ཀྲུང་གོ་བོད་ཀྱི་དྲ་བ།

རྟོགས་སད་ལྷ་མོའི་སྙན་ངག

ཡོང་ཁུངས། : ལྷོ་ཁའི་རྩོམ་རིག་སྒྱུ་རྩལ།   རྩོམ་པ་པོ། : རྟོགས་སད་ལྷ་མོ།   སྤེལ་དུས། : 2016-07-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

image1_副本.jpg

རྟོགས་སད་ལྷ་མོའམ་ཚེ་སྐྱིད་ལྷ་མོ་ནི། 1988ལོར་ལྷ་ས་འཕན་ཡུལ་ཁོངས་རྭ་སྒྲེང་གདན་སའི་ཉེ་འདབས་ཀྱི་གྲོང་བརྡལ་ཞིག་ཏུ་སྐྱེས་ཤིང་། 2011ལོར་བོད་ལྗོངས་གསོ་རིག་སློབ་ཆེན་ནས་མཐར་ཕྱིན། རང་ནུས་ལ་དཔག་པའི་མི་ཚེའི་རིན་ཐང་ཞིག་མངོན་ཕྱིར་ད་བར་མི་ལོ་བཅུ་ཙམ་རིང་སྦྱངས་རྩོམ་གྱི་ལམ་དུ་ཞུགས། སྔ་ཕྱིར《ཟླ་ཟེར།》《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ།》《གངས་རྒྱན་མེ་ཏོག》《ལྷ་ས་དགོང་དྲོའི་ཚགས་པར།》《ནག་ཆུའི་ཚགས་པར།》བཅས་ཀྱི་སྟེང་དུ་སྙན་ངག་དང་ལྷུག་རྩོམ་བརྒྱ་ལ་ཉེ་བ་སྤེལ་མྱོང་།  2014ལོར་བུད་མེད་རྩོམ་པ་པོའི་དཔེ་ཚོགས་ལས《བོད་པའི་བུ་མོ།》ཞེས་པའི་སྙན་དེབ་དཔར་དུ་བསྐྲུན།

 

རང་གི་འདོད་པ་ལྟར་གྱི་མི་ཞིག་བྱ།

རྟོགས་སད་ལྷ་མོ།


འཇིག་རྟེན་ནི་ཆེ་བའམ་ཆུང་བའི་ཐ་སྙད་ཀྱིས་འགྱུར་མི་སྲིད་ཅིང

མི་གཤིས་ནི་དྲང་བའམ་ཟོལ་བ་ཁོ་ནས་གཏན་ཚིག་ཞིག་མི་ཐོབ་ན

ང་ཚོ་འདི་རང་གི་འདོད་པ་ལྟར་གྱི་མི་ཞིག་ཅིས་མི་བྱ

 

དུས་ཚོད་ཀྱི་འཁོར་ལོ་ལ་འཁྱུད་པའི་གཞོན་ནུའི་ལང་ཚོ་དང

ཉི་འོད་ཀྱི་ཐག་སྣེར་བཞུར་བའི་ཚེ་སྲོག་གི་རིན་ཐང་ཡོད་ཚད

བསམ་ཤེས་ཤིང་བསམ་མ་ཤེས་པའི་བར་སྐབས་དེར

འཇའ་འོད་བཞིན་མིག་གིས་མཐོང་ཞིང་ལག་པས་མ་སྙོབ་པར་ཤོར་སོང་དུས

ང་ཚོ་འདི་རང་གི་འདོད་པ་ལྟར་གྱི་མི་ཞིག་ཅིས་མི་བྱ

 

ཆུང་དུས་སུ་རྨི་ལམ་དང་ཕུགས་བསམ་མོད་པའི་ན་གཞོན་དག

དུས་རབས་ཀྱི་ལམ་ཟུར་ཞིག་ལ

ཉི་འོད་མ་ཡིན་པའི་དྲོད་སྣེ་ཞིག་འཚོལ་བར་སྙེགས་དུས

བདེ་སྐྱིད་ཟེར་བའི་མིང་གི་ཐ་སྙད་དེ

གཡོ་ཟོལ་དང་རྫུ་བག་གིས་ཡོངས་སུ་ཀླུབས་པས

ཆེས་ཐོག་མའི་ལྷད་མེད་དང་དྭངས་གཙང་གི་ཕུགས་བསམ་དེའི་སླད་དུ

ང་ཚོ་འདི་རང་གི་འདོད་པ་ལྟར་གྱི་མི་ཞིག་ཅིས་མི་བྱ 

 

