རྟེའུ།

 1.jpg

          རྟེའུ།
             
            ཁྲི་གོང་ཨོ་རྒྱན་ཚེ་རིང་།
 
ཨ་མས་ཅི་ཞིག་བོར་མ་འོང་བསམས་ནས
ཆུ་ལྷའི་པང་གི་ཉི་ཟེར་རེ་རེ་སྦྲ་འདབས་ལ་ཕྱགས་ཤིང
མུན་པ་རི་ལུང་ལ་བཏིང་བ་དང
དལ་ཅག་གེར་ལུག་ཁྱུའི་རྨི་ལམ་ལ་གསན
 
ཁྱེད་ཀྱིས་མིག་མཐར་འོད་ལམ་ལམ
ཐབ་མདོའི་མེ་རོ་དཀྲུགས་བཞིན 
ཕ་གིའི་རི་གྲོང་ནས་ཅི་ཞིག་རྙེད་མདོག་གིས
མཚན་མོའི་རྨི་ལམ་དཀྲོགས
 
ཉོན་དང  རྒྱང་རིང་གི་ཡུལ་གྲུ་དེ་ན་རྟེའུ་འཚེར་ཞིང
ཅི་བྱ་གཏོལ་མེད་ཀྱི་རྨིག་སྒྲས་རྩྭ་ཐང་བྱེ་བ་ཕྲག་བརྒྱ་རུ་གཏུབས
 
རྟེའུ་ལྷ་བུ་ལས་ཀྱང་མཛེས་ཤིང
ལྟ་ན་སྡུག་པའི་ཐོད་རྫི་དེ
ཐོ་རེངས་ཀྱི་སྐར་ཆེན་ལས་ཀྱང་གསལ་ལ
ཤར་རིའི་ཟླ་བ་བཞིན  དཀར་ལྷང་ངེར
རྩྭ་ཐང་གི་མཁའ་དབྱིངས་ན་འཚེར
 
གོ་ཚོད་ལ
བྲེ་སེར་འབྲོང་གི་རྭ་བར་ན་གཡུ་འབྲུག་སྔོན་མོའི་སྒོང་ང་དང
ཁ་དཀར་རྐྱང་གི་ལག་བར་ན་སྐྱི་བསེར་རླུང་གི་འཁོར་ལོ་ཡོད་པར་བཤད་ཀྱང
ད་ལྟ་རྒྱལ་སྲས་རྣམས་ཀྱིས་ཀོང་ཇོ་དང
བུ་མོ་རྣམས་ཀྱིས་སྤྲེའུ
ད་དུང་བྲན་གཤིས་དྲག་པོའི་ཕྲག་དོག
ཁ་བཏགས་དམར་པོར་འཁྲེང་བའི་བརྩེ་དུང
མེ་ཏོག་དང་ཤིང་འབྲས་ཀྱི་མཚར་སྡུག
ཡོད་ཚད་བློ་ཡུལ་ལས་བརྒལ་ཅིང  ཤ་འོད་བཞིན
ཐེ་ཚོམ་སྤུ་ཙམ་མེད་པར་མདུན་ནས་མདུན་དུ་མཆོངས་འོངས
 
ཁྱེད་ཀྱིས་ཅི་ཞིག་རྙེད་མདོག་གིས་མགོ་བོ་ཡར་དགྱེས་པར
མིག་ཆུ་ཁ་འཚུབ་ལས་ཟགས་པའི་སྐར་ཆེན་བཞིན་ཐབ་མདོར་ལྷུང

ཡང་ཨ་མས་ཅི་ཞིག་བོར་མ་འོང་བསམས་ཏེ
ལུག་ཁྱུའི་ལྗང་མདོག་གི་མིག་གོང་རེ་རེ་མཚན་མོའི་རྨི་ལམ་དུ་སྦས
 
སྤྱིར་ན་ངས་ཁྱོད་མེ་ཏོག་དང་ཤིང་འབྲས་ཀྱི་མཚར་སྡུག
ད་དུང་རྨི་ལམ་གྱི་ངང་གཤིས་དང་བསམ་བློ
འོད་སྟོང་འབར་བའི་རྟེའུ་དེ་ངོ་སྤྲོད་བྱ་དགོས་མོད
འོན་ཀྱང་རྟེའུ་ལྷ་བུ་ལས་ཀྱང་མཛེས་ཤིང
མཐིང་མདོག་གི་རྨི་ལམ་དེ
ནམ་མཁའ་ལས་ཀྱང་དྭངས་ལ
ཉི་གཞོན་ལས་ཀྱང་མཚར
 
ཉོན་དང རྒྱང་རིང་གི་ཡུལ་གྲུ་དེ་ན་རྟེའུ་འཚེར་ཞིང
ཅི་བྱ་གཏོལ་མེད་ཀྱི་རྨིག་སྒྲས་རྩྭ་ཐང་བྱེ་བ་ཕྲག་བརྒྱ་རུ་གཏུབས 
 
 
                  ༢༠༡༨.༤.༡༣ཉིན་ལྷ་ས་ནས།
 


རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།