ཀྲུང་གོ་བོད་ཀྱི་དྲ་བ།

རིགས་ཀྱི་བུའི་སྙན་ཐུང་ཁག་གསུམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིགས་ཀྱི་བུ།   སྤེལ་དུས། : 2019-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

314788119813899245.jpg

ལམ།


ཆུང་བྱིས་པའི་དུས་ནས་རྒས་པའི་བར། །
ལམ་དེད་ནས་སོང་ཞིང་དེད་ནས་འོངས། །
ལམ་རེ་རེའི་མཐའ་ནས་ངལ་རེ་བསོས། །
ལས་རེ་རེ་བསྒྲུབས་རྗེས་ལམ་དུ་ཆས། །
ཁྱོད་སྟོད་ནས་ཡོང་ཞིང་སྨད་ལ་ཆས། །
ང་སྨད་ནས་ཡོང་ཞིང་སྟོད་ལ་སོང་། །
ལམ་གཅིག་གི་མཐའ་ལ་གཅིག་དེ་དེད། །
གྲོང་གཅིག་གི་རྗེས་སུ་གཅིག་དེ་བསྙེགས། །
ང་དེང་མར་འདང་ཆེན་མི་ཞིག་ཡོད། །
དུས་ད་ལྟ་ས་ཕྱོགས་གང་ན་ཡོད། །
ང་དེང་མར་དགའ་བའི་གྲོགས་ཤིག་ཡོད། །
དུས་ད་ལྟ་གྲོགས་དེ་གང་དུ་མཆིས། །
ངས་རི་བོ་བརྒལ་ཞིང་གཙང་པོ་བརྒྱུད།།
ངས་ལ་ལུང་ཉུལ་ཞིང་གྲོང་སྡེ་བརྟོལ། །
ང་འདི་ནས་ཡོང་སྟེ་འདི་རུ་འགྲོ །
ཁྱོད་གང་ནས་འོངས་ཏེ་གང་དུ་འགྲོ །
ལམ་རེ་རེའི་མཐའ་ལ་རེ་རེ་འདུག །
ལས་རེ་རེའི་མཐའ་ལ་རེ་རེ་འོང་། །
མི་རེ་རེར་འཕྲད་ཅིང་རེ་རེ་བྲལ། །
གྲོང་རེ་རེར་ཉུལ་ཞིང་རེ་རེ་བསྐྱུར། །
                           ༢༠༡༦/༡༢/༦

