དངོས་མིང་བསམ་གཏན་སེང་གེའམ་པིར་མིང་ལྗང་སྨྱུག 1993ལོའི་ཟླ12པའི10ཉིན་ཁམས་ནང་ཆེན་སྡོམ་པ་རུ་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས། འབྲོག་ཁུལ་དེར་མྱི་ལོ་ལྔ་ཙམ་ལ་སློབ་ཆུང་བཏོན། དེ་རྗེས་གཞུང་དབུ་ཚད་སོགས་དང་སྙན་ངག་བརྡ་སྤྲོད་སོགས་ལ་སྦྱང་བ་བྱས། དོ་མི་མཉམ་པའི་འཇིག་རྟེན་གྱི་གྲུ་ཟུར་འདི་ནས་སྙན་ངག་ཟེར་བ2013ལོ་ཡར་མར་ཞིག་ལ་གསར་དུ་ངོ་ཤེས། དེ་ནས་བཟུང་སྙན་ངག་ཟེར་བ་འདི་ལ་ཁ་གཏན་ནས་འབྲལ་མ་ཕོད། 2015ལོའི་ལོ་སྨད་ལ་རང་གི་དགའ་ཕྱོགས་གཙོར་འཛིན་གྱིས་སྙན་དེབ་ཐོག་མ་《སྡོང་བོར་རྒྱབ་གཏོད་པ་》ཞེས་པའི་སྙན་དེབ་གཅིག་འགྲེམས་སྤེལ་བྱས། ལོ་དེ་ལ་《གངས་དཀར་རི་བོ།》དང་《ནང་ཆེན་དུས་དེབ།》སོགས་སུ་སྙན་ངག་འགའ་བདམས་བཀོད་བྱས་ལ། 2017 ལོར་ཡང་《གངས་དཀར་རི་བོའི་》དུས་དེབ་དང་སྤྱི་དེབ་གང་རུང་ལ་རྩོམ་མང་པོ་སྤེལ། རྒྱུན་དུ་《རྫ་ཆུའི་རླབས་སྒྲའི་》དྲ་ཚིགས་དང་《ཀྲུང་གོ་བོད་ཀྱི་རྩོམ་རིག་དྲ་བ་》《བཙན་པོའི་མགར་གྱི་དྲ་བ་》《རྨ་ཀླུང་རིག་གནས་དྲ་བ》སོགས་སུ་རྩོམ་འགོད་རྒྱུར་དགའ་བོ་ཡོད། ད་ལྟའང་མུ་འཐུད་ནས་སྙན་ངག་ཟེར་བའི་སྨྲ་བསམ་བརྗོད་འདས་དེ་འཚོལ་བཞིན་ཡོད།
སྙན་ངག་ལ་སྒེར་གྱིས་ལྟ་ཚུལ། སྙན་ངག་ནི་འབྲི་མི་ཤེས་བ་ཞིག་མ་ཡིན་མོད། འོན་ཀྱང་། དེ་འདྲ་འབྲི་སླ་མོ་ཞིག་དེ་བས་ཀྱང་མ་ཡིན། ཆོས་ལུགས་དང་སྲིད་ལུགས་གང་གིས་ཀྱང་ཚད་བཀག་མི་ཐུབ་པའི་གདོད་མའི་སེམས་གཤིས་ཁྲ་མོ་ལ་ཐ་སྙད་ཀྱི་རྒྱན་ཆ་བཏགས་ན་ད་གཟོད་སྙན་ངག་གི་མཛེས་པ་ཕྱི་རུ་མངོན་ངེས། །
ཁ་ཕྱིར་བལྟས་ཀྱི་འབྲོག་མོ་དེ་དྲན་པ།
སྣང་བའི་མེ་ཏོག་ལང་ཚོའི་པང་གདན་དུ་བཞད་ན།།
འཇིག་རྟེན་སྐྱིད་སྡུག་བྲང་གི་རྟོག་འགྱུ་རུ་ཐིམ་མམ།།
འཆར་ཡན་ལྡོམ་པོ་འཁོར་བའི་རི་ཐང་ཀུན་ཉུལ་སྐབས།།
དངན་པ་རིང་མོས་རྩ་མགོའི་ཟིལ་བ་འདི་སྤུར་འོང་།།
ཞེན་ཆགས་འདོམ་པ་བཅོ་བརྒྱད་བལ་སྐུད་ཀྱི་ཐགས་པ།།
གང་དང་གང་དུ་སུ་དང་སུ་ཞིག་ལ་མཐུད་ནས།།
བརྩེ་བ་ཆུ་མིག་དགུ་སྦྲིལ་སྦྲུལ་ནག་ལ་རྒྱབ་ན།།
