ཀྲུང་གོ་བོད་ཀྱི་དྲ་བ།

རྨེ་རུ་མགོན་པོ་སྐྱིད་ཀྱི་སྙན་ངག་ཚན་པ་འགའ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2018-01-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མདང་ནུབ་ཀྱི་ཁ་བ།    

མདང་ནུབ།

སྟོན་མཇུག་གི་ཁ་བ་དལ་གྱིས་བབས་བྱུང་།

ཁ་བའི་འདབ་མ་དཀར་པོ།

ཨ་ཕའི་ཐོང་གཤོལ་ལ་བབས་བྱུང་།

ཨ་མའི་ཞིང་ཚིགས་བར་ལ་བབས་བྱུང་།

ཕ་ཡུལ་གྱི་རི་སྡེ་ཁྲ་མོར་བབས་བྱུང་།

སྐྱི་བསེར་རླུང་བུས་སྐྱོམ་པའི།

ཁ་བའི་རྣམ་ཤེས་ཕྲ་མོ།

བྲག་རིའི་རྩེ་དང་རྫ་ཆུའི་ཁུགས།

སྤང་རིའི་ཐེམ་དང་ནགས་རིའི་གཞུང་།

གཡང་ཁྱིམ་ཚང་གི་ར་སྐོར་དང་།

སྙིང་རྗེ་བའི་བྱི་ལ་དཀར་ལྡང་མ་ཡི།

སྨ་རའི་ཐོགས་ལའང་བབས་འདུག

མདང་ནུབ་ཀྱི་ཁ་བ་དེ།

སེམས་པའི་ཟབ་ས་རུ་བབས་བྱུང་།

ཐིགས་ཆུ་གཙང་མའི་ཆབ་རྒྱུན་དེ་ཚོ།

ཁང་ཀླད་ནས་ཤོ་ཆུ་བརྒྱུད་དེ་ས་ངོས་སུ།

ག་ལེར་འཛག་དུས།

ཐྲིག་ཐྲིག་ཏུ་འབབ་པའི་སྒྲ་དབྱངས་དེ།

ཅི་འདྲའི་སྙན་ཞིང་འཇེབས་པ་ལ་ཨང་།

ཨ་ཕའི་ཐར་ཆེན་གསུངས་པའི་ཆོས་དབྱངས་རེད།

ཨ་མའི་མ་ཎི་ཡིག་དྲུག་ཟློ་བའི་སྙན་དབྱངས་རེད།

ཕུ་བོའི་ངག་འཇམ་ཁ་བརྡའི་ཀློང་གི་འདང་ཞེན་ཟབ་མོ་རེད།

ཨ་ཅེའི་དགོ་དགོ་ངག་ལ་འགུགས་པའི་བཞོ་དབྱངས་དྭངས་མོ་རེད།

སྙན་འགྱུར་ཁྲི་འབུམ་རྒུམ་པའི་དབྱངས་རྟ་འཇམ་པོ།

སྙིང་གི་དཀྱིལ་ལ་བཞག་ཡོད།

སེམས་པའི་ཟབ་ས་རུ་ཉར་ཡོད།

མདང་ནུབ།

ཚ་ཐབ་གྲུ་བཞི་ཞིག་ཏུ།

བལ་དཀར་ཁ་ཆུ་འཇོ་བའི་གདན་སྟེང་ནས།

ཚ་བེར་བེར་གྱི་མེ་ཕོར་རུམ་མཁན་དེ་ང་ཡིན།

མེ་ཕོར་སྟེང་གི་ཇ་དེམ་ལ་འོ་སྤྲིའི་མངར་ཁ་སྦྱིན་མཁན་དེ།

དྲིན་ཆེན་གྱི་ཕ་ལོ་རེད།

བྱམས་ལྡན་གྱི་མ་ལོ་ཡང་རེད།

དྲོད་ཀྱི་མེ་ཁ་དམར་བོང་བོང་དུ་འཕྱུར་བས།

ཁང་ཁྱིམ་དྲོན་མོའི་གདུང་མའི་གསེང་ནས་ཀྱང་།

འོ་ཇ་དཀར་པོའི་རླངས་པ་ཐོལ་གྱིས་འཁོར་བྱུང་།

