ཀྲུང་གོ་བོད་ཀྱི་དྲ་བ།

གནའ་མཁར་འདྲེ་བཞི་དང་ཁོ་ཚོའི་ཉེ་བྲིས་སྙན་ངག

ཡོང་ཁུངས། : སྐད་འཕྲིན་ལས་བཤུས།     སྤེལ་དུས། : 2018-11-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

1994ལོའི་ཟླ་5ཚེས་6ཉིན།  བོད་ཀྱི་ན་གཞོན་བཞི་ཡིས་གནའ་མཁར་ཟི་ལིང་དུ་སྙན་ངག་གི་ཚོགས་པ་ཞིག་བཙུགས། ཕྱིས་སུ་མི་རྣམས་ཀྱིས་དེ་ནི་བོད་ཀྱི་དེང་རབས་སྙན་ངག་གི་ཚོགས་པ་ཐོག་མ་ཡིན་ཟེར། གཤམ་ནས་ཁོང་རྣམ་པའི་ཉེ་བྲིས་ཀྱི་བརྩམས་ཆོས་འགའ་ངོ་སྤྲོད་བྱ།

2.jpg

སྙན་ངག་པ་ཞི་བདེ་ཉི་མའི་ཉེ་པར།

ནད་པ་དམར་པོ།

——གློག་བརྙན་ཞིག་ལ་བལྟས་རྗེས།

                ཞི་བདེ་ཉི་མ།

སྒོ་ཆེན་དེ་ནི་ནད་ཁྲི་དམར་པོ་ཞིག་རེད།

དེའི་སྟེང་ཡ་མཚན་ཅན་གྱི་ནད་པ་འདུས་འདུག

ནད་པ་དག་གིས་ཕན་ཚུན་ལད་མོ་བྱེད་ཅིང་།

ནད་ཡམས་ཀྱི་འཚང་ཁའི་ཁྲོད་དུ།

ཁོ་ཚོ་ལ་ཉིན་མོ་དང་མཚན་མོ་མེད།


ནད་ཁྲིའི་སྟེང་ཕོ་མོ་ལྷན་བསྲེས་ཀྱིས་སྡོད་ཅིང་།

ཟུག་གཟེར་རྒྱག་ཐེངས་རེ་ལ།

གློག་ཞགས་ལྟ་བུའི་འོད་དམར་ཞིག་གིས།

ནད་པའི་ངོ་གདོང་ལ་ཡིག་འབྲུ་དམར་པོས་ཁེངས།

སྐྱེས་ཕོ་དག་གི་མིག་མདངས་མེ་ལྟར་དམར།

སྐྱེས་དམན་དག་གི་ལག་ཟུང་ཁྲག་བཞིན་དམར།


སྐབས་ལན་རེར།

ནད་པ་འདི་དག་སྨན་པ་ཞིག་དང་འདྲ།

སྨན་ཤོག་སྨར་པོ་ཞིག་གི་དཀྱིལ་ལ།

ཡིག་གེ་དམར་པོ་ཞིག་བྲིས་ནས།

བདེ་ཐང་གི་མིའི་ཁ་དོག་བསྒྱུར།

ཚང་མ་དམར་པོ་དམར་རྐྱང་ལ་བསྒྱུར།


ནད་པ་འདི་དག་སྤྲོ་སྣང་གིས་ཁེངས་འདུག

ཁོ་ཚོའི་སྤྲོ་སྣང་དེ་དར་ལྕོག་དམར་པོ་ཞིག་དང་འདྲ།

ཁོ་ཚོའི་མིག་ལམ་གྱི་སྨན་པ་དམར་པོ་རེད།

ཁོ་ཚོས་བཏུང་བཞིན་པའི་སྨན་རིལ་དམར་པོ་རེད།

