ལོ་དེའི་དགུན་ཁར་ཤ་རུས་ཁྲག་གསུམ་གྱི་ཕུང་བོ་འདི་ལ་དབུགས་ཀྱི་རྒྱུན་ཐག་ཆད་པ་ལྟར་གྲག་འགུལ་ཅི་ཡང་མེད་པར་ལྗིད་ཏིག་གེར་མལ་ཁྲི་ལས་ཉིན་ཞག་འགར་ལུས། ངའི་ཨ་མའི་སྙིང་རླུང་སྟོད་ལ་འཚངས་ཤིང་། མིག་ཆུ་ཡང་མང་པོ་བཏང་།
གཅིག
ངའི་རྣ་ལམ་དུ་ཨ་མའི་སྐད་སྒྲ་འཇགས་དུས། ཕལ་ཆེར་ཨ་མས་ངའི་མིང་ནས་ཐེངས་འགར་བོས་ཡོད་པ་འདྲ། “ད་རུང་མི་འགྲོ་འམ། ལག་ལ་ཤོག་སྙིགས་བཟུང་དུས། རྣ་བ་འོན་འགྲོ་བ་ཅི་རེད”ཅེས་འཁང་ཚིག་སྒྲོག་བཞིན་འདུག ངས་མགྱོགས་མྱུར་ངང་གྱང་ངོས་སུ་བཀལ་བའི་དཔེ་ཁུག་ལེན་ཞོར་ཀློག་འཕྲོར་ལུས་པའི་སྒྲུང་དེབ་དང་མི་ལའི་རྣམ་ཐར་གཉིས་བསྡུ་གསོག་བྱས་ཤིང་། ཚོན་མདངས་ཡལ་བའི་དཔེ་ཁུག་རལ་པོ་དེ་རྒྱབ་ལ་ཁུར་ནས་ལུག་རྫིར་ཕྱིན་པ་ཡིན།
ངས་རྟ་ལ་སྒ་བསྟད་སྲབ་འཇོག་གི་ལས་རིམ་དག་མྱུར་མོར་གྲུབ་རྗེས། ལུག་རའི་སྒོ་ཕྱེ་བ་ཡིན། ལུག་ཁྱུས་གྲོད་ཁོག་ལྟོགས་པའམ་ཡང་ན་ར་སྒོ་འབྱེད་འགྱངས་སུ་སོང་བར་རྣམ་འགྱུར་སྟོན་པ་གང་ཡིན་ཆ་མི་འཚལ་མོད། ཁོ་ཚོ་སྔ་མོ་ནས་འབའ་སྒྲ་དི་རི་རི་ལྷས་སྒོར་འཚངས་འདུག དེ་དུས་ཨ་མ་ཡང་སླེབས་ནས“དེ་རིང་ལུ་གུ་གཅིག་བཙས་འདུག”ཟེར། ལུ་གུ་ནག་ཁྲ་ཆུང་ཆུང་དེ་མཛུབ་མོས་སྟོན་བཞིན“ལུ་གུ་གན་རེད” ཅེས་བཤད། ངས“འོ་ཡ། ཨ་མ”ཞེས་རྣམ་འགྱུར་ཡག་ཙམ་བྱས་ཏེ་མྱུར་མོར་ལུག་རའི་སྒོ་ཕྱེ། རྟ་ལ་བཞོན། ལུག་དེད་ནས་ལམ་ལ་བུད། ཨ་མས“ལུ་གུ་མ་བུ་གཉིས་ཁ་འཐོར་དུ་མ་འཇུག་འ། ཤོག་སྙིགས་ལ་སེམས་གཡེང་མ་འདུག ལུག་རྫི་ནན་ཏན་གྱིས། ལུ་གུ་ཡོད་དུས་ལྷག་པར་ཝ་སྤྱང་ལ་གཟོབས”ཞེས་ཡང་ཡང་གདམས། དེ་རིང་བཙས་པའི་ལུ་གུ་དེས་ལུག་ཁྱུའི་རྗེས་ཆོད་ཀྱིན་མི་འདུག་པས་ངས་ལུག་ཁྱུའི་མགོ་རྒོད་ཀྱི་སྔུན་ལེན་ཞོར་ལེན་ཞོར་སོང་། རི་སྒང་མཐོ་ས་ཞིག་ལ་སླེབས་རྗེས་དེར་བསྡད་པ་ཡིན། ལུག་ཁྱུ་ཡང་སྐར་ཚོགས་ས་ལ་བཀྲམས་པ་བཞིན་དུ་གང་སར་ཡན། ལུ་གུ་ནག་ཁྲ་མ་བུ་གཉིས་ཀྱང་ཐག་མི་རིང་བའི་ས་ན་འདུག་པས། ང་རང་བློ་བདེ་སྟེ་དཔེ་ཁུག་ལས་སྒྲུང་དེབ་དེ་བླངས་ནས་ཀློག་འཕྲོ་བསྐྱངས།
