ཀྲུང་གོ་བོད་ཀྱི་དྲ་བ།

མཐའ་མཇུག་གི་ཞིང་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : མེ་ཏོག   སྤེལ་དུས། : 2025-09-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1

ཚ་བ་ཆེ་བའི་དབྱར་ཁའི་མཁའ་དབུགས་ནང་དུ་དགུན་གྱི་འཁྱག་རླུང་ཅུང་ཟད་བསྲེ་རྒྱུ་བྱུང་ན་ཅི་འདྲའི་དགའ་བ་ལ་ཨང་། ལྷ་སར་སླེབས་ནས་ལོ་གསུམ་ཕྱིན་སོང་། དེ་རིང་གི་ཚ་གདུག་འདི་འདྲར་འཕྲད་མྱོང་མེད། ཚ་གདུག་འདིས་ངའི་དཔྲལ་བ་དང་ཡར་གོང་ནས་རྔུལ་ཆུའི་ཐིགས་པ་བསྒྲིལ་ཡོང་བ་མ་ཟད། ངའི་སྙིང་ག་བསྲེགས་ཏེ་དབུགས་ཀྱང་གཏོང་དཀའ་བའི་ཚོད་དུ་ལྷུང་།

མདུན་ཤེལ་གྱི་ཐོད་དུ“རྣམ་གླིང—ལྷ་ས”ཞེས་བྲིས་པའི་འགྲུལ་སྐྱེལ་རླངས་འཁོར་དེ་འབབ་ཚིགས་སུ་འབྱོར་མ་ཐག ངས་མགོ་བོ་རྨྱངས་ཏེ་རླངས་འཁོར་ནང་དུ་མིག་མྱུལ་བརྒྱབ། རྒྱབ་བསྙེས་མཐོན་པོ་དེ་དག་གི་གསེང་ནས་པཱ་ལགས་ཀྱིས་ཀྱང་མིག་རིག་རིག་གིས་ང་རང་འཚོལ་གྱིན་འདུག

ངའི་བག་ཆགས་ནང་པཱ་ལགས་ནི་གྱད་མི་སྟོབས་པོ་ཆེ་ཞིག་དང་ང་ནི་བྱ་སྤུ་ཡང་མོ་ཞིག་རེད། པཱ་ལགས་ཀྱི་གོམ་འགྲོས་དང་བསྟུན་པའི་རླུང་གི་རྒྱུ་བ་ཕྲ་མོས། ང་རང་ས་ལས་ལྡིང་ཞིང་མཁའ་ལ་སྤུར་བར་བྱེད།

རླངས་འཁོར་དལ་མོར་ངའི་མདུན་ཐད་དུ་འཁོར་བ་དང་སྦྲགས་སྒོ་མོ་ཙིར་སྒྲ་དང་བཅས་ཏེ་ཕྱེ། ཚ་དུབ་ཀྱིས་གཙེས་པའི་འགྲུལ་པ་དེ་དག་འཚང་ཁ་ཤིག་ཤིག་ཏུ་དོན་ཡོང་དུས་ངས་ཞོགས་པར་ངེད་ཚང་གི་ལུག་ལྷས་ནས་ལུག་ཁྱུ་ཕྱིར་ཕུད་པའི་རྣམ་པ་དེ་ཡང་ཡིད་ལ་འཁོར། པཱ་ལགས་ཀྱང་མི་དེ་དག་དང་ལྷན་དུ་རྟབ་རྟབ་པོར་རླངས་འཁོར་ལས་བབས་བྱུང་།

ད་ཆ་ངའི་མཐོང་ལམ་དུ་མངོན་པའི་པཱ་ལགས་ནི་ཅུང་ཟད་སྐེམ་ལ་ཉམ་ཤིན་ཏུ་ཆུང་བར་མངོན། དེ་ནི་གྲོང་གསེབ་ལས་ལྡབ་འགྱུར་གྱིས་ཆེ་བའི་གྲོང་ཁྱེར་གྱི་ཁང་པ་འདི་ཚོས་བྱས་སམ། ཡང་ན་ཁྱིམ་གྱི་ཞིང་ལས་དང་ཕྱུགས་གཡོག་ལ་སོགས་པའི་འགན་བབས་ཡོངས་རྫོགས་ཁོང་རང་གཅིག་པུའི་ཕྲག་པར་ལྷུང་བས་ཡིན།

པཱ་ལགས་ཀྱིས་ང་མཐོང་མ་ཐག“ཨོ་ལོ། མགྱོགས་པོར་སོང་། མོ་ཊའི་འགབ་ན་འགྱིག་ཕད་སེར་པོ་ཞིག་ཡོད། སྟེང་ལ་ཡི་གེ་བྲིས་ཡོད། གཞན་ལ་ནོར་དུ་མ་འཇུག”གསུངས་པར་ང་བྲེལ་མྱུར་གྱིས་རླངས་འཁོར་གྱི་རྒྱབ་ཏུ་སོང་།སྟེང་ལ་བསོད་ནམས་ཞེས་ཡི་གེ་ཨ་ཀྱོག་པ་ཀྱོག་བྲིས་པ་དེ་ཁོར་སྒོམ་ལ་མར་བཏོན། ལྗིད་དྲག་སྟེ་པང་དུ་འདེགས་ཐུབ་ཚད་ཅིག་འདུག དེའི་ནང་དུ་རྩམ་པ་དང་། མར། སྣུམ་སོགས་ཡོད་ངེས་ཏེ། ངའི་ལག་པས་སྣུམ་བླུགས་སའི་འགྱིག་དམ་དང་རྩམ་ཕད་ལ་རེག་ཐུབ།