ཁོ་ཚོས་སྨན་འཐུང་རྗེས་ཀྱི་ཚོར་སྣང་དམར་པོ་རེད།

ཁོ་ཚོ་ནད་ལས་ཐར་རྗེས་ཀྱི་འཚོ་བ་དམར་པོ་རེད།

ཁོ་ཚོ་ཚེ་ལས་འདས་རྗེས་ཀྱི་དུར་ཁྲོད་ཀྱང་དམར་པོ་རེད།


ནད་པ་འདི་དག་གིས་བརྗོད་པའི་སྐད་ཆ་གཅིག་རེད།

ནད་པ་འདི་དག་གིས་གྱེར་བའི་གཞས་དབྱངས་གཅིག་རེད།

ནད་པ་འདི་དག་ནི་ནད་པའི་ནང་གི་ནད་པ་ཡིན།

ནད་པ་འདི་དག་གི་ཆོ་ངེ་ནི་དམར་པོ་རེད།

ནད་པ་འདི་དག་གི་བརྟག་དཔྱད་སྡོམ་ཚིག་ནི་དམར་པོ་རེད།


ནད་པ་འདི་དག་ལ་རེ་བ་ཉག་ཅིག་ཡོད།

གསོན་ན་སེམས་པ་དམར་དམར་དང་།

ཤི་ན་རུས་པ་དམར་དམར་ཡིན་འདོད།

2018--7-29ཉིན་བྲིས།

3.jpg

སྙན་ངག་པ་འབྲོང་གི་ཉེ་པར།

དཔལ་ལྡན་ལྷ་མོ།

འབྲོང་།

ང་སྐྱེས་པ་ནས་བཟུང་།

ཁྱོད་ངའི་སྲུང་མ་ཡིན་ཟེར།

ཁྱོད་ཀྱིས་ང་སྲུང་ཞིང་བསྐྱབས་འོང་བ།

ངས་ཤེས་མ་མྱོང་ཞེས་ན།

ཁྱོད་ང་ལ་འཁང་ཡང་སྲིད།


ཡིན་ན་ཡང་།

ངས་ཁྱོད་ཀྱི་གཏམ་རྒྱུད་གོ་བ་ནས།

འུ་གཉིས་གཅིག་རེད་འདོད་མྱོང་།

ཁྱོད་དང་ང་།

བརྩེ་དུངས་ཀྱི་གོད་ཆག་ཁྲོད་ལུས་པའི།

མིག་ཆུ་གཉིས་རེད་ཅེས་ན།

ཁྱོད་ཀྱིས་ང་བསྐྱབ་ཏུ་གསོལ་རོགས།

2017ལོའི་ཟླ12པའི་ཚེས3ཉིན་རེབ་གོང་དུ།

4.jpg

སྙན་ངག་པ་གཅན་མེ་སྟག་གི་ཉེ་པར།

ལྷིང་འཇགས།

 གཅན་མེ་སྟག

ཆུ་ཐིགས་པའི་སྒྲ་མི་འདུག

ཁང་རྩེག་གི་བར་ཁྱམས་ཡོད་ཚད་དུ

གློ་ལུའི་སྒྲའམ

སྐད་ཆའི་སྒྲའམ

སྨེ་སྔགས་ཀྱི་སྒྲ་མི་འདུག


རྡོ་སྐས་སྟེང་ཡར་འགྲོ་མར་འགྲོའི་གོམ་སྒྲ་མི་འདུག

བྱིས་པའི་དགོད་སྒྲ་དང་ངུ་སྐད་མི་འདུག

ཕྱི་རོལ་དུ་རླངས་འཁོར་གྱི་དུང་སྒྲའམ

སྒྲ་སྡུད་འཕྲུལ་ཆས་ཀྱི་རོལ་དབྱངས་མི་འདུག

རླུང་གི་སྒྲའམ

ཡལ་ག་གཡོ་བའི་སྒྲའམ

ལོ་མ་འཐོར་བའི་སྒྲ་མི་འདུག


རྣ་བ་ཇི་ལྟར་ཀེར་ནའང

སེམས་ཅན་ཞིག་གི

སྙིང་ལྡིང་བའི་སྒྲའང་མི་འདུག


ཉིན་མོ་ཁ་དཀར་ངོ་དཀར་ཞིག་ལ

གཞིས་ཁུལ་ཆེན་པོ་འདི་འདྲ་ཞིག་ནས

དོན་དག་གང་ཞིག་བྱུང་བ་ཡིན་ནམ་སྙམ་བཞིན

ངའི་སྙིང་མིད་ཐག་ཁར་འཚངས་ཏེ

ཡུན་རིང་ཞིག་ལ་མར་བབ་མ་བྱུང

5.jpg

སྙན་ངག་པ་རྡོར་གྲགས་ཀྱི་ཉེ་པར།

རང་ལ་ལྟ་བའི་མིག

རྡོ་གྲགས།

དེ་རིང་།

འཇིག་རྟེན་འདིའི་མིག་ཐམས་ཅད་མཉམ་དུ་འཛོམས་བྱུང་།

མིག་འགའ་རེ་ནི་ལྟས་ཚོད་ཀྱིས་ཧ་ཅང་མཛེས་ཀྱང་།

དོན་ངོ་མར་བུ་ག་གཉིས་ཡིན་པ་ཙམ་ལས་ཅི་ཡང་མཐོང་གིན་མི་འདུག

མིག་འགའ་རེས།མིག་མདུན་གྱི་དངོས་པོ་མཐོང་བ་ཙམ་ལས།

དོན་དངོས་སུ་རང་ཉིད་ཀྱང་མཐོང་གིན་མེད་པ་འདྲ།


ང་ཡང་མིག་དེ་དག་གི་གྲལ་དུ་ཚུད་པ་ནི།

ངས་མིག་གིས་མཐོང་ཐུབ་མིན་དང་།

ཡང་ན་མཐོང་བ་དེ་བདེན་པ་ཨེ་ཡིན་གཏན་ནས་མ་ཤེས་པས་ཡིན།


ད་ལྟ་ང་རང་གིས་གསལ་བོར་ཤེས་པ་ནི།

ངའི་མིག་གིས་རི་བོ་མཐོང་ཐུབ་ལ།ཆུ་བོ་ཡང་མཐོང་ཐུབ།

ཐོག་ཁང་མཐོང་ཐུབ་ལ།ཐོག་ཁང་ནང་གི་མི་ཡང་མཐོང་ཐུབ།

འོན་ཀྱང་ངའི་མིག་གིས་ཀྱང་ང་རང་ཉིད་གཏན་ནས་མཐོང་མ་མྱོང་ལ།

རང་གི་ལྟག་རྒྱབ་ཏུ་ཡོད་པའི་མི་དེ་ཡང་མཐོང་མི་ཐུབ།

ད་དུང་མི་དེའི་ལག་ཏུ་མེ་མདའ་ཞིག་བཟུང་ཡོད་མེད་ཀྱང་མཐོང་མི་ཐུབ་ལ།

མི་དེའི་ལག་ཏུ་ཞགས་པ་ཞིག་ཐོགས་ཡོད་མེད་ཀྱང་མཐོང་མི་ཐུབ།

ངའི་མིག་གིས་ད་དུང་མཁའ་དབུགས་མཐོང་མི་ཐུབ་ལ།

མཁའ་དབུགས་ཁྲོད་ཀྱི་འབུ་ཕྲ་ཡང་མཐོང་མི་ཐུབ།


འདི་ལྟར་བསམ་བཞིན།

ང་ནི་ཧ་ཅང་ཉེན་ཁ་ཅན་གྱི་མི་ཞིག་ཡིན་པར་འདོད་ལ།

ངའི་མིག་ཀྱང་ཧ་ཅང་ཉེན་ཁ་ཅན་གྱི་མིག་ཅིག་ཡིན་པར་འདོད་པས།

དེ་རིང་ཆེད་དུ།འཇིག་རྟེན་གྱི་མིག་ཐམས་ཅད་འཛོམས་པའི་གྲལ་དུ་ཞུགས།