        12.png

མི་ཡི་རིགས་ལ་སུམ་བརྒྱ་ཐམ་པ་ཡོད།


ལས་ཀྱི་རླུང་གིས་ཡང་ཡང་བསྲུབས་པ་ཡི། །
འཇིག་རྟེན་འདི་ནི་རྒྱ་མཚོ་ཆེན་པོ་སྟེ། །
མཚོ་སྟེང་མཚོ་འོག་ཐམས་ཅད་མི་ཡིས་ཁེངས། །
ལས་དང་བསོད་ནམས་བསགས་ཚད་མི་འདྲ་བས། །
ལུས་དང་རིག་པ་རབ་འབྲིང་ཐ་གསུམ་སྐྱེས། །
འབྱོར་བ་འབྱུང་ཁུངས་འཚོ་ཡུལ་མི་གཅིག་པས། །
བསམ་ཕྱོགས་རེ་འདུན་མི་གཅིག་ཁ་ཁར་ཆགས། །
སྤྱིར་ན་ཕོ་མོའི་བསམ་མཐའ་མི་གཅིག་ལ། །
ལྷག་ཏུ་མི་རིགས་བསམ་འདུན་མི་གཅིག་པ། །
གནའ་ནས་ད་ལྟའི་བར་གྱི་སྤྱི་གཤིས་རེད། །
མི་ཡི་རིགས་ལ་སུམ་བརྒྱ་ཐམ་པ་ཡོད། །
སུམ་བརྒྱ་ཐམ་པར་བསམ་སྤྱོད་སུམ་བརྒྱ་ཡོད། །
ལ་ལ་ཟང་ཟིང་ཆོས་དང་ནོར་ལ་དགའ། །
ལྷག་ཏུ་གསེར་དངུལ་ཟངས་ལྕགས་སོགས་ལ་དགའ། །
རིན་ཆེན་རྒྱན་ཆ་ཞེས་བྱ་བརྩི་མཐོང་བྱེད། །
ལ་ལ་ཞི་འཇམ་ཞི་འཇགས་འཚོ་བར་དགའ། །
སྒོམ་ཆེན་བྲག་གི་རྣམ་ཐར་སྐྱོང་ལ་གོམས། །
འགའ་ཞིག་རིག་པ་དཔེ་ཆའི་ཐོག་ལ་བསྟུམས། །
འཚོ་བ་ཕུགས་བསམ་རི་མོའི་ནང་དུ་བསྒོམས། །
ད་དུང་མང་ཤོས་ཆགས་སྡང་དབང་དུ་ཤོར། །
གཉེན་དང་ཡུལ་ཞེས་སྟངས་འཛིན་ཆེ་ཆེར་བྱེད། །
ཐ་མར་ཁྱིམ་ཞེས་སྲེད་པའི་དོང་དུ་ལྷུང་། །
འདོད་ཆགས་ཐུར་མེད་དེ་ཡིས་བྲན་དུ་རྒྱུག །
བུད་མེད་མང་ཤོས་སྐྱེས་པའི་དབང་དུ་ཤོར། །
ལྷག་ཏུ་དབང་ཆེན་ཁ་ཡག་མིའི་ལག་ཤོར། །
སྐྱེས་པ་མང་ཤོས་དབང་དང་ཁེ་ཡིས་བསླུས། །
མི་ཚེ་སྐྱིད་ཉལ་སྒྱིད་ལུག་ངང་ནས་འདས། །
མི་ཡི་ལུས་འདིར་རྟག་བརྟན་ག་ནས་ཡོད། །
སྐྱི་པགས་ཡག་བཙོག་དུས་ཀྱི་སྔ་གཞུག་ཙམ། །
ཉི་ཤུར་མ་ཐོན་བསམ་སྤྱོད་བྱིས་པ་རེད། །
བཞི་བཅུར་ཐོན་དུས་རྒན་པའི་དཔུང་གྲལ་རེད། །
མཚར་སྡུག་རི་མོ་ཞེན་ཆགས་ཆེས་མོད་པ། །
ལང་ཚོའི་དུས་སྐབས་ཡིན་པ་དེའི་དོན་རེད། །
མི་ཡི་རིགས་འདི་ཨ་ཅང་ཅི་མཚར་ཏེ། །
སྡུག་བསྔལ་ཁབ་རྩེ་ཙམ་ཡང་མི་སྲོན་པ། །
ང་ཚོ་མི་རེར་མཐོང་ཆོས་མྱོང་འགྱུར་ཡིན། །
བདེ་སྐྱིད་འཚོ་བར་སུ་ཡང་སྨོན་ན་ཡང་། །
སྨོན་པ་འགྲུབ་པའི་རྒྱུ་ལ་མི་བརྩོན་པར། །
རྨི་ལམ་སྟོང་བ་གཞན་བརྟེན་ཁོ་ན་ཡིས། །
ས་འབུ་ཐགས་ནར་བཞིན་དུ་ཐང་ན་རྒྱུ། །
མི་ཡི་རིགས་ལ་སུམ་བརྒྱ་ཐམ་པ་ཡོད། །
སུམ་བརྒྱ་རེ་རེ་འཁོར་བའི་ཀློང་ན་འཁོར། །
ལྷག་ཏུ་དབང་ཆེན་མི་ཡི་ལག་ཏུ་འཁོར། །
འཁོར་བའི་ཕ་རོལ་ཆེན་པོ་མ་མཐོང་ན། །
རྟོགས་སད་རི་མོ་ནམ་ཡང་འབྲི་ཐབས་མེད། །
མི་ཡི་རིགས་འདི་ས་སྟེང་ཁེངས་ན་ཡང་། །
ས་སྟེང་འདི་ན་སངས་རྒྱས་ཉུང་ཉུང་ཡིན། །
སེམས་དཔའ་ཉན་ཐོས་ཅུང་ཙམ་ཡོད་ནའང་། །
འཁོར་བར་ཁ་ལོ་འདྲེན་པའི་དཔུང་མ་ཡིན། །
མདོར་ན་མི་ཡི་རིགས་ནི་འདྲ་མ་ཡིན། །
ལ་ལ་སྐྱེས་པའི་དུས་ནས་ཕྱུག་པོ་ཡིན། །
ཟས་གོས་རང་གྲུབ་འཛམ་གླིང་སྐོར་ཉུལ་བྱེད།།
ལ་ལ་ཚེ་གང་རི་ལུང་ཐང་ནས་ལུས།།
མེ་འཁོར་གནམ་གྲུ་ཙམ་ཡང་བསྡད་མྱོང་མེད། །
ལ་ལ་བྱ་བའི་རྟིང་རྡོས་དམ་ལ་བཏགས། །
ཚེ་གང་དེ་ཡི་མཐའ་རུ་སྐོར་ནས་རྒས། །
ལ་ལས་ཚེ་གང་འབད་པ་བསྐྱེད་ནའང་། །
མི་རབས་ཕྱུག་པོའི་ཆ་ལ་བསྒྲུན་མ་ཡིན། །
མི་ཡི་རིགས་ལ་སུམ་བརྒྱ་ཐམ་པ་ཡོད། །
སུམ་བརྒྱ་ཐམ་པར་བསམ་སྤྱོད་སུམ་བརྒྱ་ཡོད། །
མི་ཡི་ཚེ་ཚད་བདུན་ཅུ་བརྒྱད་ཅུ་ཙམ། །
བརྒྱད་ཅུ་བདུན་ཅུ་ཚང་མར་ཡོད་མ་ཡིན། །
ང་ཚོ་སྔར་བཞིན་འཁོར་བའི་ནང་དུ་འཁོར། །
འཁོར་གྱིན་འཁོར་གྱིན་འཁོར་བའི་གཏིང་ལ་ལྷུང་། །
                               སྤྱི་ལོ༢༠༡༧/༦/༡ལ་བྲིས།

