ཀྲུང་གོ་བོད་ཀྱི་དྲ་བ།

ན་གཞོན་བབས་སྒྲུང་པ་མགོ་སེར་ཡོན་ཏན་རྒྱ་མཚོ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-09-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1WechatIMG1137.jpg

མགོ་སེར་ཡོན་ཏན་རྒྱ་མཚོ་ནི་དགའ་བདེ་རྫོང་ལུང་སྐྱ་དགོན་པའི་གྲྭ་བ་དཀྱུས་མ་ཞིག་ཡིན། ཕྱི་ལོ2022ཟླ8ཚེས8ཉིན་མགོ་ལོག་གཅིག་སྒྲིལ་རྫོང་ཨ་བཟོད་དགོན་པའི་སྤྲུལ་སྐུའམ་རྒྱལ་ཡོངས་རྟ་ཐོག་གེ་སར་ཟློས་གར་གྱི་རྒྱུན་འཛིན་པ་ཚེ་རིང་དཔལ་ལྡན་ལགས་ཀྱིས་ཁོང་ཉིད་ཁྲིད་ནས་ཟི་ལིང་དུ་ཕེབས་ཤིང་ཁོ་བོར་མཚམས་སྦྱོར་བགྱིས། ཁོང་གིས་ཕབ་འབྲི་ཚར་བའི་སྒྲུང་དཔེ་གསར་བ་ཁ་ཚང་གསུམ་ཏེ།《འབྲོག་ཀར་དུང་རྫོང་དང་།》    《ཤང་ཤང་སྨན་འགྱེད།》《གླིང་དགྲ་ལྷའི་དར་རྫོང་》བཅས་གསུམ་འཁྱེར་ཡོང་ནས་ང་ལ་ལྟ་རུ་བཅུག །སྒྲུང་དཔེ་གསུམ་ལས་གཅིག་ལག་པས་དངོས་སུ་བྲིས་པའི་མ་ཕྱི་དང་གཞན་གཉིས་ནི་གློག་ཀླད་ནང་དུ་གཏགས་ཡོད་པ་ཤིན་ཏུ་གསལ་ཞིང་དག་ལ་ཡིག་ནོར་མི་མཐོང་།  ཚིག་སྦྱོར་བདེ་ལ་སྙན་ཞིང་འཇེབས། ལག་བྲིས་ཀྱི་སྒྲུང་དཔེ་མ་ཕྱི་ཡང་ཤོག་ངོས་གཙང་ལ་ཡིག་གཟུགས་མཛེས། ཀློག་ན་ཁར་བདེ་ཞིང་སུམ་རྟགས་དག་གསུམ་གྱིས་དམ་པོར་བཅིངས་འདུག །ད་དུང་སྒྲུང་དཔེ་གསུམ་པོ་ལེའུ་བགོས་ཡོད་ཅིང་ལེའུ་རེར་ཤོ་ལོ་ཀ་གཅིག་གིས་དོན་བསྡུས་ནས་ཁ་བྱང་དུ་བཀོད་ཡོད།  ཡིག་འབྲི་སྒྲུང་དཔེ་གཅིག་ལ་ཕལ་ཆེར་ཁྲི་ཕྲག་ཉི་ཤུ་ཡས་མས་ཡོད། སྒྲུང་དཔེའི་གྲུབ་སྟངས་ལ་བལྟས་ན་བབས་སྒྲུང་པའི་ཁོངས་སུ་གཏོགས་པའི་ཁྱད་ཆོས་མངོན་གསལ་དོད་པོ་མཐོང་བཏུབ། ཞོར་དུ་ཁོ་བོའི་རེ་བ་ནང་བཞིན་ཁོང་གིས་ལོ་རྒྱུས་རགས་བསྡུས་དང་ཅི་ལྟར་སྒྲུང་པར་གྱུར་བའི་གོ་རིམ། བློ་ཐོག་ནས་འབྲི་ཤེས་པའི་སྒྲུང་གྲངས་སོགས་དུས་ལྟར་བྲིས་ནས་སྤྲད་བྱུང་། ཁོང་ཉིད་སྤྱི་ལོ་ཉིས་སྟོང་གསུམ་ལོའི་ཟླ་བཞི་བའི་ཚེས་བཅུ་བདུན་གྱི་ཉིན་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་ཁྱི་འབྲི་ཡུལ་ཚོའི་འབྲོག་ཁྱིམ་ཕལ་བ་ཞིག་ཏུ་ཡབ་མགོ་སེར་བློ་ཚེ་དང་ཡུམ་མགར་བཟའ་ཨུ་དམ་མཚོ་གཉིས་ཀྱི་བུ་རུ་སྐྱེས། ལོ་ན་ཆུང་དུས་ནས་བཟུང་ཡབ་ཀྱི་དྲུང་ནས་འབྲི་ཀློག་བསླབ་པའི་དབུ་བཟུང་ཞིང་། ཁྱད་པར་དུ་གླིང་གེ་སར་རྒྱལ་བློན་གྱི་མཛད་པ་དང་རྣམ་པར་ཐར་བ་ལ་ཐུན་མོང་མ་ཡིན་པའི་དད་པ་དང་དག་སྣང་མངའ་ལ།  གེ་སར་སྒྲུང་གྱེར་ལེན་དང་། འབྲི་བ་གཞན་ལ་འཆད་པ་སོགས་ལ་སྤྲོ་སྣང་ཤིན་ཏུ་ཆེ། དགུང་ལོ་ལོ་དགུ་ལ་སོན་སྐབས་མདོ་སྔགས་བསྟན་པའི་ཞིང་ས་མགོ་ལོག་ལུང་སྐྱ་དགོན་ནས་རབ་ཏུ་བྱུང་། འདི་དུས་སུ་རང་གི་ལོ་ན་ཆུང་ངུའི་དུས་ཀྱི་དགའ་མོས་ཞིག་གམ་ཡང་ན་སྔོན་གོམས་ཀྱི་བག་ཆགས་བཟང་བོ་ཞིག་གིས་རྐྱེན་བྱས་ནས། འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་འབྲི་བའི་མགོ་བརྩམས་ཏེ་ཐོག་མར་འབྲོག་ཀར་དུང་རྫོང་ཞེས་པའི་སྒྲུང་ཞིག་བྲིས་པ་མི་རིང་བར་མཇུག་གྲུབ། འདིའི་སྐབས་སུ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་མཁས་དབང་བདེ་ལེགས་རབ་རྒྱས་ཀྱིས་ཁོང་གི་སྙན་པ་གསན་ནས་མདུན་དུ་བོས་ཚེ། གླིང་སྒྲུང་བྲིས་ཡོད་ཚུལ་གྱི་ལོ་རྒྱུས་དང་། ཁོང་གིས་དྲི་བ་གང་དྲིས་ལ་ལན་ཐོགས་མེད་དུ་ཕུལ་བས་ཐུགས་ཤིན་ཏུ་དགྱེས་ཏེ་འདི་ནི་དུས་བབས་ཀྱི་བབས་སྒྲུང་མཚན་ཉིད་པ་ཞིག་ཡིན་པས་ངོ་མཚར་ཆེ་ཞེས་དགྱེས་གཟིགས་ཚད་མེད་པ་གནང་།  དེ་ནས་ཁོ་རང་ལོ་བཅུ་གཅིག་ལ་སོན་སྐབས་ལུང་སྐྱ་དགོན་དུས་འཁོར་སྒྲུབ་བརྒྱུད་སྐུ་གསུམ་ནོར་བུའི་སློབ་གླིང་དུ་ཞུགས་ནས་ཡོངས་རྫོགས་བསྟན་པ་རྒྱ་མཚོའི་མངའ་བདག་འཇམ་དབྱངས་མི་ཡི་རྣམ་པར་རོལ་བ་༧སྐྱབས་རྗེ་མཆོག་སྤྲུལ་འཇམ་དབྱངས་སྦྱིན་པ་རྒྱ་མཚོ་མཆོག་གི་ཞབས་པད་གཙུག་གིས་བསྟེན་ཏེ། དཔལ་དུས་འཁོར་སྦྱོར་དྲུག་གི་དབང་ལུང་མན་ངག་ཆ་ཚང་བར་མནོས་ཤིང་ལོ་གསུམ་ཕྱོགས་གསུམ་གྱི་སྒོ་ནས་སྦྱོར་བ་ཡན་ལག་དྲུག་ལ་ཉམས་ལེན་མི་དམན་པ་བྱས།  