མིག་གི་རྒྱལ་མོས་ལག་ཏུ་མེ་ཤེལ་བཟུང་ནས་ངའི་མིག་ལ་ལྟ་བཞིན།

ཁྱོད་ཀྱི་མིག་ནང་དུ་རླུང་ཧང་ཅང་རྒོད་པས།

སྔོན་ཆད་ཁྱོད་རང་རྩྭ་ཐང་ཞིག་ནས་འཚོ་བ་རོལ་མྱོང་བ་ཐག་གིས་ཆོད་ཟེར།

ངས་ཁོ་མོར།ངོ་མ་ཡིན།རྩྭ་ཐང་ན་རླུང་ཧ་ཅང་རྒོད་པས་མི་ཚད།

ད་ལྟ་རླུང་ནང་དུ་བྱེ་རྡུལ་ཧ་ཅང་མང་ཞེས་བཤད།


མིག་གི་རྒྱལ་མོས།

ཁྱེད་ཀྱི་མཐོང་བ་རྒྱུན་ལྡན་རེད།མཐོང་བ་ཐམས་ཅད་ཀྱང་ངོ་མ་རེད་ཟེར།

ངས་མིག་གི་རྒྱལ་མོ་ལ།ངའི་མིག་གཅིག་མདུན་ན་ཡོད་ཆོག་པར་ཞུ།

ངའི་མིག་གཅིག་རྒྱབ་ཏུ་ཡོད་ཆོག་པར་ཞུ།

ཞེས་མིག་གཉིས་ཀ་ནས་མིག་ཆུ་ཁྲོམ་ཁྲོམ་དང་བཅས་ཕྱག་དགུ་འཚལ།

མིག་གི་རྒྱལ་མོས།དེ་བས་ག་ལ་ཐུས།

དེ་རིང་འདིར་འདུས་པའི་འཇིག་རྟེན་གྱི་མིག་ཐམས་ཅད་ཁྱོད་ལ་སྟེར།

ཁྱོད་རང་གིས་ལུས་ཀྱི་གནས་མལ་རེ་རེར་གང་འདོད་ཀྱིས་ཚུགས་ཟེར།


དེ་ནས་བཟུང་།ངའི་ལུས་ཡོངས་མིག་གིས་གང་སོང་ལ།

ལུས་ཀྱི་གྲུ་ཁ་རེ་རེ་ནས་འཇིག་རྟེན་ལ་ལྟ་ཐུབ་པ་བྱུང་།

འོན་ཀྱང་།འོན་ཀྱང་།

གྲུ་ཁ་རེ་རེ་ནས་མཐོང་བའི་འཇིག་རྟེན་གཏན་ནས་མ་འདྲ་བས།

ད་ནས་བཟུང་ངས་མིག་གང་ལ་ཡིད་ཆེས་བྱེད་དགོས་པའང་མ་ཤེས།

དེ་བས་ཀྱང་།ལུས་ཡོངས་མིག་གིས་གང་ནས།

ལུས་ཀྱི་བ་སྤུའི་ཁུང་བུ་རེ་ལ་ཡང་མིག་རེ་བཙུགས་ཀྱང་།

མིག་དེ་དག་གིས་ཕར་ལ་ལྟ་ཤེས་པ་ཙམ་ལས།

ཚུར་ལ་གཏན་ནས་ལྟ་མ་ཤེས་པས།

ངས་ད་དུང་ང་རང་མཐོང་མ་ཐུབ་ལ།

ངས་ད་དུང་ང་རང་སུ་ཡིན་པའང་གཏན་ནས་ངོ་མ་ཤེས།


ཨེ་མ།མིག་གི་རྒྱལ་མོ་ལགས།

ངའི་ལུས་སྟེང་མིག་གིས་གང་བ་ལས།

ང་ལ་རང་ལ་ལྟ་བའི་མིག་ཅིག་ཅི་འདྲའི་མཁོ་བ་ལ།

6.jpg

གནའ་མཁར་འདྲེ་བཞིའི་ཉེ་པར།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།