ཞོགས་པར་པཱ་ལགས་ཁྱིམ་ནས་ཐོན་ཁར་ཨ་མས“ཇོ་ལགས། འདི་ཚོ་ཨོ་ལོ་ལ་སྤྲོད།” “རྩམ་པ་མང་ཙམ་ཟོ་ཞེས་ལབ་རོགས།” “མར་གྱིས་ཇ་བཟོས་ནས་ཞོགས་པར་ཐུངས་ཞེས་བཤད་རོགས”སོགས་བཅོལ་གཏམ་མང་པོ་གནང་ཡོད་ངེས་ཏེ། ཁོང་གིས་དུས་གཏན་དུ་ང་རང་ཕྱི་ལོགས་སུ་འཁྱགས་དོགས་ལྟོགས་དོགས་ཀྱི་སྡུག་བསྔལ་བྱེད། སྐབས་དེ་དུས་པཱ་ལགས་ཀྱིས“ད་ཁ་རོག་གེར་སྡོད། སུན་པོ་མ་བཟོ་དང་། ང་ལོ་རྒན་ལྔ་བཅུར་སླེབས་ལ་ཉེ་བ་ཞིག་གིས་དེ་ལོས་ཤེས”ཞེས་སུན་སྣང་དང་བཅས་སྨྲས་པའི་ངང་ཚུལ་ཡང་ཡིད་ལ་འཁོར་འཁོར་བྱས།

2

“ཨོ་ལོ། འདི་འདྲའི་ཚ་བ་གང་རེད་དམ། ལྟོས་དང་། འབུ་རས་འོག་འཇུག་དང་ཤ་འབྱར་མ་གཏོགས་མ་གོན་ཡང་ཚ་བས་ཨར་སྟེན་གྱི་མི་འདུག དངོས་གནས་ལྷ་སར་འདི་འདྲའི་ཚ་བ་ཞིག་ཡོད་འགྲོ་བསམས་པ་མ་བྱུང་།”

“པཱ་ལགས། ཚ་བ་དེ་འདྲ་གོ་ལ་ཧྲིལ་པོ་དྲོ་རུ་ཕྱིན་པས་རེད། ང་ལས་ཀ་བྱེད་སར་དྲོད་སྙོམ་འཕྲུལ་ཆས་ཡོད་རེད། བསིལ་པོ་ཡོད་རེད། འཚིག་དོགས་ཀྱི་སེམས་ཁྲལ་མེད།”

“དྲོད་སྙོམ་འཕྲུལ་ཆས་ཟེར་ན་གང་རེད།”

“དྲོད་སྙོམ་འཕྲུལ་ཆས་ཟེར་ན་ཕ་གི་རེད།”ངས་གླ་བྱེད་རླངས་འཁོར་ནང་ནས་ལམ་གཡས་གཡོན་གྱི་ཁང་པའི་ངོས་སུ་བཀལ་བའི་དྲོད་སྙོམ་འཕྲུལ་ཆས་ལ་མཛུབ་མོ་བཙུགས་ཏེ“པཱ་ལགས། འཕྲུལ་ཆས་དེ་ཡོད་ན་དབྱར་ཁར་འཚིག་དོགས་མེད་ལ་དགུན་ཁར་འཁྱག་དོགས་མེད། ངེད་ཚོའི་ལྕགས་ཐབ་ལས་ཡག་པ་ཡོད་རེད”ཅེས་སྨྲས།པཱ་ལགས་ཀྱིས་སྣ་ཤུ་ཞིག་བཏོན་པ་དང་སྦྲགས“རང་གི་ཁ་ནས་གྲོང་ཁྱེར་ལ་ཡག་པ་ལས་སྡུག་པ་ཞིག་མེད་ཐག་ཆོད་རེད”ཅེས་སྨྲས། མཚམས་ཤིག་ང་རང་ཅི་ཤོད་མེད་པར་ལུས།ཡུན་ཙམ་སོང་བ་ན་གླ་བྱེད་རླངས་འཁོར་ང་སྡོད་སའི་ཉེ་འགྲམ་དུ་སླེབས།

ངས་མདུན་ཐད་དེར་མཛུབ་མོ་བཙུགས་ཏེ“པཱ་ལགས། འདི་ང་སྡོད་སའི་སྒོ་ར་རེད། མཐུན་སྒྲིལ་གྲོང་གསར་ཟེར། རྩེ་སྐོར་དང་། བར་སྐོར། གླིང་སྐོར་གང་ལ་ཡང་ཐག་ཉེ”ཞེས་བཤད།ཁོང་གིས་སྒོ་མོ་ཆེན་པོ་དེར་ལྟ་ཙམ་བྱས་རྗེས“ད་འགྲོ”ཟེར།

ངས་འགྱིག་ཕད་སེར་པོ་པང་ལ་བཏབ་ནས་རྒྱ་སྒོ་ནས་འཛུལ། པཱ་ལགས་ཀྱིས་སྒོ་རའི་ནང་གི་སྒོ་དང་སྒེའུ་ཁུང་མཚུངས་པའི་ཐོག་སོ་བཞི་ལྡན་གྱི་ཁང་ཆུང་གྲལ་འགྲིག་པོ་དག་མཐོང་རྗེས“ཨ་ཙི་ཙི། འདི་ད་ལོ་གྲོང་ཚོར་བརྒྱབ་པའི་བ་ཚང་དག་དང་འདྲ་བ་ལ”ཟེར།

ངས་སྨིན་མ་བསྡུས་ནས“པཱ་ལགས། ཁྱེད་རང་གི་ཞལ་ནས་གྲོང་ཁྱེར་ལ་ཡག་པ་ཞིག་ལབ་རྒྱུ་མེད། དེ་འདྲ་མ་གསུངས་མ་གཏོགས་མིས་གོ་ན་རླུང་བསྟན་གྱི་རེད”ཅེས་བཤད།