ད་ལྟ་བཤད་གྲྭ་ལྔ་རིག་ནང་བསྟན་སློབ་གླིང་སྐལ་བཟང་དགའ་བའི་ཚལ་དུ་ཞུགས་ནས། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་དཀའ་བཅུ་བ་ངག་དབང་བཀྲ་ཤིས།  ཧྲོང་བོ་དགེ་བཤེས་བསྟན་འཛིན་ཐོགས་མེད། མདོ་སྔགས་རབ་འབྱམས་པ་མཁན་ཆེན་པདྨ་བློ་གསལ། གནས་ལྔ་རིག་པའི་དབང་ཕྱུག་མཁན་དགེ་ལེགས་སོགས་བཤེས་གཉེན་སྨྲ་བའི་དབང་བོ་རྣམས་ཀྱི་དྲུང་ནས་མདོ་སྔགས་རིག་གནས་དང་བཅས་པ་ལ་སྦྱངས་བརྩོན་གནང་བཞིན་མཆིས་སོ། །    

ཁོང་གིས་སྔ་གཞུག་ཏུ།《 འབྲོག་ཀར་དུང་རྫོང་། 》《 ཤང་ཤང་སྨན་འགྱེད།》   《གླིང་དགྲ་ལྷའི་དར་རྫོང་སོགས་》སྒྲུང་སྣ་གསུམ་ལྷག་ཕབ་འབྲི་གནང་ཚར་ཞིང་།      ནུབ་སྟོབས་འདུལ་དཔའ་བོའི་གླུ་དབྱངས་ཞེས་པའི་སྒྲུང་དཔེ་གསར་བ་ཞིག་ད་ལྟ་ཕབ་བཞིན་ཡོད་ལ།ད་དུང་དཔལ་འཛམ་གླིང་རྒྱལ་པོའི་ཐུན་མིན་གྱི་རྟོགས་བརྗོད་ཉེར་གཅིག་ཅེས་པ་ཞིག་དང་།  གཞན་《མེ་ཉག་གཡུ་རྫོང་》དང་《སྟག་རོང་སྟོན་མོའི་དགྱེས་འཛོམས་སོགས་ཕབ་ཐུབ་པའི་སྒྲུང་གི་གྲངས་ཀ་ཤིན་ཏུ་མང་བ་ལས། ཕྱི་ལོ་ཉིས་སྟོང་བཅུ་དགུའི་ལོ་སྟེ་ཁོང་ལོ་བཅུ་དྲུག་ལ་སོན་སྐབས་རང་ཉིད་ཀྱི་བློ་ལས་འབྲི་ནུས་པའི་སྒྲུང་གི་ཁ་བྱང་བརྒྱ་དང་བཅུ་གསུམ་ཡིག་ཐོག་ཏུ་ཕབ། འདི་དག་ནི་གཙོ་བོ་གླིང་ལྷ་སྲས་དགྲ་ལྷ་རྩེ་རྒྱལ་གྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྣམ་པར་ཐར་བ་ཡིན་ལ་ད་ལྟ་ཕབ་འབྲི་བྱེད་བཞིན་པའི་སྒང་བཞིན་ནོ།།