གཉིས།
ཉིན་དེའི་ཞོགས་པར་རླངས་འཁོར་གྱི་སྒྲ་ཞིག་གིས་ངའི་རྨི་ལམ་དཀྲོགས། ང་རང་སད་དུས་ཉི་མ་རི་རྩེ་ན་ཡར་འཕགས་ཡོད་ཚོད་རེད། ཉི་འོད་ངའི་སྔས་མགོར་འཕྲོས་འདུག ངས་གླལ་སྒྱིང་བྱེད་བཞིན་མལ་ལས་ལངས། སེམས་སུ་དེ་རིང་ཨ་མ་ང་འབོད་དུ་མི་ཡོང་དོན་ཅི་ཡིན་ནམ་སྙམ། ནམ་རྒྱུན་ཉི་མ་རི་རྩེ་ནས་ཤར་ཚེ་ཨ་མ་ངའི་མལ་ཁང་དུ་ཡོང་ནས“ཞི་ལུ། ཡར་ལངས་རྒྱུ་མིན་ནམ”ཟེར་བཞིན་སྒོ་ཁྲོག་གེར་གཏན་ནས་བུད་འགྲོ། ཨ་མས་ནངས་མོར“ཡར་ལོངས”ཟེར་ནས་ཐེངས་གཅིག་བསྐུལ་རྗེས། ཐེངས་གཉིས་པར་འབོད་དུས“ཉིན་གང་བོར་ཉལ་ནས་འདུག་གམ། ཁྱོད་དང་ལོ་ཚོད་མཉམ་པ་ཚོ་བྱིས་པ་གཉིས་ཀྱི་ཕར་གྱུར་ཡོད། ངོ་མི་ཚའམ། མི་ཉལ་བའི་ཁོག་པ་ནད་ཀྱིས་གང་། ཉལ་གྱིན་ཉལ་གྱིན་ཇེ་སྡུག་ཡིན ”ཞེས་དཔེ་འདྲེན་ལུང་འདྲེན་མང་པོ་བྱས་ནས་ང་ལ་ངོ་མཚང་དང་སློབ་གསོ་འདྲེས་མར་བྱེད་ཅིང་། “ཁྱིམ་མཚེས་ལ་ལྟ་ས། ཨ་རོགས་ལ་ཉན་ས”ཟེར་ནས་ངའི་མི་ནུས་མི་འཇོན་པའི་གནས་དག་རེ་རེ་བཞིན་དྲངས་ནས་ངོ་མཚང་འབྲུ་ཡང་། དེ་ཚོར་ངས་ཡིད་འཇོག་ཆེན་པོ་བྱས་མ་མྱོང་། ཏག་ཏག་ང་ལ་སེམས་ཁུར་ཞིག་ཡོད་པ་ནི་ང་ལ་ཆུང་མ་ལེན་དགོས་ཟེར་བའི་དོན་དེ་རེད།
གསུམ།
ཨ་མ་ནི་སྒྲ་ལྡན་ཆུ་ཚོད་འཁོར་ལོ་ཇི་བཞིན་ཆད་ལྷག་མེད་པར་འཁོར་ཞིང་། ཉིན་རྒྱུན་རྡུལ་རླུང་ཞིག་དང་བཅས་ངའི་ཁང་སྒོ་ཕྱེ་སྟེ་ང་རང་མལ་ལས་སློང་། འོན་ཀྱང་དེ་རིང་ཨ་མར་གྲག་འགུལ་ཅི་ཡང་མི་འདུག ཞོགས་པར་རླངས་འཁོར་གྱི་སྒྲ་ཞིག་རྣ་བར་མཆེད་ཅིང་། ཉན་ནས་བསྡད་པར་མཚམས་ཤིག་ལ་ངེད་ཚང་གི་སྒོ་ཁྱིའི་ཟུག་སྐད་གཅིག་གཉིས་ཤིག་རླུང་ཁྲོད་ན་སྐྱོམ་བཞིན་པ་ལས། ཡོད་ཚད་ཁ་རོག་གེར་གྲག་འགུལ་ཅི་ཡང་མེད་པར་གྱུར། སེམས་སུ་མདང་དགོང་སྐྱེས་པ་ཞིག་ཨ་མ་འཚོལ་དུ་ཡོང་ནས་ཁོ་གཉིས་ཀྱིས་མུན་ནག་གི་མཚན་མོ་འདིའི་ཕག་ནས་གཏམ་རྒྱུད་ཅིག་ལ་དབུ་ཁྱུད་བྲིས་པ་ཡིན་ནམ་སྙམ་ཡང་། ཏབ་ཅིག་རང་གི་བསམ་ཚུལ་འདི་འདྲ་མི་སྲིད་སྙམ་ནས་རང་ཉིད་ལ་ཁོང་དགོད་ཀྱང་ཤོར། ཨ་མས་མཐུན་ས་ཞིག་བཙལ་འདོད་ན་སྔ་ནས་བཙལ་སྲིད། ད་བར་དུ་སྒུག་དགོས་དོན་མི་འདུག་སྙམ།