“རླུང་བསྟན་ཀྱང་ཐབས་ཤེས་མེད། རང་གྲོང་ཁྱེར་ལ་ཤོར་འགྲོ་དུས་ང་ནི་རང་ཀླུའི་ཕོ་བྲང་འདྲ་བ་ཞིག་ལ་སྡོད་ཀྱི་རེད་བསམས་བྱུང་། འདི་ངེད་ཚང་གི་བ་ཚང་ལས་ཀྱང་སྐྱོ་བ་འདུག”ཅེས་ཁོང་གིས་ང་ལ་རྒྱག་གཏམ་སྨྲས།

ཉིན་གསུམ་གྱི་གོང་ལ་པཱ་ལགས་ཀྱིས་ལྷ་སར་ཡོང་གི་ཡིན་ཟེར་དུས་ངའི་ཁ་ནས་པཱ་ལགས་རང་ཕེབས་ཤོག་ཅེས་བཤད་མོད། སེམས་ནང་ཁོང་ཅིའི་ཕྱིར་ཡོང་མིན་ལ་མནོ་བསམ་གཏོང་དགོས་བྱུང་། ངས་ཨ་མ་ལ་དྲིས་པར་ཨ་མས་པཱ་ལགས་ཉོ་ཆ་རྒྱག་པར་འགྲོ་མཁན་རེད་ཟེར་མོད། ཆ་འཇོག་ས་དེ་ཙམ་མི་འདུག པཱ་ལགས་སྔ་མོ་ནས་གྲོང་ཁྱེར་ལ་དགའ་མདོག་མི་བྱེད་ལ་ཉོ་ཆ་ཞིག་གི་དོན་དུ་ལྷ་སར་ཡོང་མཁན་ནི་དེ་བས་ཀྱང་མ་རེད། ད་ཆ་ཁོང་གི་སྐད་ཆའི་བབ་ལ་ཉན་དུས་ཁོང་གི་དམིགས་ཡུལ་རོབ་ཙམ་ཤེས་སོང་།

3

ངས་འཁྱགས་སྒམ་ལས་པཱ་ལགས་ལ་གྲ་སྒྲིག་བྱས་པའི་ལྷ་སའི་སྦི་རག་བཏོན་ཏེ་ལྡུག་རྩིས་བྱེད་དུས་ཁོང་གིས“ཨོ་ལོ། སྦི་རག་འཐུང་གི་མིན། དེ་ལས་ནང་ནས་ཁྱེར་ཡོང་བའི་ཆང་གང་ལྡུག་རོགས། རང་ཡང་ཐུངས”ཟེར།

ཁོང་གིས་ཆང་པི་ཙི་གསུམ་བསྟུད་མར་ཞབས་དག་བརྒྱབ་རྗེས་ངའི་སྨི་གྲུ་བཞི་མ་ཉི་ཤུ་ཡོད་པའི་ཁང་ཆུང་འདིའི་མགོ་མཇུག་བར་གསུམ་ལ་ཞིབ་ཀྱིས་བལྟས། དེ་རྗེས“ཐབ་ཆས་གཅིག་ཀྱང་མེད་དམ། ནམ་རྒྱུན་ལྟོ་ག་ནས་ཟ་གི་ཡོད”ཅེས་དྲིས།

ངས“ནམ་རྒྱུན་ལྟོ་མང་ཆེ་བ་ལས་ཀ་བྱེད་ས་ནས་ཟ་གི་ཡོད། ཐབ་ཆས་ཀྱི་དགོས་པ་མི་འདུག”ཅེས་བཤད་པར་ཁོང་གིས་དབུ་གཡུག་གཡུག་གནང་ནས“ཨ་ཙི་ཙི། ཨོ་ལོ། རང་གཞོན་པ་ཤ་ཐང་ཞིག་ལ་ཐབ་ཆས་ཤིག་ཀྱང་མེད་པ་དཔེ་རེད། མི་ཚེ་གང་འདྲ་བྱས་ནས་སྐྱེལ་མཁན་ཡིན”ཞེས་སྨྲས།

“ཐབ་ཆས་དང་མི་ཚེའི་བར་འབྲེལ་བ་ཡོད་དམ”ངས་ཁོང་ལ་ཡི་མ་རངས་པའི་ངང“ངའི་མི་ཚེ་སྐྱེལ་ལུགས་ཁྱེད་རང་ལ་ཞུས་ཀྱང་བློ་ལ་འགྲོ་མི་སྲིད། གང་ལྟར་ལོ་ཤས་རྗེས་སུ་ངས་ཁྱེད་རྣམ་གཉིས་ལྷ་སར་ཉར་གྱི་རེད། དེ་དུས་ལྷ་སའི་རྒན་རྒོན་དེ་ཚོ་ནང་བཞིན་རྩེ་སྐོར་གླིང་སྐོར་བརྒྱབ་ནས་བསྡད་ན་འགྲིག”ཅེས་བཤད།

ཁོང་གིས་ཕྱག་གཡུག་གིན་ཧབ་དགོད་དང་བཅས“ཨོ་ལོ། པ་ཕ་ང་ཤི་རུང་གསོན་རུང་བྲག་དཀར་གྱི་མི་ཡིན། རང་ཡུལ་གད་པ་ཡིན་ཡང་སྐྱིད་ཟེར་བ་རེད། ང་ལྷ་སར་ཡོང་གི་མིན”ཞེས་བཤད།