མ་བཤིགས་རང་ཞིག་འགྱུར་བའི་ཐེ་ཚོམ་ཞིག་བདོག་གམ།།
སྣང་བའི་ཕྱི་ནང་གཉིས་ནས་དྲན་པ་ཡི་མི་དེའི།།
བསྡུས་གཟུགས་གྲིབ་མའི་ཁ་རུ་ལང་ལིང་དུ་གཡོ་སྐབས།།
འདས་དོན་སྐྱ་མོ་དེ་ལ་ཕྱིར་མིག་ཞིག་བཏང་ན།།
ལས་ཀྱི་རླུང་དམར་འཚོ་བའི་ཉིན་སྲིབ་ཀུན་སྒྲིབ་པ།།
ལས་དབང་རླུང་གིས་ཁུར་ཏེ་སྟོང་དབྱིངས་སུ་བསྐྱོད་དུས།།
མཁའ་མཐའི་སྤྲིན་པ་ལེབ་མོར་མིག་ཟུང་གིས་ཨེ་ལྟ།།
འཚམས་སུ་རྨྱི་ལམ་ལྗང་ཁུའི་འཇལ་ཁ་ལ་བསམ་ནས།།
རང་ལ་དབང་བའི་འཛུམ་ཆུང་མེ་ཏོག་དེ་ཨེ་བཞད།།
ད་ནི་ལས་ཀྱིས་བསྐོས་པའི་འཚོ་བ་ཞིག་བདམས་ནས།།
རང་རང་སོ་སོའི་ས་རུ་སྐྱོ་ངལ་ཞིག་བསྙལ་དགོས།།
རླུང་བུ་ཡར་འགྲོ་དེ་ལ་གྱེས་བརྡ་ཞིག་བཞག་ཡོད།།
ཆུ་མོ་མར་ཡོང་དེ་ལ་ཕྱག་བརྡ་ཞིག་ཕུལ་འཇོག །
སེམས་གཤིས།
ཆུ་ཡིས་ཆུ་བོ་གཅེར་བུར་ཕུད།།
ཤག་སྒྲ་དང་བཅས་རང་མདོག་སྟོན།།
ལྕང་མའི་རྩེ་ཡི་བྱེ་འུ་དག །
ཀྱུར་ཀྱུར་སྣེ་རུ་དབྱངས་བཏགས་ནས།།
སུ་ལ་འཕྲང་ཞེན་རི་མོ་འགོད།།
འཛུམ་པའི་མེ་ཏོག་དེ་ཡི་ནི།།
བསྡུས་གཟུགས་གྲིབ་མའི་ཁ་རུ་འཆར།།
ལང་ལིང་གཡོ་ཞིང་ལྷབ་ལྷབ་བསྐྱོད།།
འདས་དོན་ཟིལ་བ་སྐྱ་མོའི་ཚོགས།།
སྣང་བའི་ཉི་མས་དག་པར་ཤོག །
དེ་རིང་འབྲོག་མོ་ཞིག་གི་རྫི་མ་འབྲི།
རི་རྫ་སྐྱ་གོང་མའི་གོང་ནས།།
རྡོ་རྡེའུ་བེའུ་ལུག་བཏགས་རོགས།།
ཞེ་བསམ་པའི་སྟེང་གི་ཆུ་བོ།།
མཚན་རྨྱི་ལམ་སེར་པོའི་ཕྱེད་ཀ །
ཆུང་གྲོགས་ལོ་སྙིང་ལ་རྗེ་བོ།།
ཡུལ་གཞན་ལ་ཐོད་པ་གླན་དུས།།
དགུན་ཟླ་གསུམ་ཆུ་འཁྱགས་གྲང་མོ།།
གྲོགས་འདང་ཆེན་ཞིག་གི་སེམས་པ།།
འུར་ཁྲ་ཆུང་རྐེད་ལ་བཅིངས་ནས།།
འབྲི་ག་སེར་རྗེས་ལ་རྒྱུགས་དུས།།
རི་སྒང་རྒྱུད་ཡི་དྭགས་སྐྱ་བོ།།
ཆབ་སྔོན་མོའི་ཆུ་འཐུང་ཉྭ་མོ།།
སྦྲ་ནག་པོའི་ཆོན་ཐག་སྣེ་ནས།།
མཉོམ་དུང་ངེར་སྣ་གླུ་ལེན་དུས།།
རྟ་དཀར་པོའི་གོང་གི་མྱི་ཕོ།།
བློ་དྲན་པའི་ཁུག་ཏུ་ཨེ་འཁྱིལ།།
དབྱངས་དཀར་པོ་ཞིག་གི་སྣེ་ལ།།
དོན་སྨྲ་བསམ་བརྗོད་འདས་བཏགས་དུས།།
ལ་རྒྱབ་ཀྱི་འབྲོག་མོ་དེ་ཡིས།།
ཚིག་འདི་ལ་འཁོར་ཙམ་ཨེ་བྱེད།།