微信图片_20190926155847.jpg

ཕལ་བའི་བློ་ལ་ཡིད་རྟོན་ཆེར་མ་ཡོད།

ཕ་ཤ་ཟ་ཞིང་མ་ལ་རྡེག །
ཆུང་མས་ཁྱོ་བོའི་རུས་པ་འཆའ། །
ལས་ངན་དགྲ་བོ་པང་དུ་བཟུང་། །
འཁོར་བའི་ལས་ལ་སྐྱུག་རེ་བྲོ། །
                ཁ་བྱང་གི་འགྲེལ་དུ།


འཁོར་བའི་གནས་ལ་ཞེན་ཆགས་ཅི་རེ་ཡོད། །
ཕལ་བའི་བློ་ལ་ཡིད་རྟོན་ཅི་ཞིག་ལྷག །
མི་འགྱུར་དམ་བཅའ་དུག་བཟའ་ག་ཚོད་ཡོད། །
གྲོགས་པོས་གྲོགས་པོ་བསླུ་བ་ག་ཚོད་མཆིས། །
སྔ་དྲོ་གྲོགས་པོ་ཕྱི་དྲོ་དགྲ་བོ་མང་། །
ད་ལོ་དགའ་ས་ཕྱི་ལོ་སྡང་ས་མང་། །
དྲིན་ལ་དྲིན་ལོག་བྱེད་པ་རྫོགས་མེད་ཡིན། །
གཏམ་ལ་ཡ་ལན་འཕྲོད་པ་རེ་གཉིས་ཡིན། །
གཞུང་མང་མ་བཀླགས་མཁས་མིང་འཛིན་པ་མང་། །
དགེ་བ་མ་བསགས་བདེ་བ་མྱོང་འདོད་མང་། །
རང་མགོ་མི་འཁྱོངས་གཞན་མགོ་བྱེད་པ་མང་། །
སྒོར་མོའི་ཆེད་དུ་གང་ཡང་བཙོང་ནི་མང་། །
འཚོ་བའི་ཆེད་དུ་རང་བརྩི་བོར་ནི་མང་། །
ད་དུང་རང་འདོད་སྣང་བ་མཐོ་ནི་མང་། །
གོ་ཁའི་དཔའ་བོ་ཆང་ཁའི་སྨྱོན་པ་མང་། །
རིག་པ་རྟུལ་བོ་རང་ཚུགས་གྱོང་ནི་མང་། །
དེ་འདྲའི་མི་ལ་ཡིད་རྟོན་ཅི་ཞིག་ཡོད། །
དཀའ་བའི་ལས་ཀྱི་གདོང་དུ་སྒྱིད་པ་ལུག །
དབང་ཆེན་བཙན་པོའི་མདུན་དུ་གཉའ་ལྟག་ཞུམ། །
རྒྱུ་ཆེན་སྙན་གྲགས་མདུན་ནས་རང་ཚུགས་འཆོར། །
ད་དུང་རང་མིའི་ནང་ལ་སྟག་ལྟར་བཙན། །
གཞན་སྡེའི་དགྲ་བོའི་མདུན་དུ་ཝ་ལྟར་ཞུམ། །
བླ་མར་མ་གུས་བླ་སྲོག་མེད་ནི་མང་། །
ཨ་མ་མིན་ནས་མི་ངོ་མི་ཤེས་མང་། །
ཐབ་ཀ་མིན་ནས་ས་ཆོད་མེད་ནི་མང་། །
ད་དུང་གཞུང་ཆེན་ཕ་མཐའ་བརྒལ་ཡོད་སྐད། །
སྐད་རིགས་སྣ་མང་ངག་ལ་བྱང་ཡོད་སྐད། །
བརྡ་སྤྲོད་སྙན་ངག་ཙམ་ཡང་མ་སོང་བའི། །
འཁོར་བ་འདི་རུ་ལམ་སྟོན་མཁན་པོ་མང་། །
མདོ་དབུས་ཁམས་གསུམ་རོང་བ་འབྲོག་པ་སོགས། །
ཆེ་ཆུང་དབྱེ་བ་ཆེ་ནས་ཆུང་དུ་ཕྱེ། །
བདག་འཛིན་ལྟ་བ་ཆེ་ནས་ཆེ་རུ་ཕྱིན། །
ཆོག་ཤེས་སེམས་པ་ཆུང་ནས་ཆུང་དུ་ཕྱིན། །
ཕལ་བའི་མི་རྣམས་ཕལ་བའི་དོན་ལ་ཆགས། །
ཕལ་བའི་བློ་ལ་ཡིད་རྟོན་ག་རེ་ཡོད། །
                            ༢༠༡༧/༡/༣

རྩོམ་སྒྲིག་པ། : གསང་བདག་རྒྱལ།