4

ངས་པ་ཕ་ཁྲིད་དེ་བོད་ཟས་ཁང་ཞིག་ནས་ཉིན་གུང་གི་ཁ་ལག་ཟོས། ངས་སོ་ལོ་ཤ་བརྔོས་བཀབ་འབྲས་དང་པ་ཕས་ཤ་འབྲས་ཟོས།ཤ་འབྲས་བསྐྱལ་མ་ཐག་ཁོང་གིས“ཨ་ཙི་ཙི། གྲོང་ཁྱེར་ལ་མུ་གེ་ཐེབས་པ་མིན་ནམ། སྔོན་ཆད་གྲོང་པའི་བསམ་འཕེལ་གྱིས་གསུམ་དྲུག་དགུ་ཟེར་དུས་ང་ཡིད་ཆེས་མ་བྱུང་། ད་ལྟ་མཐོང་དུས་དངོས་གནས་རེད་འདུག”ཅེས་ཧང་སང་སང་དུ་བཤད་པར་འཁྲིས་སུ་སྡོད་མཁན་ཨ་ཅག་རྒྱགས་པ་དེ་ལྷུག་ལྷུག་ཏུ་བགད་བྱུང་།

“པཱ་ལགས། གསུང་སྐད་ཆུང་ཙམ་བསྐྱོན་དང་། སྦྱིན་བདག་གིས་གོ་ན་རྒྱག་རེས་རྒྱག་སྲིད”ངས་སྐད་ཤུགས་ཆུང་ངུས་ཁོང་ལ་དྲན་སྐུལ་གནང་མོད། ཁོང་གིས་སྣང་དོགས་ཅི་ཡང་མི་བྱེད་དེ“ཨ་ཙི་ཙི། ཨོ་ལོ།ཤ་འབྲས་འདི་ལ་སྒོར་མོ་ག་ཚོད་རེད”ཅེས་དྲིས།

“སྒོར་བཅོ་ལྔ་རེད།”དྲང་པོར་བཤད་ན་པཱ་ལགས་ཀྱི་ཐུགས་སྔར་བཞིན་འཁྲུག་རྒྱུ་གདོན་མི་ཟ།

ཁོང་གིས་ཤ་འབྲས་ཁ་ཤས་ཟོས་རྗེས་ཡི་ག་མི་འདུག་ཅེས་དེ་ཙམ་ལས་མ་ཟོས། སྤྱིར་ན་ངས་དགོང་ཟས་ཁོང་རང་ལྷ་སའི་ཟ་ཁང་ངོ་དྲག་པ་ཞིག་ཏུ་འཁྲིད་རྩིས་ཡོད་མོད། ཁོང་གིས་མི་ཐེགས་གཏན་འཁེལ་ཏེ་མི་ཚེ་གང་བོ་ཟ་མཁས་འཐུང་མཁས་གནང་བའི་ཁོང་གིས་ལྟོ་ཐུན་གཅིག་ལ་སྒོར་མོ་བརྒྱ་ཕྲག་སྤྲད་པ་རེད་ཟེར་ན་རྣ་བར་མི་འགྲོ་ཁོ་ཐག་རེད།

ཁ་ལག་ཟོས་རྗེས་པཱ་ལགས་ངེད་གཉིས་གྲོང་ཁུལ་རྙིང་པའི་ཕྱོགས་སུ་བསྐྱོད།“ཨོ་ལོ། རང་གི་ཁང་ཆུང་ནག་ཁུང་དེར་སྡོད་པ་ལས་བར་སྐོར་ལ་འགྲོ”པཱ་ལགས་ཀྱིས་འདི་ལྟར་གསུང་དུས་ང་རང་ཅུང་ཟད་མ་རངས་ཀྱང་ངས་ཅི་ཡང་མ་ལབ། ཕ་བུ་གཉིས་འཛོམས་མ་ཐག་ཁ་རྩོད་བརྒྱབ་ན་ག་ལ་འགྲིག

གྲོང་ཁུལ་རྙིང་པར་མི་ཚོགས་སྟུག་ལ་འདུ་འཛི་ཆེ། ལམ་ལ་འགྲོ་དུས་པཱ་ལགས་ཀྱི་ཡིད་ངོར་ལོ་ངོ་མང་པོའི་གོང་ཁོང་རང་ལྷ་སར་ཕྱིན་པའི་སྣང་ཚུལ་དྲན་གྱི་ཡོད་པ་འདྲ། ཁོང་གིས་ར་མོ་ཆེ་དང་། ཁྲོམ་གཟིགས་སྒང་། གཙུག་ལག་ཁང་སོགས་ཁ་ཕྱོགས་གང་དུ་ཡོད་མིན་ཚོད་བགམ་བྱེད་ཀྱིན“ཨོ་ལོ། འདི་ནས་མདུན་ལ་སོང་ན་ར་མོ་ཆེ་ལ་སླེབས་ཀྱི་རེད། རེད་དམ”ཟེར་ཞིང་།“ཨོ་ལོ།མདུན་གྱི་ཁང་པ་འདི་ཁྲོམ་གཟིགས་སྒང་ཡིན་གྱི་རེད། རེད་དམ”ཞེས་ཡང་ནས་བསྐྱར་དུ་དྲིས། མཐར་ངེད་གཉིས་ཀྱིས་སྐོར་བ་གསུམ་བརྒྱབ་རྗེས་གཞི་ནས་ངའི་ཉལ་ཁང་ཕྱོགས་སུ་ལོག

ལམ་བར་དུ་ངས་ཁོང་ལ“དེ་རིང་ངེད་གཉིས་ཟ་ཁང་རྩེ་གྲ་ཞིག་ལ་དགོང་ཟས་ཟ་བར་འགྲོ”ཞེས་ལབ་པ་ན།

ཁོང་གིས་དབུ་གཡུག་གཡུག་གནང་གིན“ཨོ་ལོ། དེ་ལས་ཐུག་པ་ཞིག་བཏུང་ན་ཡག་གི་རེད། གྲོང་ཁྱེར་གྱི་མི་འདི་ཚོར་བསམ་རྒྱུ་དངུལ་དང་དྲན་རྒྱུ་དངུལ་ལས་མི་འདུག རང་གི་གླ་ཆ་ཉུང་ཉུང་དེ་ལ་བདག་པོ་ཡག་པོ་བརྒྱབ་ན་ཡག”གསུངས།