དཀར་ཡོལ་འབྲུག་རིས་མ་ལས་ལྟེམ་པའི།

མངར་ལ་ཞིམ་པའི་འོ་ཇ་ཧུབ་ཀྱིས་འཐུང་དུས།

མཆུ་སྒྲོས་ནས་མིད་ཐག

ཡ་ཁོག་ནས་མ་ཁོག

སྐྲ་ལོ་ནས་སེམས་པའི་ཟབ་ས་རུ།

བདེ་སྐྱིད་དང་སེམས་འགུལ།

སྤྲོ་སྣང་དང་དགའ་བ་འབུམ་གྱིས་བརྟས་སོང་།

མདང་ནུབ་ཀྱི་ཁ་བ་དེ།

སེམས་པའི་ཟབ་ས་རུ་བབས་བྱུང་།

བདེ་སྐྱིད་ཀྱིས་བབས་བྱུང་།

ལྷག་བསམ་གྱིས་བབས་བྱུང་།

དྭངས་གཙང་གིས་བབས་བྱུང་།


རྒུན་ཆང་དམར་པོ།

དམ་བེ་དེ།

ཅི་འདྲའི་མིག་ལ་མཛེས་པ།

རྒུན་ཆང་དེ་ཅི་འདྲའི་ཁ་ལ་ཞིམ་པ།

ཁ་ལ་ཞིམ་པའི་རྒུན་ཆང་དམར་པོ།

ལྷད་མེད་སྙིང་ལ་འབབ་ཚུལ་ཡག་སོང་།

ལག་པས་སྐྱོར་བའི་དམ་བེ།

སེམས་པས་སྐྱོར་བའི་འདང་བརྩེ་མངར་མོ་ཡིན།

བཞེས་དང་།

གྲོགས་གཅེས།

རྒུན་ཆང་དམར་པོ་བཞེས་དང་།

རྒུན་ཆང་དམར་པོའི་བཟི་ཁས་སེམས་པ་ག་ལེར་སྐྱོམ་དུས།

སྙིང་གཏམ་དྲོན་མོའི་པད་འདབ་ལྷུག་པོར་གྲོལ་ཡོང་།

ར་རིས་མ་སྦགས་པའི་ཡིད་ཀྱི་ཟེའུ་འབྲུ་དེ་ཚོ།

འུ་གཉིས་ཀྱི་སེམས་ངོགས་ན་འབྱར་བའི་ཁ་ཚིག་མགུར་མ་ཡིན།

སྙིང་གཏམ་དང་སྙིང་གཏམ་འཕྲད་ན།

སེམས་པ་དང་སེམས་པར་བར་ཐག་མེད།

བར་ཐག་མེད་པའི་སེམས་པ་གཉིས་པོ།

དམ་བེའི་ནང་དུ་ལྟེམ་པའི་རྒུན་ཆང་དམར་པོ་ཡིན།

རྒུན་ཆང་དམར་པོའི་བཟི་ཁ་བཙན་པོས།

ཡ་ཁོག་གི་སྙིང་མཆིན་སྒུལ་ཐུབ་ན།

ཕྱི་རོལ་གྱི་རི་ཆུ་ཡང་སྒུལ་ཐུབ་དགོས་ཨང་།


 དུངས་ན་འདི་ལྟར་དུངས་དགོས།

སའི་གོ་ལའི་ལོགས་གཅིག་དྲོད་ཁུལ་དང་།

ལོགས་གཅིག་ཤོས་དེ་གྲང་ཁུལ་ཡིན་ན།

ཁ་བ་འབབ་པའི་ངོས་དེ་རུ།

ང་རང་འཚོ་སྡོད་བྱེད་ཆོག་ལ།

ཆར་བ་ཟམ་ཟིམ་འབབ་པའི་ངོས་དེ།

ཁྱེད་ལ་བསྐྱུར་ན་འདོད་ཡོད།

ང་རང་འཁྱགས་ཤི་ཐེབས་ཀྱང་རུང་།

ཁྱེད་ཀྱི་ཚེ་སྲོག་ལ་དཔྱིད་དཔལ་རྒྱས་ན།

བདག་གི་རུས་ཀོང་ནས་བདེ་སྐྱིད་ཀྱི་མེ་ཏོག་རྐང་གཅིག

ཅི་ལ་མི་འཛུམ།

ཉིན་གཅིག་གི་ཕྱེད་ཀ་ནི་ཉིན་དཀར་དང་།

ཕྱེད་ཀ་གཞན་དེ་ནི་མཚན་མོ་ཡིན་ན།