ངས་མགོ་བཀྱགས་ཏེ་སྒེའུ་ཁུང་གི་ཕྱོགས་ལ་ལྟ་སྐབས། རླངས་འཁོར་ནག་པོ་ཞིག་མིག་གིས་ཟིན་མི་ཟིན་བྱེད། དེ་ནི་ཨ་ཞང་དོན་འགྲུབ་ཡིན་ནམ་སྙམ། ཨ་ཞང་དོན་འགྲུབ་ལBYDརྟགས་ཅན་གྱི་རླངས་འཁོར་ནག་པོ་ཆུང་ཆུང་ཞིག་ཡོད།
ང་རང་མལ་ལས་ལངས་རྗེས། མི་དེ་སུ་ཡིན་དང་ཨ་མ་ང་འབོད་དུ་མི་ཡོང་དོན་ལ་མནོ་བསམ་བཏང་། ལྷམ་སྒྲོག་བཅིངས་རྗེས། ཉི་འོད་ནི་ངས་མཉམ་བཞག་མེད་པའི་གོ་སྐབས་དང་བསྟུན་ནས་མལ་ཁྲིའི་ངོས་ནས་འཇབ་སྟེ་དཔེ་སྒྲོམ་གྱི་སྟེང་ལ་འཕྲོས། འོན་ཏེ་དཔེ་སྒྲོམ་སྟེང་དུ་དཔེ་ཆ་གཅིག་ཀྱང་མི་འདུག་པར་སྟོང་ལྷང་ངེར་བྱེད། ངས་སྣང་ཚུལ་འདི་མཐོང་མ་ཐག་དངངས་འཚབ་ཀྱིས་ཕྱི་རོལ་ཏུ་བརྒྱུགས་པ་ཡིན། འདང་རྩིས་ཅན་གྱི《གཉིད་དུ་ཡུར་བའི་ཆུ》 ད་དུང《མདའ་དང་འཕང》《ལོ་རྒྱུས་གཡུ་ཡི་ཕྲེང་བ》《བོད་ཀྱི་གཅེས་ཕྲུག》 《ཧོར་གླིང་གཡུལ་འགྱེད》སོགས་དཔེ་དེབ་མང་པོ་ཞིག་ཕངས་སེམས་ཀྱི་མིག་ཆུ་དང་འགྲོགས་ཏེ་རེ་རེ་བཞིན་ངའི་མིག་ལ་འཁོར།
ཨ་མས“སྒོར་མོ་དག་ཤོག་སྙིགས་ལ་བརྗེས་ནས་ཅི་བྱེད”ཅེས་པའི་ལེ་བདའ་དང་། “ཉིན་རྒྱུན་ཤོག་སྙིགས་ཤིག་གི་ངོ་ལ་ཅེར་ནས་འདུག དགོས་ནི་ཞིག་ལས་རྒྱུ་མེད། ཚོད་མི་འཛིན་ན་ངས་མེར་བསྲེག་ངེས་ཡིན”ཞེས་པའི་བཙན་གཏམ། “ད་ཁྱིམ་ཐབ་འཛིན་པའི་ལོ་ཚོད་ལ་ཐོན་འདུག ཤོག་སྙིགས་དག་ལ་ཅེར་ནས་གོ་རྒས་སུ་འགྱུར་རྒྱུ་རེད། ལོ་ཚོད་མཉམ་པ་ཚོ་བྱིས་པ་གཉིས་གསུམ་གྱི་ཕ་མར་གྱུར་ཡོད། ངས་ཁྱོད་སློབ་གྲྭར་མ་བཏང་བ་མེད་ལ། འདོད་ཐོག་ལ་མ་བཞག་པ་ཡང་མེད། ད་ཁྱོད་ཀྱིས་བསམ་ཤེས་ཚོད་རེད”ཅེས་འུ་ཐུག་གི་སྒོ་ནས་བཤད་པའི་སྐད་ཆ་སོགས་ཡིད་ལ་དྲན། སྐབས་དེ་དག་ལ་མོས་ལན་རེར་མཆི་མ་ཡང་གཏོང་། དེ་ལ་ངས་མྱུར་མོར“ཨ་མ། ཁྱོད་མ་ངུ་། ངས་བསམ་མ་ཤེས་ནི་རེད། ངས་ཆུང་མ་བླངས་ནས་ཁྱོད་སྙོར་སྐྱོང་བྱེད།”ངས་ཨ་མ་ལ་ཁས་ལེན་དང་དམ་བཅའ་མང་པོ་བྱས། དཔེ་དེབ་དག་མེ་ལ་བསྲེག་