“པཱ་ལགས། ང་ལ་གླ་ཆ་མཐོན་པོ་ཡོད་རེད། བཤད་ན་གཏམ་འདོད་ལ་འགྲོ་མོད། ལས་བྱེད་པ་གཅིག་དང་མང་ཉུང་འདྲ་འདྲ་རེད”ཅེས་སྤོབས་ཉམས་དང་བཅས་བཤད། ཁོང་གིས“ཡོད་ས་རེད། རང་གི་ཁང་ཆུང་དེ་ལ་གཅིག་ལྟོས་དང་། དངུལ་ཡོད་པོ་ཐམས་ཅད་རང་དང་འདྲ་བར་ཁང་ཆུང་དེ་འདྲ་ལ་སྡོད་པ་ཡིན་ནམ”ཞེས་ཟུར་ཟ་དང་བཅས་ཏེ་སྨྲས།

ང་རང་སླར་ཅི་ཤོད་མེད་པར་གྱུར་སོང་།

5

ཐུག་པ་བཏུངས་ནས་ཉལ་ཁང་དུ་སླེབས་དུས་ཆུ་ཚོད་བརྒྱད་པ་ཟིན་འདུག  དྲང་པོར་ཞུས་ན་བསམ་ཤེས་པ་ནས་ད་བར་པཱ་ལགས་ངེད་གཉིས་གཅིག་པུར་ཁང་ཆུང་གཅིག་ཏུ་མཚན་བསྐྱལ་བ་ཐེངས་དང་པོ་རེད། ངའི་བག་ཆགས་ནང་པ་ཕ་ནི་ཞལ་ཤོབ་ཚ་ལ་སྒམ་ནན་ཆེ་བའི་མི་ཞིག་རེད། འོན་ཀྱང་ཁོང་གི་ཞལ་ཤོབ་ཤོད་ས་ཕྱི་མི་དང་སྒམ་ནན་སྟོན་ས་ང་རང་རེད།

ཆུང་ནས་ད་བར་ཁོང་གིས་ངའི་ལག་རྗེས་ལ་བསྟོད་ར་འཐེན་པ་ཤིན་ཏུ་ཉུང་། སློབ་ཆུང་ལོ་རིམ་གསུམ་པའི་དབྱར་གནང་ལ་ཁོང་གིས“འོ་བཟང་། ཨོ་ལོས་ཞིང་ཆུ་ཡག་པོ་བརྒྱབ་འདུག མི་རྒན་གཅིག་དང་ཁྱད་མི་འདུག”ཅེས་གསུངས་པ་དེ་དང་དེ་དུས་ཁོང་གི་ཞལ་རས་ན་འཁྱིལ་བའི་འཛུམ་མདངས་དེ་ད་དུང་ངའི་དྲན་པ་ན་གསལ་ལེར་འདུག

ངའི་ཉལ་ཁང་ན་བརྙན་འཕྲིན་ཡང་མེད་པས་ཁ་ཁུ་སིམ། ཕ་བུ་གཉིས་ཅི་ཤོད་འདི་ཤོད་མེད་པར་ལུས་པས་དོགས་མི་བདེ་བ་བྱུང་།

ངས“པཱ་ལགས། སྦི་རག་མཆོད། ངས་མདང་དགོང་ནས་འཁྱགས་སྒམ་དུ་བཞག་པ་ཡིན། ད་ལྟ་ཚ་བ་ཆེ་སྒང་ལ་བཏུངས་ན་ཞིམ་པོ་ཡོད་རེད”ཅེས་བཤད།

“ཨོ་ལོ། རང་གིས་སྦི་རག་འཐུང་གི་ཡོད་དམ།”

“མེད། སྦི་རག་སྔོན་ཆད་ཅུང་ཟད་བཏུངས་མྱོང་། དེ་དུས་པཱ་ལགས་ཁྱེད་རང་གིས་ཉེས་རྡུང་བཏང་བ་མིན་ནམ། དེ་ནས་བཟུང་ཁ་ལ་རག་མ་མྱོང་།”

“འོ་ན་ངེད་གཉིས་ཀས་ཆང་བཏུངས་ན། ཨ་མས་ལན་གཅིག་མ་རེད། ཨོ་ལོས་འཐུང་གི་རེད་ཟེར་གྱིས”ཞེས་གསུངས།

ངས་ཀྱང་པི་ཙི་བཙུགས་ཏེ་པཱ་ལགས་ཀྱི་རོགས་སུ་ཆང་ལྷོད་མོས་བཏུངས།

6

གནམ་ངོ་ཁད་ཀྱིས་རུབ་བྱུང་། སྣང་བ་རིམ་གྱིས་བཟི་སོང་།

སྣང་བ་ཟ་ཟི་དེའི་ཤེད་ཀྱིས་ངས་པཱ་ལགས་ཀྱི་ཞལ་རས་ཞིབ་ཀྱིས་མཇལ་བྱུང་། དྲང་མོར་བཤད་ན་ང་རང་པཱ་ལགས་ལ་རྒྱུས་མངའ་ཆེས་ཆེ་བའི་མི་དེ་ཡིན་དགོས་མོད། པཱ་ལགས་ཀྱི་ནང་སེམས་ལ་རྒྱུས་མངའ་ལོན་པ་ལྟ་ཞོག ཁོང་གི་ཞལ་རས་ལ་ཡང་དེ་ཙམ་གྱི་རྒྱུས་མངའ་མི་འདུག