བྱིས་དུས།
བྱིས་དུས་རྨི་ལམ་ཞིག་གི་ཁ་རུ་ཡོད།།
བྲིས་ཀྱང་འབྲི་ཐབས་དཀའ་བའི་སྙན་ངག་ཅིག །
རྫི་རྭ་གོར་གོར་སྣ་གླུ་ཀྱུར་ཀྱུར་དག །
སྣང་བའི་སྟེང་དུ་མེ་ཏོག་གད་འདྲ་ཡིན།།
འུར་ཆ་ཁྲ་ཆུང་རྩིད་པའི་འུར་མཐིལ་ཅན།།
རྫི་ལྭ་ཕྱིང་དཀར་བལ་གྱི་ཁ་ཆུ་ཅན།།
གཡང་ཟོག་ག་རྩི་རྗེས་སུ་འགྲོ་དུས་ན།།
ཚོར་འདུ་མངར་སྐྱུར་གཉིས་ཀྱིས་ཉིན་སྲིབ་ཉུལ།།
མཐིང་ནག་གཡུ་སྦྲ་དུ་བའི་ངོ་སྣུམ་ཅན།།
འདོགས་ཁྱི་རྒྱ་ཁྲ་ལྕགས་ཀྱི་སིལ་སྒྲ་ཅན།།
བཞོ་གླུ་དབྱངས་སྙན་སྐྱིད་ཀྱི་བཞད་སྒྲ་ཅན།།
རྟོག་འགྱུ་ལིང་ལིང་འདི་ཀོའི་སྟེང་དུ་སྦྲུམ།།
ཚུགས་ཐུབ་རྒྱུད་དྲང་མི་ཡི་ལྷ་མོ་ཞིག །
རྫི་རོགས་དུང་གི་རྣ་ལོང་སྟེར་མཁན་ལ།།
སྙིང་གཏམ་བདུད་རྩི་སྙིང་པད་ཐིམ་ན་ཡང་།།
འཕྲལ་ཕུགས་གཉིས་ཀྱི་གཏད་སོ་འདི་རུ་ཡོད།།
མགོ་དཀར་ཚེ་རིང་ལག་པ་སྣུམ་དྲི་ཅན།།
གཤིས་ཡག་རྒྱུད་འཇམ་བྱུར་རུ་འཕྲེང་དམར་ཅན།།
མཛེས་པའི་ཚིམས་འཕྲེང་བུ་ལ་བཞད་པ་མོ།།
ཨ་མ་དྲན་ཆེན་གཡང་ཁྱིམ་བདག་མོ་ཡིན།།
དགུན་གྱི་ལྷགས་རླུང་བྱིས་པའི་ལག་མགོར་ཡོད།།
དབྱར་གྱི་ཚ་བ་ཐོད་པའི་ཐོག་ཏུ་འཁྲིལ།།
ཕྱིར་དྲན་བུང་བ་དར་དིར་བསྐྱོད་པ་ན།།
སྨྲ་བསམ་བརྗོད་འདས་ཆོས་ཀྱི་དབྱིངས་སུ་བྱིངས།།
སྒྱུ་མའི་རང་མདོག་ལ་སེན་མོས་སྦར་བ།
འདི་ཡིན་འདི་མིན་སྙམ་པའི་རྣམ་རྟོག་གི་རྒྱུ་བ།།
ཐམས་ཅད་སེམས་སུ་སྒྲུབ་པའི་ཟློས་གར་ཞིག་འཁྲབ་ནས།།
སུས་ཀྱང་བསྙད་དུ་མེད་པའི་སྤྲོས་བྲལ་གྱི་ངོ་བོ།།
ཆུ་ལ་ཆུ་བཞག་ཚུལ་དུ་ཅི་ཞིག་ལ་ཐིམ་ན།།
ཆུ་ནང་ཟླ་བ་ལྟར་དུ་ཀུན་རྫོབ་ཀྱི་ཆོས་ལ།།
མ་བརྟགས་ལྷན་སྐྱེས་བློ་ལ་བདེན་པ་ལྟར་སྣང་ཡང་།།
དོན་གྱི་རྫུན་མ་དེ་ལ་འཁྲུལ་རྟགས་གཅིག་གོ་ན།།
སངས་རྒྱས་ཟེར་བ་རྒྱངས་རིང་ཡུལ་ཞིག་ན་མེད་སྐད།།
སྐྱབས་མེད་བྱེའུ་ཆུང་ཕྱི་མའི་བྱང་ཐང་ནས་བརྒྱུད་སྐབས།།
སྣང་སྟོང་འཛིན་སྟོང་རང་རིག་རང་གསལ་དུ་ཤར་བའི།།
བདེན་ཞེན་རི་མོ་མེ་རུ་གསེགས་མཁན་གྱི་བླ་མས།།
དད་པའི་ཨ་ལོང་དཀར་པོ་ལྕགས་ཀྱུ་ཡིས་ཟུངས་ཤིག །