ཁོང་ད་ལྟ་ལོ་ན་ཤིན་ཏུ་ཆུང་ན་ཡང་གེ་སར་རིག་གནས་རྒྱུད་འཛིན་དང་དར་སྤེལ་བྱེད་པ་ལ་གཞན་ལས་ལྷག་པའི་དགའ་སྤྲོ་དང་བསམ་བློ་མི་དམན་པ་ཡོད་ཅིང་།   ཁོང་གིས་བྲིས་པ་དང་འབྲི་བཞིན་པའི་སྒྲུང་དཔེ་རྣམས་ཀྱིས་མ་འོངས་པའི་གེ་སར་རིག་གནས་ལ་སྔར་མེད་ཀྱི་གྲུབ་འབྲས་དང་ནུས་པ་ཁྱད་པར་བ་ཞིག་ཐོན་པའི་སྨོན་འདུན་དང་། ཆབས་ཅིག་གོང་རིམ་འབྲེལ་ཡོད་སྡེ་ཁག་གིས་ཁོང་གི་མ་འོངས་པའི་གེ་སར་རིག་གནས་ཀྱི་བྱ་གཞག་གི་ཐད་ལ་རྒྱབ་སྐྱོར་དང་ཐུགས་ཁུར་བླ་མེད་གནང་བར་ཞུའོ།།   

གཤམ་དུ་མགོ་སེར་ཡོན་ཏན་རྒྱ་མཚོས་ཕབ་འབྲི་ཤེས་པའི་སྒྲུང་དཔེའི་དཀར་ཆག་འགོད་པར་བྱའོ། །

1.《གླིང་དགྲ་ལྷའི་སྐྱེས་རབས་ཆེན་མོ།》 2. 《གླིང་དགྲ་ལྷའི་འཁྲུངས་གླིང་།》 3.《མཐོང་སྨོན་ཞིང་གི་དགའ་སྟོན། 》 4.《གླིང་དགྲ་ལྷའི་ལྷ་བསང་རིང་མོ།》 5 . 《རྨ་རྒྱལ་གངས་གཏེར།》 6 . 《ཆོས་ལུང་མདའ་རྫོང་།》7 .《ཛ་གླིང་གཡུལ་འགྱེད།》 8 . 《རིམ་གསུམ་ཆོས་ཀྱི་འཁོར་ལོའི་འོད་སྣང་།》 9. 《བདུད་སྡེ་བྱང་རྒྱལ་བོ་འདུལ་བ། 》 10 .《བྱང་ངན་སྔགས་འཇོམས་པའི་ཟློས་གར།》  11 . 《ཆོས་ལུང་ལྷ་ཡི་དགའ་སྟོན།》  12 .  《དཔའ་བོའི་རྨོག་རྫོང་།》  13 . 《གླིང་དགྲ་ལྷའི་དར་རྫོང་ཕྱུག་མོ།》 14 . 《འ་གླིང་ནོར་རྫོང་།》  15 .《མི་ཉག་མདའ་རྫོང་།》  16 .《ཀླ་ཀློའི་འཕྲུལ་རྫོང་།》  17 . 《སྟོབས་ལྡན་ཁྲབ་རྫོང་།》  18 .《གྱི་ལིང་རྟ་རྫོང་།》    19 .  《ཏོ་དའི་གྲི་རྫོང་།》 20 .《དྲི་ཟའི་སྨན་རྫོང་།》21 .《མཁའ་ལྡིང་ནོར་བུའི་རྫོང་།》 22 .《བཙུན་མོའི་ཇ་རྫོང་།》 23 . 《ཤར་བདུད་མཆོང་རྫོང་།》  24 . 《རྡོ་རྗེའི་ཁྲབ་རྫོང་།》  25 .《སོག་པོའི་གཏེར་རྫོང་།》 26 . 《མ་ཟིའི་ཆང་རྫོང་།》  27 . 《མཐའ་འདྲེའི་མདུང་རྫོང་།》28 . 《སྲོག་བདུད་ དངུལ་རྫོང་།》29 . 《ཁ་ཆེའི་ལུག་རྫོང་།》  30 .《ཚང་ཚིང་ཆོས་རྫོང་།》31 . 《རང་བྱུང་སྨན་གྱི་ལང་ཚོ།》  32 . 《འཛམ་གླིང་སྤྱི་བསང་།》 33 . 《རྒྱ་མུན་པའི་གཏེར་རྫོང་།》   34 .   《མུ་སྟེགས་ཕུབ་རྫོང་།》35 . 《ཤར་འཕགས་སྨྱུག་རྫོང་།》36 . 