ཁོང་གི་ཞལ་རས་ནི་མི་ཆ་མེད་ཅིག་ལྟར་ང་ལ་ཤིན་ཏུ་རྒྱུས་མེད་པའི་སྣང་བ་སྦྱིན་ཡོང་། ཁོང་གི་དབུ་སྐྲའི་གསེབ་ཏུ་འཚང་བའི་སྐྲ་དཀར་གྱི་ཉག་མ་དང་ལོ་ཟླས་བྲིས་པའི་ཞལ་གྱི་གཉེར་ཤུར་རེ་རེས་འདས་དོན་རེ་རེ་བཞིན་མཚོན་གྱི་ཡོད་ངེས་ཀྱང་ང་དེ་དག་ལ་རྒྱུས་མངའ་གཏན་ནས་མི་འདུག

“ཨོ་ལོ། ཨོ་ལོ་རང་ད་ལོ་ལོ་ག་ཚོད་ལ་སླེབས་པ་རེད།”

“ལོ་ཉེར་ལྔ་རེད།” པཱ་ལགས་ཀྱི་དྲི་བ་དེར་ང་རང་སུན་སྣང་ཅུང་ཟད་སྐྱེས།

“ང་རང་གི་ལོ་ཚོད་ལ་སླེབས་དུས་རང་གི་ཨ་ཅེ་བསོད་ནམས་སྒྲོལ་མ་སྐྱེས་པ་རེད། དེའི་སྔོན་དུ་བུ་ཞིག་སྐྱེས་མོད། ཟླ་བ་གཅིག་གཉིས་ཙམ་ནས་བརླག་པ་རེད།” ཁོང་གིས་ངའི་སུན་སྣང་ལ་སྣང་བ་མ་བཞག་པར་ང་ལ་གཟས་ནས་ལྷོད་པོས་སྨྲས་བྱུང་། “པ་ཕ་ང་བློ་ཁོག་ཆུང་ཆུང་རེད། དེ་དུས་འཆར་ལྡན་བུ་བཙའི་སྲིད་ཇུས་དམ་པོ་ཡོད་རེད། བཟའ་ཚང་གཅིག་གིས་ཕྲུ་གུ་གཉིས་མ་གཏོགས་སྐྱེ་མི་ཆོག གལ་སྲིད་དེ་ལས་བརྒལ་ཚེ་ཆད་པ་ཕོག་གི་རེད······ཕྲུ་གུ་བུ་གཉིས་སྐྱེས་པ་ཡིན་ན་རང་ལ་ཡང་དཀའ་ཁག་འཕྲད་ཀྱི་མ་རེད།”

ཁོང་གི་དོ་ནན་པའི་མིག་ཟུང་ནི་རྔོན་པའི་ལག་གི་མདའ་མོ་དང་མཚུངས་ཤིང་།ངའི་ཡ་ཆུང་གི་སེམས་ལ་ལྡིར་བ་ན།ངའི་སེམས་པ་འཚབ་འཚུབ་ཏུ་གྱུར་སོང་།

ངས་ཅི་ཡང་མ་སྨྲས་པར་མགོ་བོ་དུད་ནས་བསྡད།

“ང་ད་རེས་ལྷ་སར་ཡོང་དོན་ཤེས་སམ།”ཁོང་གིས་ཆང་པི་ཙི་གང་ཞབས་དག་བརྒྱབ་རྗེས་ང་ལ་དྲིས།

སེམས་ན་ལན་ཡོད་མོད། ངས་མི་ཤེས་ཁུལ་གྱིས་མགོ་བོ་གཡུག ད་ཆ་ང་རང་པཱ་ལགས་ཀྱི་དོ་ནན་པའི་མིག་ཟུང་ལ་ཤིན་ཏུ་སྐྲག ཁོང་གི་མིག་ཟུང་དུ་པ་ཕ་གཅིག་གི་ཟིལ་ཤུགས་འདུག་ལ་མི་རྒས་རྗེས་ཀྱི་གཉོམ་ཆུང་དང་ནུས་མེད་ཀྱི་ཆ་དེ་ཡང་འདྲེས་འདུག

ངས་ཀྱང་ཆང་པི་ཙི་གང་སྒོག་སེར་མིད་རྗེས་ཡར་ལངས་ནས་ཆང་གང་རེ་བླུགས།

“ཨོ་ལོ། རང་ལོ་ཆུང་ཆུང་མ་རེད། ངེད་ཚོའི་གྲོང་ཚོར་ལྟོས་དང་། རང་དང་ན་མཉམ་གྱི་གཞོན་པ་མང་པོ་ཕྲུ་གུ་གཉིས་གསུམ་གྱི་པ་ཕར་གྱུར་ཟིན་པ་རེད། ལོ་གསུམ་གོང་དུ་རང་ལྷ་སར་འགྲོ་རྒྱུ་ཡིན་ཟེར་དུས་ང་ལ་མོས་མཐུན་མེད། ཅུང་ཟད་ཀྱང་མེད། འོན་ཀྱང་དེ་དུས་རང་གིས་ཨུ་ཚུགས་ཆེན་པོ་བྱས་བྱུང་། ཨ་མས་ཀྱང་ལོ་ཁ་ཤས་ཤིག་གཡུགས་ཞོག གཞོན་པའི་ཤེད་རེད། ལོ་གཅིག་གཉིས་ནས་ལོག་ཡོང་གི་རེད་ཟེར། ད་ཆ་ལོ་གསུམ་ཕྱིན་འདུག རང་ད་དུང་ལོག་རྩིས་མེད་དམ།”

ལྷ་སར་བསྡད་པའི་ལོ་འདི་དག་ལ་ངས་ནམ་ཞིག་པཱ་ལགས་ཀྱིས་དེ་རིང་གི་དྲི་བ་འདི་བཏོན་ཡོང་སྙམ་སྟེ་ལན་གྲ་སྒྲིག་བྱས་ཡོད་མོད། དངོས་སུ་ཤོད་པའི་དུས་ལ་བབས་དུས། སྨྲ་ལྕེ་ནི་རི་རབ་ཀྱིས་མནན་པ་བཞིན་འགུལ་ཙམ་ཡང་བྱེད་མི་ཐུབ།

