ཀྲུང་གོ་བོད་ཀྱི་དྲ་བ།

ར་ལྷ་བཀྲ་ཤིས་དོན་གྲུབ་ཀྱི་གླུ་ཚིག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ར་ལྷ་བཀྲ་ཤིས་དོན་གྲུབ།   སྤེལ་དུས། : 2017-04-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 351.jpg

གླུ་ཚིག་འབྲི་པ་པོ་ར་ལྷ་བཀྲ་ཤིས་དོན་གྲུབ་བམ་དར་མེ་སྨྱུག་ནི་སྤྱིའི་ལོ་༡༩༩༥ལོར་ཁམས་མི་ཉག་དར་རྩེ་མདོ་རུ་སྐྱེས།   སྔ་ཕྱིར་མི་ཉག་རྫོགས་ཆེན་སློབ་གྲྭ་དང་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ   ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་བཅས་རིམ་བཞིན་འགྲིམ་ནས་སློབ་སྦྱོང་བྱས་ཤིང་། ད་ལྟར་ཀྲུང་ལུགས་གསོ་རིག་སློབ་ཆེན་དུ་སློབ་སྦྱོང་བྱེད་ཞོར་མུ་མཐུད་དུ་གཞས་ཚིག་འབྲི་བཞིན་མཆིས། འབྲེལ་ལམ་ཁ་པར༼སྐད་འཕྲིན༽༡༨༣༨༣༦༤༣༣༩༤

