དངོས་སློབ་ཡང་བརྒྱུད་དང་བཅས་པས་འཁོར་ལོ་གསུམ་གྱི་ལེགས་མཛད་བླ་ན་མེད་པའི་སྒོ་ནས།    ནུབ་གུར་ཀུམ་གྱི་མེ་ཏོག་བཞད་པའི་ལྗོངས་ནས་ཤར་སྲིན་སྐུད་གོས་སུ་འཐགས་པའི་རྒྱལ་ཁམས་ཀྱི་ཁྱོན་ལས་བརྒལ་ཏེ། རབ་མེད་ཆུ་བོ་ཆེན་པོ་བཞི་ཡིས་ཡོངས་སུ་བཅིངས་པའི་འཛམ་གླིང་ཆེན་པོ་ཞེས་བྱ་བ། ཆོས་དང་རིག་གཞུང་མི་འདྲ་བ། སྐད་དང་ཡི་གེ་མི་གཅིག་པ།    ཤ་ཚུགས་དང་ཆ་ལུགས་མི་འདྲ་བའི་སྐྱེ་བོའི་ཚོགས་ཀྱིས་ཡོངས་སུ་གང་བའི་གླིང་དང་གླིང་ཕྲན་རྣམས་སུ་ཆོས་ཀྱི་གཙུག་ལག་ཁང་དང་དགེ་འདུན་གྱི་སྡེ། སློབ་གླིང་དང་ཞིབ་འཇུག་ཁང་། ཆོས་ཚོགས་སོགས་བསྐྲུན་པས་ཕྱི་གཙང་ནང་གཙང་གི་པདྨོའི་སྦུབས་ལྟ་བུའི་དཀར་འཇམ་ཡུག་གཅིག་གིས་ཁྱབ་པར་མཛད་པ་མཐོང་པས།          ཡུལ་མདོ་སྨད་གཅན་ཚ་རུ་སྐྱེས་པའི་བཙུན་གཟུགས་བློ་བཟང་བསྟན་འཛིན་ནམ་མིང་གཞན་ཚངས་སྲས་བཞད་པའི་ལང་ཚོར་འབོད་པས་མཚོ་ཁྲི་ཤོར་རྒྱལ་མོའི་ལྷོ་རྒྱུད་ཀྱི་ཆོས་སྡེ་ཆེན་པོ་དཔལ་བཀྲ་ཤིས་ཐེག་མཆོག་གླིང་དུ་དྲན་གདུང་དང་བཅས་སྤྱི་ལོ་༢༠༡༩ལོའི་ཧོར་ཟླ་༩པའི་ཚེས་༢༢ལ་བྲིས་པའོ།།

རྩོམ་སྒྲིག་པ། : རིག་འཛིན་ཚེ་རིང་།