ངས་བསྟུད་མར་ཆང་པི་ཙི་གསུམ་ཞབས་དག་བརྒྱབ། ཆང་གི་ངར་ཁ་ནས་སྔར་མེད་པའི་བློ་སྤོབས་ཤིག་རྒྱས་པ་མ་ཟད། རང་ཉིད་ཀྱི་བསམ་ཚུལ་དང་འཆར་གཞི་ཡང་དག་སྙམ་པའི་གདེང་རྙེད།

“པཱ་ལགས། ང་ཕོ་ལོ་ཉེར་ལྔར་སླེབས་པའི་གཞོན་པ་ཞིག་རེད། ངས་ལོ་གསུམ་གོང་དུ་ཁྱེད་རྣམ་གཉིས་ལ་ལྷ་སར་འགྲོ་རྒྱུ་ཡིན་ཞེས་བཤད་པ་ཡིན། ད་ཆ་ངས་ཁྱེད་རང་ལ་ཚིག་ཐག་ཆོད་པོས་དུས་ཕྱིན་ཆད་ཡང་ང་རང་ལྷ་སར་སྡོད་རྒྱུ་ཡིན། དེ་ནི་གཞོན་པའི་ཤེད་མ་རེད། ཞིང་པའི་དཀའ་ལས་ལ་སྐྲག་པ་ཡང་མ་རེད། ངས་ང་རང་གི་མ་འོངས་པ་དང་ཁྱེད་རྣམ་གཉིས་ཀྱི་མ་འོངས་པའི་འཚོ་བ་ལ་བསམ་བློ་བཏང་ནས་བཤད་པ་ཡིན།”

“མ་འོངས་པའི་འཚོ་བ་ཨེ།”པཱ་ལགས་ཀྱིས་ལྡོག་འདྲི་ཞིག་བྱས་པ་དང་།“ང་ཤི་རུང་གསོན་རུང་བྲག་དཀར་གྲོང་ཚོའི་མི་རེད། མ་གཞི་ནས་ང་ནི་གྲོང་ཁྱེར་གྱི་སྐྱག་དྲིར་སྣོམ་འདོད་མེད། ང་ནི་གྲོང་ཁྱེར་དུ་ཉི་མ་ཁ་ཤས་ཀྱང་སྡོད་ཐུབ་པ་མི་འདུག”ཟེར།

“པཱ་ལགས། མ་འོངས་པའི་འཚོ་བར་ད་ལྟ་ནས་སྡོམ་ཚིག་འགོད་ག་ལ་ཐུབ། མ་གཞི་ནས་ཁྱེད་རང་ལ་གཟིགས་དང་། མི་ཚེ་གང་བོ་དཔུང་པ་ས་འོག་ལ་བཅུག་ནས་དཀའ་ལས་བརྒྱབ་པ་རེད། འོན་ཀྱང་། གལ་སྲིད་ཁྱེད་རང་ལ་ན་ཚ་འདྲ་ཕོག་ན་སྨན་རིན་ཡོད་དམ། ང་ཚོའི་ཁང་པ་རྙིང་གོག་དེ་གསར་རྒྱག་བྱེད་ཡས་ཀྱི་དངུལ་ཡོད་དམ།”

ངའི་སྐད་ཆས་པཱ་ལགས་ཀྱི་སེམས་ལ་ཕོག་ཐུག་ཆེན་པོ་བཏང་བ་འདྲ། ཁོང་གི་མིག་རྩ་དམར་གོར་གོར་བྱེད།

“ཁོ་རེ། འཇིག་རྟེན་གྱི་ཡོད་ཚད་དངུལ་གྱིས་གཞལ་ཐུབ་པ་མ་རེད།” ཁོང་གིས་སྐད་མགོ་མཐོན་པོས“ང་མི་ཚེ་འདིར་ཞིང་པ་བྱས་ནས་ཡོང་བ་ཡིན། མི་ལ་ངོམ་རྒྱུའི་རྒྱུ་སྟོན་ཤོག་ཟེར་ན་སྟོན་རྒྱུ་མེད། འོན་ཀྱང་ངས་ཞིང་ལས་བྱས་ཏེ་ཁྱོད་མིང་སྲིང་གཉིས་གསོས་པ་ཡིན། རང་གི་ཕ་གཞིས་བསྲུངས་ཏེ་མེས་པོ་ལ་ངོ་གནོང་མི་དགོས་ཙམ་ཡོད། ཁྱོད་བྱིས་པ་མཐེབ་ཏོག་རང་སྣང་གང་ཤར་བྱེད་མཁན་ཞིག་དང་འདྲ་དོགས་མེད”ཟེར།

ངེད་གཉིས་ཏབ་ཅིག་ཁུ་སིམ་མེར་ལུས། ཁང་ཆུང་འདི་ནམ་རྒྱུན་ལས་ཀྱང་ཆུང་སྣང་ཤར།ངས་སླར་ཆང་པི་ཙི་གཉིས་ཞབས་དག་བརྒྱབ།

ཅུང་ཟད་ནས་ངས“པཱ་ལགས། ཆུང་ནས་ད་བར་ཁྱེད་ཀྱིས་ངས་བྱས་པའི་ལས་ཀར་འདི་འགྲིག་དེ་མི་འགྲིག་ཟེར་བ་ལས། རྒྱབ་སྐྱོར་དང་སྐུལ་མ་གནང་མ་མྱོང་ལ། ང་ནི་སྔོན་ཆད་ཞིང་པ་ཞིག་བྱེད་བསམས་མ་མྱོང་ལ་ཕྱིན་ཆད་ཡང་བྱེད་མི་འདོད། ང་ནི་ཁྱེད་དང་མཉམ་དུ་ཕྱིར་ལོག་འདོད་མེད།ཕྱིས་སུ་ཡང་ཁྱེད་རྣམ་གཉིས་ཀྱིས་རེ་བ་རྒྱག་མི་དགོས”ཞེས་བཤད།