མུན་ནག་ས་རྩ་རུབ་པའི་ཕྱེད་ཀ་དེ་རུ།

ང་རང་གོག་ནུར་བྱེད་ཆོག་ལ།

འོད་ཟེར་འབུམ་ཕྲག་གིས་ཕྱུག་པའི་ཕྱེད་ཀ་དེ།

ཁྱེད་ལ་བསྐྱུར་ན་འདོད་ཡོད།

ང་རང་དམུས་ལོང་དུ་གྱུར་ཀྱང་རུང་།

ཁྱེད་ཀྱི་སེམས་ཁམས་ལ་ཉི་འོད་འཕྲོས་ན།

བདག་གི་ཡ་ཁོག་ནས་བདེ་མཆོག་གི་མཆོད་མེ་རྐང་གཅིག

ཅི་ལ་མི་སྤྲོ།

འཚོ་བའི་ཕྱོགས་གཅིག་ནི་རྒྱལ་ཁ་དང་།

ཕྱོགས་གཞན་དེ་ནི་ཕམ་ཁ་ཡིན་ན།

སྡུག་བསྔལ་རྐང་ལ་ཟུག་པའི་ན་ཟུག་དེ་བདག་ཁོ་ནས་བཞེས་ཆོག་ལ།

བདེ་སྐྱིད་སྙིང་ལ་སིམ་པའི་དཔལ་ཡོན་དེ།

ཁྱེད་ལ་སྦྱིན་ན་འདོད་ཡོད།

ང་རང་ཟུག་གཟེར་གྱིས་འགྱེལ་ཡང་རུང་།

ཁྱེད་ཀྱི་ལུས་སེམས་ལ་དགའ་བདེས་ཁྱབ་ན།

བདག་གི་སྙིང་རྩ་ནས་དྲོད་ལམ་ལམ་གྱི་ཁྲག་ཐིགས་ཤིག

ཅི་ལ་མི་འབབ།


སྙིང་རྗེ་པོ།

བདག་ལ་མཚོན་ན།

སྙིང་རྗེ་པོ་དེ་ངོ་གདོང་ཙམ་མ་རེད།

སྙིང་རྗེ་པོ་དེ་འཛུམ་མདངས་ཀྱང་མ་རེད།

སྙིང་རྗེ་པོ་དེ་གཞོམ་མེད་ཀྱི་གཤིས་ཀ་དང་།

འགྱུར་མེད་ཀྱི་དཔེ་ཀློག་གི་སྙིང་སྟོབས་དེ་རེད།

ང་ལ་མཚོན་ན།

སྙིང་རྗེ་པོ་དེ་འཆོར་སྒེག་ཙམ་མ་རེད།

སྙིང་རྗེ་པོ་དེ་མིག་མདའ་ཡང་མ་རེད།

སྙིང་རྗེ་པོ་དེ་བོད་ལྭ་ཡག་མོའི་ཁུག་གི་ཚེ་སྲོག་དང་།

ངག་གི་སྒོ་འཕར་ཡངས་མོར་ཕྱེ་བའི་ཕ་སྐད་ཀྱི་ལབ་གླེང་དེ་རེད།

བདག་ལ་མཚོན་ན།

སྙིང་རྗེ་པོ་དེ་ངག་འཇམ་ཙམ་མ་རེད།

སྙིང་རྗེ་པོ་དེ་གཉོམ་ཆུང་ཡང་མ་རེད།

སྙིང་རྗེ་པོ་དེ་འཕྱ་སྨོད་དྲག་པོའི་གསེང་གི་དྲང་གཏམ་དང་།

དབྱུག་པ་རིང་མོའི་འོག་གི་ཡར་བསྐྱེད་ཀྱི་ཤ་ཚ་དེ་རེད།

ང་ལ་མཚོན་ན།

སྙིང་རྗེ་པོ་དེ་མེད་མུག་ཙམ་མ་རེད།

སྙིང་རྗེ་པོ་དེ་མིག་ཆུ་ཡང་མ་རེད།

སྙིང་རྗེ་པོ་དེ་མདུན་སྐྱོད་ཁྲོད་ཀྱི་རྔུལ་ཆུའི་ཐིགས་པ་དང་།

མཐོན་པོའི་རི་ལ་འཛེགས་ཀྱིན་པའི་ལངས་མ་འགྱེལ་གྱི་གོམ་ཁ་དེ་རེད།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།