《ཞ་ཤའི་གླུ་རྫོང་།》37.《ཕྲ་མེན་བྲོ་རྫོང་།》38 .《བདེ་ཆེན་གསེར་རྫོང་།》  39 .  《གནས་ཕྲན་གཏེར་གྱི་རྫོང་།》  40 . 《ལྕགས་གླིང་གཡུལ་འགྱེད་ཆེན་མོ།》41 .《འདོད་ཆགས་སྲིན་འདུལ་རྫོང་།》 42 .《ཞེ་སྡང་བདུད་འདུལ་རྫོང་།》 43 .  《གཏི་མུག་ཕག་རྒྱལ་འདུལ་བའི་རྟོགས་བརྗོད།》44 .《ང་རྒྱལ་སྟག་བཀྲ་རྒྱལ་བོ་འདུལ་བའི་རྟོགས་བརྗོད།》 45 .《ཕྲག་དོག་ཛ་འཕྲུ་རྒྱལ་བོ་འདུལ་བའི་རྟོགས་བརྗོད།》  46 .《དགྲ་ལྷའི་དཔའ་རྫོང་།》 47 . 《གངས་དཀར་སྨན་རྫོང་།》   48 . 《མི་ཆུང་གླུ་བརྒྱའི་རོལ་མོ།》  49 . 《སིང་སིང་རྔ་ཆེན་གྱི་རྫོང་།》 50 .《མི་སྲིན་གར་གྱི་རྫོང་།》  51 .  《མཚལ་གླིང་གཡུལ་འགྱེད།》  52 .  《གསང་བའི་སྨན་རྫོང་།》  53 . 《མཚར་སྡུག་པི་ཝང་རྫོང་།》54 .   《ངེས་དོན་ཆོས་རྫོང་།》  55 .  《འཇམ་དབྱངས་བསྟོད་པའི་རྫོང་།》56 . 《བདེ་ལྡན་ཞིང་གི་མཛེས་ལྗོངས།》 57 . 《གནས་ཡུལ་ཌྰཀྐི་དགྱེས་པའི་བྲོ་ར།》 58 . 《སྤྱན་གཟིགས་དགྱེས་པའི་དགའ་སྟོན།》 59 .   《བདེ་ཆེན་ཉམས་རྫོང་། 》 60.《སྡེ་འཕར་འདུལ་དཔའ་བོའི་མདའ་རྩལ།》61 . 《ཤིང་སྟོད་མདའ་རྫོང་།》 62 . 《ཤིང་སྐེད་གྲི་རྫོང་།》 63 .《ཤིང་སྨད་མདུང་རྫོང་།》  64 .《ཤིང་མཐའ་སྨན་རྫོང་།》    65 .    《མ་རུངས་ལྕགས་ཞུ་རྒྱལ་བོ་འདུལ་བའི་རྟོགས་བརྗོད།》 66 .  《ཡེ་ཤེས་སྒྱུ་མའི་རྩེད་མོ།》    67 .   《དགའ་སྟོན་ཀུ་མུད་བཞད་པའི་སྣང་བརྙན།》68 .  《འཛམ་གླིང་གཏེར་རྫོང་།》69 . 《མི་ཆུང་གླུ་རྫོང་།》  70 . 《ངོ་མཚར་དུང་རྫོང་།》 71 . 《བདེ་ཆེན་དཔའ་བོའི་རྫོང་།》 72 .  《སོག་འདུལ་གནམ་ལྕགས་ཐོག་མདའ།》  73 . 《ཐོར་ཆེན་རྔམ་པ་རྒྱལ་བོ་འདུལ་བའི་རྟོགས་བརྗོད།》  74 .《ཁྲག་གླིང་གཡུལ་འགྱེད།》 75 .  《ཡ་མེད་དྲེལ་རྫོང་།》76 .  《རྩལ་ལྡན་རྟ་མཆོག་རྫོང་།》 77 .  