པའི་ཐད་ནས་ངས་ཨ་མར་རྒོལ་ལན་ཡང་མང་པོ་སྤྲད་མྱོང་། ཁ་སྐམ་རག་བར་དཔེ་ཆ་ཀློག་ན་བཟང་རབས་དང་མཁོ་རབས། དེ་ནི་རྒྱུགས་རྐྱང་བ་ཞིག་གི་དོན་མིན་པར། མི་ཞིག་གི་འགྲོ་འདུག་སྤྱོད་གསུམ་དང་འབྲེལ་བ་ཡོད་པར་གླེང་བ་ཡིན། ཨ་མས་ནམ་རྒྱུན་ཨུ་ཚུགས་ཀྱིས་ང་རང་ཕམ་པར་བྱས་ཡོང་ཞིང་། ང་ལ་ཆུང་མ་ལེན་དགོས་པའི་རེ་བ་ཡང་ཡང་འདོན།
ཨ་མའི་སེམས་ཁུར་དག་ལ་ངས་བསམ་ཤེས་བྱེད་ཐུབ་ཀྱིན་ཡོད། ཨ་མའི་ལག་པ་དང་གདོང་གི་ཤ་ལྤགས་དག་ལ་ཆུ་རིས་ལྟ་བུའི་གཉེར་མས་ཁེངས་ཤིང་། ད་ལྟ་མོ་ལ་རྒས་མདོག་ཅིག་དམིགས་བསལ་གྱིས་ཐོན་འདུག ལོ་ན་ལྔ་བཅུ་ཟེར་ན་ཧ་ཅང་རྒས་ཆེ་བའི་ལོ་ཚོད་ཅིག་མིན་མོད། འཚོ་བའི་དཀའ་སྡུག་གིས་ཨ་མ་ལ་དབང་བའི་ལོ་ཟླ་ལྡབ་འགྱུར་གྱིས་ཇེ་མགྱོགས་ལ་བཏང་བྱུང་བ་འདྲ། ཡང་ཅིག་བཤད་ན། ཨ་མ་ལ་བུ་ང་ལས་མེད་པས། ངས་བུ་མོ་ཞིག་ཁྲིད་ཡོང་སྟེ་ཁྱིམ་ཐབ་འཛིན་རྒྱུ་ནི་ངའི་འོས་འགན་ཞིག་ཀྱང་རེད།
བཞི།
ཉིན་དེའི་ཞོགས་པར། ཨ་མས་ངའི་དཔེ་ཆ་དག་མེ་ལ་བསྲེགས་སོང་སྙམ་པས་ང་རང་འཚིག་པ་ཟ་ཞོར་ཨ་མར་གཟས་ཏེ་སོང་བ་ཡིན། ཕངས་སེམས་ཀྱི་མིག་ཆུ་ནི་རགས་ལས་ཤོར་བའི་ཆུ་ལྟར་གདོང་ལ་ཤམ་ཤམ་རྒྱུག ང་རང་ལྷས་སྒོར་ཐོན་དུས། ཨ་མས་ཅི་ཡང་མ་བྱུང་ཁུལ་གྱིས་འབྲི་མོ་འཇོ་བཞིན་འདུག ངས་ཨ་མར་ངའི་དཔེ་ཆ་དག་ཅི་བྱས་སོང་། གང་ལ་ཁྱེར་སོང་ཞེས་ཡང་ཡང་དྲིས་ཀྱང་། ཨ་མས་མ་གོ་ཁུལ་གྱིས་ང་ལ་ཨ་ལན་མི་སྟེར། ང་རང་ཁ་སྤོ་ཁ་ནས་ལངས། ཞེ་སྤོ་གཏིང་ནས་ལངས་ཀྱང་། མོ་རང་ངའི་ཨ་མ་རེད། ང་རང་ཟླ་དགུ་ཞག་བཅུར་ལུས་ལ་འཁུར་མཁན་རེད། ཞིམ་པོའི་ཟས་དང་དྲོན་པོའི་གོས་སྦྱིན་མཁན་རེད། ངས་ཅི་བྱ། གཞན་ཞིག་ཡིན་ན། ངས་ལག་འགུལ་མེད་ཀྱང་། ཚིག་རྩུབ་ཀྱི་མདའ་མོ་གྲངས་ལས་འདས་པ་ཞིག་འཕངས་ཡོད་ཚོད་ཡིན། ང་རང་ཐབས་ཟད་དེ་སྐད་མཐོན་པོའི་སྒོ་ནས“ཨ་མ། ཨ་མ”ཞེས་འབོད་ཞོར་མོའི་འཁྲིས་སུ་བཅར་བ་ཡིན། ཨ་མས་ང་ཡོང་བ་གཏན་ནས་མཐོང་གིན་མེད་པར་བློ་རྩེ་གཅིག་སྒྲིམ་གྱིས་འོ་མ་འཇོ་བཞིན་འདུག ངས་མོ་འབོད་ཀྱིན་པ་ཡང་མོས་ཐོས་ཀྱིན་མེད་པ་འདྲ།