“འགྲིག་བཞག ཨོ་ལོ། ལོན་འདུག དངོས་གནས་ལོན་འདུག མི་ཉན་པ་ལ་ཁ་ཏ་བྱེད་པ་ལས། ཀོ་བ་སྐམ་པོ་ལག་པས་མཉེད་པ་དགའ་ཟེར་བ་རང་རེད། ད་འོ་ན།ང་རང་སང་ཞོགས་ལོག་རྒྱུ་ཡིན།”

ངས་ཀྱང་པཱ་ལགས་ལ་བསམ་ཤེས་ལོས་ཐུབ་ཀྱང་།མི་སོ་སོར་ལས་དབང་གི་གདམ་ག་ཡོད། ངས་པཱ་ལགས་ཀྱི་འདོད་བློར་བསྟུན་ན་ཁོང་དགའ་སྲིད་མོད། རང་ཉིད་ཀྱི་མི་ཚེ་མུན་དོང་དུ་གཡུག་ག་ལ་ཕོད།

7

པཱ་ལགས་སྔ་མོ་ནས་བཞེངས་འདུག ཁོང་གིས་ཇ་ལྡུར་མཆོད་ཀྱིན་སད་མ་ཐག་པའི་ང་ལ“ང་ལོག་འགྲོ་མཁན་ཡིན། འཁྱུག་ཙམ་ནས་རླངས་འཁོར་འབབ་ཚུགས་སུ་བསྐྱལ་རོགས” ཟེར།

ངས“པཱ་ལགས། དེ་འདྲའི་བྲེལ་བ་གང་ཡོད། མ་མཐར་ཡང་ཇོ་བོར་མཇལ་རྗེས་ལོག་སོང་ན”ཞེས་སྨྲས།

“མིན། ནང་ལ་ཨ་མ་གཅིག་པུ་ལས་ལྷག་མེད། ལས་ཀ་ལྕོགས་ཀྱི་མ་རེད།”

ངས་ཨུ་ཚུགས་བགྱིས་མོད། ཁོང་གིས་ད་ལྟ་རང་ལོག་རྒྱུར་ཐེ་ཚོམ་སྤུ་ཙམ་ཡང་མ་གནང་།

རླངས་འཁོར་ཐོན་ལ་ཉེ། ངས་པཱ་ལགས་ལ་ཅི་ཞིག་ཞུ་འདོད་མོད། ཅི་ཞིག་ཞུ་དགོས་པ་མ་ཤེས། མ་གཞིར་པཱ་ལགས་འགྲོ་ཁར་ངས་ཁོང་རྣམ་གཉིས་ལ་གཟབ་གོས་རེ་ཉོ་བསམས་མོད། ད་ལྟ་ཉོ་ཐབས་བྲལ་སོང་། ངས་རླངས་འཁོར་གྱི་སྒེའུ་ཁུང་བརྡུངས་ཏེ་པཱ་ལགས་ལ་སྒེའུ་ཁུང་ཕྱེ་དགོས་ཚུལ་ལག་བརྡ་བྱས།

ད་ཆ་ཁོང་གི་ཞལ་རས་ལ་སྐྱོ་སྣང་མི་འདུག་ལ་ཁོང་ཁྲོའི་རྣམ་པ་ཡང་མི་འདུག དེ་ནི་སྟོན་ཁའི་འཁྱིལ་ཆུ་དྭངས་མོ་ཞིག་དང་འདྲ།

“པཱ་ལགས། སྐུ་གཟུགས་ལ་ཐུགས་བཅག་གནང་ཞིག”ངས་སྔ་མོ་ནས་གྲ་སྒྲིག་བྱས་པའི་སྒོར་ཉིས་སྟོང་དེ་ཁོང་ལ་སྤྲད་པ་དང“ཞིང་ལས་ཀྱང་འཇོན་ཚོད་ཅིག་ལས་མ་བྱེད། དཀའ་ངལ་ཡོད་ན་ང་ལ་ཁ་པར་རྒྱོབས་ཤོག”ཅེས་བཤད།

ཁོང་གིས་དངུལ་དེ་ང་ལ་ཚུར་སྤྲད་ནས་མི་དགོས་ཚུལ་སྨྲས།

ངས་ད་ཆ་ང་རང་ཚོང་ཁང་ཞིག་འཛུགས་སླད་དུ་དངུལ་གྲོན་ཆུང་བྱས་པ་ཙམ་ལས་གླ་ཆ་མཐོན་པོ་ཡོད་ཚུལ་སྨྲས།

“ཨ་མ་ངེད་གཉིས་ལ་འགྲོ་སོང་དེ་ཙམ་ཡོད་པ་མ་རེད། ཨོ་ལོ་རང་ལ་སྡོད་ས་ཡག་པོ་ཞིག་རག་ན། དེ་དུས་བླངས་ཀྱང་འཕྱིས་མ་རེད།” ཁོང་གིས་དབུ་གཡུག་གཡུག་གནང་གིན་དངུལ་བཙན་གྱིས་ངའི་ལག་ཏུ་སྤྲད། མནོ་བསམ་ཙམ་བཏང་རྗེས“དཀའ་ལས་ཡོད་ན་གྲོང་ཁྱེར་ལ་ཨུ་ཚུགས་རྒྱག་མི་དགོས”གསུངས།

རླངས་འཁོར་ཐོན་སོང་། ཁོང་གིས་ང་ལ་ཕྱག་གཡུག་ཙམ་བྱས། ངས་ཀྱང་ཁོང་ལ་ལག་པ་གཡུག་ཙམ་བྱས། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།