《གླིང་དཔའ་ཐུལ་རྣམས་ཀྱི་ཁྲབ་ཀྱི་རྟོགས་བརྗོད། 》78 .《གླིང་དཔའ་ཐུལ་རྣམས་ཀྱི་རྟོགས་བརྗོད། 》79 .《གླིང་དཔའ་ཐུལ་རྣམས་ཀྱི་རྣོན་པོ་གྲི་ཡི་རྟོགས་བརྗོད། 》80 . 《ཁྲག་གླིང་གཏེར་རྫོང་།》  81 . 《ཨ་ལིའི་གསེར་རྫོང་།》 82 . 《འབྲི་ཐང་དངུལ་རྫོང་།》  83 . 《རྫིང་བུའི་གཡུ་རྫོང་།》84 .  《འདྲེ་གླིང་བྱུར་རྫོང་།》  85 . 《རྒྱ་མཚོའི་ཁྱུང་རྫོང་།》   86 .  《མཁའ་འགྲོའི་ཆོས་རྫོང་།》  87 . 《ཅ་རོད་དབྱངས་རྫོང་།》  88 . 《རྟ་རྒྱུགས་ཡིད་ཀྱི་རང་མདངས།》89 . 《འཛིན་མེད་ལྟ་བའི་རྫོང་།》   90 .《ཡེངས་མེད་སྒོམ་གྱི་རྫོང་།》91 .  《ཚུལ་ལྡན་སྤྱོད་པའི་རྫོང་།》 92 . 《གླིང་དཔའ་ཐུལ་རྣམས་ཀྱི་སྐྱེས་རབས།》 93 .   《དབྱིངས་ཕྱུག་དར་བཟའ་ལྷ་མོའི་རྣམ་ཐར།》94 . 《སྐུ་མཁར་དངུལ་ཆུ་ཁྲོ་རྫོང་ལ་བསྟོད་པ།》    95 . 《རྒྱ་གར་ཆོས་རྫོང་།》   96 . 《འབྲུག་ཡུལ་རྒུན་འབྲུམ་ཆང་གི་རྫོང་།》  97 .《ཤ་ཐའི་ནས་རྫོང་།》 98 . 《ངར་གླིང་མཎྡལ་རྫོང་།》 99 .  《རྫ་རིའི་ལྕགས་རྫོང་།》100 . 《ཆན་ཆོན་དྲེལ་རྫོང་།》101 . 《གཡུ་རྩེའི་གཏེར་རྫོང་།》  102 .《ལྷ་མི་དགའ་བའི་བྲོ་གར། 》 103. 《སྒྲོལ་མའི་ཆོས་རྫོང་།》  104 .  《རྫུ་འཕྲུལ་ཆོས་རྫོང་།》 105 . 《ཆོས་བརྒྱད་སྤངས་རྫོང་།》106 .  《མི་ཆུང་དགའ་བའི་ཟློས་གར།》107 .《ངེས་ལེགས་གདམས་པའི་རྫོང་།》 108 .《མི་རྟག་སེམས་ཀྱི་རང་བཞིན།》    109 . 《སེམས་ཉིད་ཆོས་རྫོང་།》 110 .《གཟུགས་སྐུ་མྱ་ངན་གྱི་རྫོང་།》 111 . 《ངོ་མཚར་ཞིང་ཁམས་རྫོང་།》112 .《འབྲེལ་ཚད་བདེ་ལྡན་རྫོང་།》 113.《བཀྲ་ཤིས་རྫོགས་ལྡན་གྱི་རྫོང་》བཅས་ཡིན་ནོ། །    

ཞེས2022ལོའི་ཟླ9བའི་ཚེས5ཉིན་ལ་རྒན་པོ་གཅོད་པ་དོན་གྲུབ་ཀྱིས་གནའ་མཁར་ཟི་ལིང་ནས་ལེགས་སྒྲིག་བགྱིས་པ་དགེའོ།།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།