མིག་མདུན་གྱི་སྣང་ཚུལ་འདིར་ང་རང་དངངས་སྐྲག་རབ་ཏུ་སྐྱེས་ཏེ། ངས་དཔེ་ཆ་དག་གར་ཁྱེར་འདྲི་རྒྱུ་ཡང་བསྐྱུར་ནས། མུ་མཐུད་དུ“ཨ་མ། ཨ་མ”ཞེས་འབོད་ཞོར་ཨ་མའི་དཔུང་བ་ལ་འཐམས་ཏེ་སྤྲུག་སྤྲུག་བྱེད་པར་འདོད་མོད། ངའི་ལག་པ་གཉིས་ཀྱིས་ཨ་མའི་དཔུང་བ་གཏན་ནས་འཛིན་ཐུབ་ཀྱིན་མི་འདུག དེ་ནི་བར་སྣང་སྟོང་བར་ལག་སྙོབ་བྱེད་པ་དང་འདྲ། ཨ་མ་ནི་ནམ་མཁའི་འཇའ་ཚོན་བཞིན་མིག་གིས་མཐོང་ཡང་རེག་མི་ཐུབ། ང་རང་དངངས་འཚབ་དང་བཅས་ཡུད་ཙམ་ལ་ཅི་བྱེད་འདི་བྱེད་མེད་པར་ལུས། “ཨ་མ། ངས་དཔེ་ཆ་ཚང་མ་མེར་བསྲེགས་ཟིན”ཞེས་ངའི་རྒྱབ་ཕྱོགས་ནས་མི་ཞིག་གི་སྐད་གྲག་བྱུང་། ཁ་ཕྱིར་འཁོར་ཏེ་ལྟ་སྐབས། སྙིང་ཆུང་མིད་ཁར་ཐོན་ལ་ཁད་ཅིག་བྱས་བྱུང་། དེ་ནི་ང་རེད། མ་རེད། དེ་ནི་ང་དང་འདྲ་བའི་མི་ཞིག་རེད། གཟུགས་བྱད་དང་རྣམ་འགྱུར། སྐད་གདངས་བཅས་ང་དང་ཨ་ན་མ་ནའི་མི་ཞིག་རེད། ཨ་མའི་སྐད་ངག་གིས་མིག་མདུན་གྱི་བྱ་དངོས་དག་མངོན་སུམ་དུ་གནས་པ་བདེན་དཔང་བྱས། ཨ་མས“འོ་ཡ། ཨ་མའི་མ་ལོ། ད་བསམ་ཤེས་སོང་བ་རེད། ད་ཨ་མས་སྡུག་མྱོང་དགོས་རྒྱུ་མ་རེད། ཨ་མའི་སྐྱིད་འདི”ཞེས་འོ་མ་འཇོ་ཞོར་མགོ་བོ་དགྱེ་ནས་མི་དེའི་གདོང་ལ་ལྟ། ཁོ་གཉིས་ཀྱིས་ཕན་ཚུན་ལ་ཁ་བརྡ་གློད་པ་ལས། ང་ལ་གཏན་ནས་ཁ་ཡ་མི་བྱེད། ང་ནི་རླུང་དང་ཉི་འོད་ལྟར། གཟུགས་མེད་ལ་དྲི་མ་ཡང་མེད་པར་སྣང་། ང་ནི་ཁོ་གཉིས་ལ་འབྲེལ་བ་ཅི་ཡང་མེད་པའི་ཚོར་བ་ཞིག་ཀྱང་ངང་ངམ་ཤུགས་ཀྱིས་སྟེར།
མི་དེའི་གདོང་ལ་འཛུམ་ཞིག་དོད་ནས་ཨ་མ་ལ“ངས་སྙིགས་རོ་དག་བདག་བྱས་ཡོང”ཟེར་ནས་ཐད་ཀར་ངེད་ཚང་གི་རྒྱ་སྒོ་གཟས་ཏེ་སོང་། ངས་ཀྱང“ཁྱོད་སུ་ཡིན”ཞེས་འབོད་ཞོར་ཁོའི་རྗེས་བསྙེགས་པ་ཡིན། རྒྱ་སྒོར་སླེབས་ཙ་ན་གཡས་ཕྱོགས་ན་དུ་བ་ལྷོག་ལྷོག་གནམ་ལ་འཕྱོ་བཞིན་པ་མཐོང་བས།