ཕ་ཡུལ་གྱི་གངས་རྒན།

ཉི་ཟླ་ཡི་རྣ་ཆ་འདོགས་པའི་སྲིད་པའི་གངས་རྒན།

རིག་གནས་ཀྱི་པོ་ཏི་མཚོན་པའི་ཤེལ་གྱི་མཆོད་རྟེན།

ངའི་རྣམ་ཤེས་ཀྱི་ཁྱེའུ་སྒྲུམ་ས་དང་།

ངའི་དགའ་སྐྱོ་ཡི་ཆགས་སྡང་ཞུ་ས་ཡིན།

ཕ་ཡུལ་གྱི་གངས་རྒན།

ཁྱེད་ཀྱིས་ཕ་ཡུལ་གྱི་ཕྱི་སྣོད་དམ་དུ་འཛིན་ཡོད།

ཁྱེད་ཀྱིས་ཕ་ཡུལ་གྱི་ནང་བཅུད་པང་དུ་བླངས་ཡོད།


འཇའ་སྤྲིན་གྱི་ལ་ཐོད་དཀྲིཊ་པའི་སྲིད་པའི་གངས་རྒན།

མི་རིགས་ཀྱི་ལྷག་བསམ་མཚོན་པའི་དར་ཆ་དཀར་པོ།

ང་གཞོན་དུས་ཀྱི་སྒལ་གཞུང་འཁེལ་ས་དང་།

ང་རྒས་དུས་ཀྱི་ཞེན་པ་ཆགས་ས་ཡིན།

ཕ་ཡུལ་གྱི་གངས་རྒན།

ཁྱེད་ཀྱི་ཡ་ཁོག་ན་མེས་པོའི་ལོ་རྒྱུས་སྦས་ཡོད།

ཁྱེད་ཀྱི་མ་ཁོག་ན་རིགས་ཀྱི་བདེ་སྡུག་བྲིས་ཡོད།

ཁ་བའི་འདབ་མ།

མཐོན་པོ་མཁའ་ནས་ཙག་རླུང་དང་བུ་ཡུག་འདྲེས་པའི།

དཀར་གཙང་གི་ཁ་བའི་འདབ་མས།

གནམ་ས་གཅིག་ཏུ་སྦྲེལ་དུས།

ང་ཡི་སེམས་པ་མེས་པོའི་གཡུལ་སར་དྲངས།

མཐུ་དང་ནུས་རྩལ་རྒོད་པའི་འུ་ཚོའི་མེས་པོ་དག

ཀི་དང་མཚོན་ཆའི་རླབས་ནས།

དཔའ་ངར་གྱིས་གཡུལ་ལ་འཇུག་སྟེ།

རྒྱལ་རྟགས་ཀྱི་བ་དམ་སྒྲེང་བ་མཐོང་།

ཨོ་་་་་་ཁ་བའི་འདབ་མ་་་་

ཁྱེད་ནི་ལོ་རྒྱུས་ཤིག་གི་དྲན་བྱང་ཡིན།


སྨུག་སྤྲིན་གསེང་ནས་གདུང་བ་དང་ན་ཟུག་ཁུར་བའི།

ལྷན་མེད་ཀྱི་ཁ་བའི་འདབ་མ

དམའ་ནས་དམའ་རུ་འབབ་དུས།

ང་སེམས་པ་བཙན་པོའི་བྲང་ལ་ཤོར།

བློ་དང་རིག་པ་གསལ་བའི་འུ་ཚོའི་མེས་པོ་དག

དབྱངས་དང་གསལ་བྱེད་ཀླུང་ནས།

ཟབ་གསལ་གྱི་གནས་ལ་འཇུག་སྟེ།

གནས་ལུགས་ཀྱི་ཐང་མ་བརྡལ་བ་མཐོང་།

ཨོ་་་་་་ཁ་བའི་འདབ་མ་་་་

ཁྱེད་ནི་རིག་གནས་ཤིག་གི་མཚོན་རྟགས་ཡིན།

    ང་ཚོའི་ལང་ཚོ་བྱེའུ་ཞིག་དང་འདྲ།

༡༽

དགའ་བ་མཐའ་དག་དགོད་སྒྲས་སྐྱེལ་ཁུལ་ཙམ།།

སྐྱོ་བ་ཡོད་ཚད་ཆང་གིས་སེལ་ཙམ་བྱས།།

འདས་པའི་ལང་ཚོ་བྱེའུ་ཞིག་དང་འདྲ།།

ཕྱིར་འོང་མེད་པའི་ལོ་ཟླའི་རྗེས་སུ་ཕུར།།

༼ལང་ཚོ་ལང་ཚོ་ཟེར་ནས།།

ལང་ཚོ་འཇའ་དང་འདྲེས་སོང་།།

བྱམས་པའི་ལས་འཕྲོ་བསམས་ན།།

ལང་ཚོ་ཡལ་བར་འགྱོད་སོང་།།༽

༢༽

ནུབ་པའི་ཉི་མ་སང་ཉིན་ཡང་འཆར་རེད།།

ད་ལོའི་མེ་ཏོག་སང་ལོར་བཞད་ཀྱང་སྲིད།།

འོན་ཀྱང་ལང་ཚོ་བྱེའུ་ཞིག་དང་འདྲ།།

མཛེས་པའི་ལོ་ཟླ་ཁུར་ནས་རིང་དུ་གྱེས།།

༼ལང་ཚོའི་མེ་ཏོག་མཛེས་དུས།།

མི་ཁོམ་ལས་ཀྱིས་བཀོལ་སོང་།།

ལང་ཚོའི་ལོ་འདབ་གས་དུས།།

སེམས་ཆུང་མཆུ་མས་བརླན་སོང་།།༽

རེ་སྒུག་གི་ལོ་ཟླ།

༡༽

སྟོན་རླུང་བསིལ་བསིལ་ལྡང་བའི་དུས་ཚིགས་དེར།

ཁྱེད་རང་སྡོང་ལོ་ཞིག་དང་འདྲ་བར།

ངའི་སེམས་ཀྱི་མཚོ་ཁར་ལྷུང་ནས་བཟུང་།

ཁྱེད་ནི་རེ་སྒུག་ཅིག་ཏུ་གྲུབ་སོང་།

༼ཨ   རྒྱང་རིང་གི་མི    སྙིང་སྡུག་ལགས༽

གཙང་བོ་བཞིན་དུ་རིང་བའི་རེ་སྒུག་གི་ལོ་ཟླའི་ཁྲོད།

ཁྱེད་ཉིད་ངའི་རྨི་ལམ་དུ་ཡང་ཡང་འཁོར་བའི་ལྷ་མོ་དེ་ཡིན་ལ།།

ཁྱེད་ཉིད་ངའི་མདུན་ཕྱོགས་སུ་འཐེན་པའི་རེ་བའི་ལམ་ཕྲང་དེ་ཡིན་ནོ།།

༢༽

མི་ཚོགས་རྦ་རླབས་འཕྱོར་བའི་འཇིག་རྟེན་འདིར།

ཁྱེད་རང་ཉ་མོ་ཞིག་དང་འདྲ་བར།

ངའི་མིག་གི་རྒྱ་ལ་ཐོགས་ནས་བཟུང་།

ཁྱེད་ནི་རེ་སྒུག་ཅིག་ཏུ་གྲུབ་སོང་།

༼ཨ   རྒྱང་རིང་གི་མི    སྙིང་སྡུག་ལགས༽

གཙང་བོ་བཞིན་དུ་རིང་བའི་རེ་སྒུག་གི་ལོ་ཟླའི་ཁྲོད།

ཁྱེད་ཉིད་ངའི་རྨི་ལམ་དུ་ཡང་ཡང་འཁོར་བའི་ལྷ་མོ་དེ་ཡིན་ལ།།

ཁྱེད་ཉིད་ངའི་མདུན་ཕྱོགས་སུ་འཐེན་པའི་རེ་བའི་ལམ་ཕྲང་དེ་ཡིན་ནོ།།

སེམས་ཀྱི་གཏམ།

དགུང་ཨ་སྔོན་འབྲུག་གི་ཕ་ཁྱིམ་རེད།།

དབྱར་སྤྲིན་ནག་འཁྲུགས་དུས་གཡུ་འབྲུག་སྐྱིད།།

སྐྱིད་སྣང་བ་མཐོ་དུས་ཆར་ཆུ་ཕོབས།།

དུས་དགུན་ཁ་སླེབས་དུས་ཕབ་དབང་མེད།།


ཐང་ཆེན་པོ་འབྲོག་གི་ཕ་གཞི་རེད།།

དབྱར་རྩྭ་ཆུ་རྒྱས་དུས་འབྲོག་ནག་སྐྱིད།།

སྐྱིད་དབྱར་དུས་རྩྭ་ཆུ་གང་བཟང་སྤྱོད།།

སྟོན་སད་པས་ཁྱེར་དུས་འགྱོད་པའི་གཞི།།


ཁྱིམ་ཀ་བརྒྱད་འུ་ཚོའི་གཡང་ཁྱིམ་རེད།།

དྲིན་ཕ་མ་འཛོམས་དུས་འུ་ཚོ་སྐྱིད།།

སྐྱིད་ཉིན་མོར་ཕ་མར་བཀུར་སྟི་བྱོས།།

བཙན་གཤིན་རྗེ་ཐོན་དུས་འགྱོད་པའི་གཞི།།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།