དུས་ཚོད་འདིའི་བག་ཏུ་ཡིབ་པའི་བློ་སྣ་ཐུང་ཞིང་ཁ་སྣ་རིང་བའི་མི་ཚོགས་དག

སྐབས་སྐབས་སུ་བྱང་སེམས་ཀྱི་སྤྲུལ་དུ་མངོན་ཞིང

དུས་དུས་སུ་གདོན་འདྲེ་ཡི་བྱ་བྱེད་ཀྱིས་བསླུས་སོང་ན

ང་དང་ང་འདྲ་བའི་ཉམས་ཆུང་དག་ཡིག་འབྲུ་ཡི་གྲུ་ཟུར་གང་ན

ཚེ་སྲོག་ལྟར་གཅེས་པའི་སྙན་ངག་ཐུང་ཐུང་རེ

སྨག་ནག་གི་མཚན་གུང་ལ་སྤུར་ཆོག་ན

ང་ཚོ་འདི་རང་གི་འདོད་པ་ལྟར་གྱི་མི་ཞིག་ཅིས་མི་བྱ།

  ༢༠༡༥/༧/༢༧དགོང་མོ་སྙན་ངག་པའི་མཚན་མོ་ཞེས་པར་ཕུལ་བ།


ཁ་བའི་ཁྲོད་ཀྱི་དྲན་པ།

 

ཚེ་སྲོག་གི་གསོན་ཤུགས་འདྲ་བའི་ཁ་བ་ཞིག

དེ་རིང་ངའི་ས་གཞི་ཧྲིལ་བོར་དཀར་གཙང་གིས་གཡོག་འདུག

འཚོ་བ་དང་ཕུགས་འདུན་མི་གཅིག་པའི་མི་ཚོགས་དག

ཁ་བའི་ཁྲོད་ནས་སྨོན་ལམ་རབ་རིབ་ཅིག་བཏབ་རྗེས།

གཞི་ནས་ཁ་བའི་མཛེས་སྡུག་ལ་རོལ་གྱིན་འདུག

དད་འདུན་ནི་ནམ་ཡང་ཡལ་བ་མེད་པའི་རྣམ་ཤེས་ཀྱི་སྲོག་ཤིང་དེ་ཡིན་ན།

དེ་རིང་ངས་ཀྱང་ཁ་བའི་ཁྲོད་ནས་གསེར་གྱི་རྒྱ་ཕིབས་ཤིག་དྲན་གྱིན་འདུག


ཆུང་དུས་སུ།

 

ཁ་བ་ནི་གནམ་རྒན་མས་བྱིས་པ་བསམ་མེད་ཚོར་གནང་བའི་རྩེད་ཆས་ཤིག

ཁ་བ་ཡོད་པའི་དབང་གིས།

གནམ་ངོ་ཇི་ལྟར་གྲང་ཡང་དགོད་སྒྲ་དེ་བས་འཇགས་མྱོང་མེད། 

ཁ་བ་ཡོད་པའི་དབང་གིས།

ལུས་པོ་ལ་འཁྱགས་འདར་ཡང་རྒྱག་མྱོང་མེད།

ནར་སོན་དུས།

ཁ་བ་ནི་དྲན་སྟངས་རུམ་གང་ཉར་བའི་གནམ་གྱི་ཕོ་ཉ་ཞིག

ཁ་བ་ཡོད་པའི་དབང་གིས།

གནམ་ངོ་ཇི་ལྟར་གྲང་ཡང་།

བརྩེ་སེམས་ཀྱི་དྲོད་འཁོལ་དེ་བས་ཡལ་མྱོང་མེད།

ཁ་བ་ཡོད་པའི་དབང་གིས།

དྲན་གདུང་གི་སེམས་པ་དེ་བས་འཁྱགས་མྱོང་མེད།

དེ་རིང་ཁ་བའི་ཁྲོད་ནས།

དྲན་པ་རབ་རིབ་ཤིག་ངའི་ལུས་སེམས་ཀྱི་ཕྱི་ནང་ཡོངས་ལ་ཁྱབ་ཅིང་།

དྲན་པ་འདི་ཁ་བས་ང་ལ་གནང་བའི་གསོལ་རས་བཞིན།

ངའི་ཞེ་སེམས་ཀྱི་གཏིང་རུམ་ན་མེ་ལྕེ་བཞིན་འབར་གྱིན་འདུག

དྲན་པ་འདི་ཁ་བས་ང་ལ་གནང་བའི་ལག་རྟགས་ཤིག

སེམས་ཀྱི་ཟབ་ས་ན་མཛེས་སྡུག་གིས་ཉར་བཞིན་ཡོད།

དྲན་པ་འདི་དད་པའི་སྟོབས་དང་མཚུངས་པའི་མཐུ་ནུས་གཞན་ཞིག

དྲན་པ་འདི་ཁ་བས་ང་ལ་གནང་བའི་གསེར་གྱི་རྒྱ་ཕིབས་ཤིག

དྭངས་གཙང་དང་ལྷད་མེད་ངང་ལྷ་ལྡན་གྱི་ཞིང་ཁམས་ན།

མི་ཚོགས་ཀྱི་སྙིང་དབུས་ན་འོད་ཟེར་བཞིན་འཕྲོ་བཞིན་འདུག

               ༢༠༡༥•༡•༦ཉིན་དབུས་ཉི་མ་ལྷ་ས་ནས།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།