ང་རང་རྒྱུག་མ་འདུར་གྱིས་རྒྱ་སྒོ་ལས་བུད་ཅིང་། དུ་བ་འཕྱོ་སའི་ཕྱོགས་ལ་བརྒྱུགས། དཔེ་དེབ་མང་པོ་ཚག་ཚག་གི་སྒྲ་འབྱིན་ཞོར་མེ་ལྕེ་ལྷབ་ལྷུབ་འབར་གྱིན་འདུག ངས་ཕངས་སེམས་ཀྱིས་ལག་སྙོབ་ཡང་ཡང་བྱས་ཀྱང་། གཏན་ནས་འཛིན་མི་ཐུབ། མེ་ཡིས་ང་རང་བསྲེགས་པར་ཡང་མི་བྱེད། རྩིས་ཆེ་བའི་དཔེ་དེབ་དག་སྐད་ཅིག་ཉིད་ལ་ཐལ་རྡུལ་དུ་གྱུར་བས། ང་རང་ཕངས་སེམས་དང་ན་ཟུག་ཁྲོད་ལུས་ཤིང་། མིག་ཆུ་སླར་ཡང་འགྲམ་པའི་མཁུར་ཚོས་བརྒྱུད་ནས་ས་ལ་ཐོར། དེ་དུས་ཁོ་ཡང་སླེབས་བྱུང་། ཧབ་ཆ་བྱེད་ཞོར། ལག་གི་རླངས་སྣུམ་དམ་བེ་གང་དེ་འབར་མ་ཚར་བའི་དཔེ་ཆ་དག་གི་སྟེང་ལ་བླུགས་ཤིང་། ཨམ་ཕྲག་ལས་འབར་ཞུན་ཞིག་བཏོན་ཏེ་མེ་རུ་བསྒྲོན། མེ་ལྕེ་སྔར་ལས་ཇེ་དྲག་ལ་སོང་ཞིང་། འབར་ཚད་ཀྱང་ཇེ་མགྱོགས་སུ་གྱུར། ང་རང་ལྷག་པར་སེར་སྣ་སྐྱེས་ཤིང་ཁོང་ཁྲོ་ལངས། དཔའ་སྤོ་ཐོག་དང་དགེ་རོ་ཐོག་ཅེས་པའི་དཔེ་ལྟར་ཤུགས་ཡོད་དགུས་ཁོ་ལ་རྡེག་ཞོར། “ཁྱི་རྒན། ཁྱི་ཕྲུག ངའི་དཔེ་ཆ་དག་ཕྱིར་སྤྲོད”ཅེས་སྐད་བརྒྱབ་ཀྱང་། ཁོ་ནི་མཁའ་དབུགས་ནང་བཞིན་ངས་ཅི་ལྟར་ཁུ་ཚུར་བསྣུན་ཡང་ཐོགས་རེག་མི་འདུག ཁོས་རུམ་ནས“ངོ་ཁེབས”ཞེས་པའི་སྒྲུང་དེབ་དེ་བླངས་ནས་འུར་འུར་དུ་འབར་བའི་མེ་ནང་ལ་གཡུགས། ང་ལ་ལྟ་བཞིན“སྙིང་རླུང་སྟོད་ལ་འཚང་ངམ། ན་ཟུག་སྐྱེས་སམ། དེབ་འདི་དཔལ་མོས་ཁྱོད་ལ་བྱིན་པ་རེད”ཅེས་བཤད་བྱུང་། ང་ལ་ཨ་ལན་སྟེར་ཁོམ་མ་བྱིན་པར་ཁོ་ཕར་འགྲོ་ཚུར་འགྲོ་བྱེད་བཞིན“ཨོ། རེད། ཁྱོད་ཤི་སོང་བ་རེད། ད་འདི་དག་ཐམས་ཅད་ཁྱོད་ལ་དབང་བ་མ་རེད། ཁྱོད་དང་འབྲེལ་བའང་ཡོད་པ་མ་རེད”ཅེས་བཤད།
“དེ་ན་ང་སུ་རེད།”
“ཁྱོད་ང་རེད།”
“མི་མ་ཡིན་གྱི་གདོན་འདྲེ་ཁྱོད། ངའི་དཔེ་ཆ་དག་བསྲེགས་ཀྱང་རུང་། ངའི་ཨ་མར་གནོད་པ་བཏང་མི་ཆོག”
“ཁྱོད་ཀྱི་ཨ་མ་ངའི་ཨ་མ་རེད། ངས་རང་གི་ཨ་མ་ལ་གཅེས་ཁོ་ཐག་ཡིན། ཤོག་སྙིགས་དག་བསྲེགས་ཟིན། ཉིན་འགའ་འགོར་རྗེས། ཆུང་མ་བླངས་ནས་ཁྱིམ་ཐབ་འཛིན་རྒྱུ་ཡིན། ངས་ཁྱོད་ལྟར་རང་གཅིག་པུ་བསམ་ནས་ཨ་མ་སྡུག་ལ་གཏན་ནས་མི་གཏོད།”
ཁོས་གྲོགས་པོ་འདང་ཆེན་ཞིག་ལ་ཁ་བརྡ་བྱེད་པ་བཞིན། ངག་འཇམ་འཇམ་གྱིས་ང་དང་ཁ་བརྡ་བྱས་ཡོང་། ངས་ཁོ་ལ“ཁྱོད་ཀྱིས་ཆུང་མ་སུ་ལེན་རྒྱུ་ཡིན”ཞེས་མཚར་ཉམས་དང་བཅས་དྲིས་པ་ཡིན། དེ་དུས་ང་ཡང་ཅུང་ལྷོད་ལ་བབས་འདུག ཡར་སྔོན་གྱི་སྡང་སེམས་དང་འཇིགས་སྐྲག་དག་ཀྱང་ཅུང་ཞི་འཇགས་དང་བཏང་སྙོམས་སུ་ཆགས། ཁོས་ཡང་བསྐྱར་ཧབ་ཆ་ཞིག་བརྒྱབ་བྱུང་། དཔེ་དེབ་ཀྱི་སྙིགས་རོ་དག་ལ་རྡོག་བརྫིས་དང་ཕར་སྣོ་ཚུར་སྣོ་བྱེད་ཞོར“ཁྱོད་ནི་དངོས་གནས་མི་ཁྲེལ་མེད་དང་སྒེར་སེམས་ཆེ་བ་ཞིག་རེད། ཤོག་སྙིགས་དེ་འདྲ་མང་པོ་བསོགས་ནས་ཅི་བྱེད། དེ་ནི་རྒྱུ་རྫས་དང་དུས་ཚོད་ལ་རྡོག་བརྫིས་བཏང་བ་རང་རེད། ཨ་མ་ཁྱོད་ལ་མི་མགུ་བ་དང་རེ་ཐག་ཆད་པ་ལ་ཡང་ཁག་མི་འདུག”ཅེས་བཤད། ཤུགས་རིང་ཞིག་འཐེན་ཏེ་མུ་མཐུད་དུ་བཤད་རྒྱུར“ཁྱོད་ཀྱིས་སེམས་བདེ་མོ་བྱོས། ངས་ཨ་མའི་འདོད་པ་ལྟར་ཁྱིམ་ཐབ་བཟུང་སྟེ་བུ་ཆུང་ཡ་རབས་ཤིག་བྱེད་ཁོ་ཐག་ཡིན”ཞེས་ང་ལ་ཁས་ལེན་བྱས། ཁོས་གློ་བུར་དུ་ཅི་ཞིག་དྲན་པ་ནང་བཞིན། རུམ་ནས་ཁ་པར་བླངས་ཏེ་ངའི་གམ་ལ་བཅར་ཞིང་། “ཁྱོད་ཀྱིས་ད་དུང་དཔལ་མོ་སེམས་ལ་བཅངས་འདུག་གམ། འོན་ཀྱང་ངས་མོ་རང་ཆུང་མར་མི་ལེན”ཞེས་བཤད་ཞོར་སྐད་འཕྲིན་ལསHoneyཞེས་པའི་མིང་བཀོལ་ཡོད་པ་དེ་ཐེ་ཚོམ་དང་ཕངས་སེམས་ཏིལ་འབྲུ་ཙམ་ཡང་མེད་པར་བསུབས་བྱུང་། ཁོས་མགོ་བོ་ཡར་བཀྱགས་ནས་ངའི་གདོང་ལ་ལྟ་བཞིན“སེམས་དེ་འདྲ་མ་སྐྱོ། མོ་དང་ཁྱོད་གཉིས་མ་གཞི་ནས་ལམ་ཁ་གཅིག་མིན། ངས་ཁྱོད་ལ་རོགས་བྱས་ནས་སེམས་ཐག་གཅོད་བཞིན་ཡོད། ཨོ། མ་རེད། ངས་རང་ལ་རོགས་བྱས་ནས་སེམས་ཐག་གཅོད་བཞིན་ཡོད”ཅེས་ལྷུག་ལྷུག་བགད་བྱུང་། ངའི་མིད་པ་བརྣངས་ཞོར“ངེད་གཉིས་ལ་བརྩེ་དུང་ཡོད”ཅེས་བཤད་པ་ཡིན། སྐབས་དེར་མིག་ཆུ་ནི་རང་དབང་མེད་པར་ཐུར་དུ་རྒྱུག ཁོས་ཁོང་དགོད་ཅིག་བྱེད་བཞིན“ཧུན།ཁྱོད་ཀྱིས་ད་དུང་གཞུང་ཞབས་པར་རྒྱུགས་མི་འཕྲོད་པ་གང་ཡིན། མོས་ཁྱོད་ཀྱིས་རྒྱུགས་འཕྲོད་པར་བསྒུགས་ནས་གོ་རྒས་སུ་འགྱུར་རྒྱུ་རེད། ཁྱིམ་ཚང་གི་འགན་འཁྲི་གང་ཡང་ཕྲག་ལ་མི་ལེན་པར། བགྲེས་སོང་གི་ཨ་མ་གཅིག་པོའི་ཕྲག་ལ་གཡུགས། ཁྱོད་མི་སྒེར་སེམས་ཅན་ཞིག་རེད། ཁྱོད་སུ་ལ་ཡང་མི་དགའ། རང་ཉིད་གཅིག་པུར་དགའ”ཞེས་བཙན་གྱིས་ངའི་ནག་ཉེས་བགྲངས། སྐད་ཆ་དེ་དག་གིས་ངའི་སྙིང་ལ་གཅུ་གཟེར་རྒྱག
ལྔ།
དཔལ་མོ་དང་ངེད་གཉིས་སློབ་ཆེན་སློབ་གྲོགས་ཡིན། སློབ་ཆེན་ལོ་རིམ་གཉིས་པ་ནས་བཟུང་ངེད་གཉིས་དགའ་རོགས་སུ་ཆགས། སློབ་མཐར་ཕྱིན་རྗེས་མོས་གཞུང་ཞབས་ཀྱི་ལས་ཀར་རྒྱུགས་འཕྲོད། ངས་ཐེངས་འགར་སྤྲད་ཀྱང་ཡིག་ཚད་མ་ལོན། མོས“ཁྱོད་ཀྱིས་ཀྱང་བརྟན་འཇགས་ཀྱི་ལས་གནས་ཤིག་གཉེར་ཐུབ་དུས། འུ་གཉིས་ཀས་གཉེན་བསྒྲིག”ཟེར། ངས་ངེད་གཉིས་ལམ་ཁ་གཅིག་མིན་པ་ཤེས་ཡོད་མོད། ང་མོ་དང་འབྲལ་ཐབས་མི་འདུག ང་ནི་ཁྱིམ་གྱི་བུ་གཅིག་པུ་ཡིན་པ་མོས་ཤེས་མེད། ངས་མོ་ལ“ངས་ཁྱོད་ཆུང་མར་ལེན་འཇོག”ཅེས་བཤད་དུས། མོས“ཁྱོད་ཀྱིས་རྒྱུགས་འཕྲོད་རྗེས་ད་གཟོད་གཉེན་བསྒྲིག”ཟེར་ཞིང་། ད་དུང་གཉེན་བསྒྲིགས་རྗེས། མོའི་ཕ་ཡུལ་ནས་ཁང་པ་ཞིག་ཉོས་ཏེ་གཞིས་ཆགས་འདོད་པ་དང་། ངེད་གཉིས་ཀའི་ལས་ཀ་ཡང་མོའི་ཕ་ཡུལ་གྱི་ཐག་ཉེ་ཞིག་ནས་གཉེར་ཐུབ་ན་འདོད་ཀྱིན་ཡོད། ད་དུང་བྱིས་པ་གཅིག་མ་གཏོགས་སྐྱེ་མི་འདོད་པ་བཅས་ཀྱི་འཆར་གཞི་སྣ་ཚོགས་འཐེན་ཡོང་། འོན་ཀྱང་ང་ནི་མི་རྐྱང་རྟ་རྐྱང་ཞིག་མིན། ཕ་ཤུལ་བུས་འཛིན་པའི་འགན་འཁྲི་ཡོད། ལྷག་པར་ངས་ལོ་དུ་མར་སློབ་གྲྭ་ནས་མྱངས་པའི་སློབ་གསོས་ང་ལ་ཨ་མ་སྐྱུར་མཁན་ཞིག་བྱེད་དུ་མི་འཇུག ངས་ཨ་མ་སྐྱུར་མི་འདོད་ལ། དཔལ་མོ་ཡང་བློས་མི་ཐོངས། འདི་ལྟར་བསམ་དུས་ང་རང་སེམས་ཀྱི་གཏིང་ནས་སྨྲེང་ཡོང་།
“ཁྱོད་ཀྱིས་བསམ་ན། ངས་ཆུང་མར་སུ་ལེན་རྒྱུ་རེད”ཅེས་དྲི་བ་ཞིག་བཏོན་ཏེ་ངའི་བསམ་གཞིག་གི་སྐུད་སྣེ་དུམ་སེར་བཅད།
ངས་མཚར་སྣང་གི་སྒོ་ནས་ཁོའི་གདོང་ལ་ཅེར་ཞིང་། ཁོས་ཅི་ཞིག་བཤད་པར་བསྒུགས།
“རིག་སྐྱབས་ཚང་གི་ལྷ་མོ། ད་ནངས་ཨ་ཞང་དོན་འགྲུབ་ཡོང་ནས། གཉེན་སློང་དུ་འགྲོ་རྒྱུ་ཁས་བླངས་ཡོད”ཅེས་བཤད།
ལྷ་མོ་ནི་ང་དང་རུ་སྡེ་གཅིག་གི་ཡིན་ལ། ང་ལས་ལོ་གཅིག་གིས་ཆུང་། མོ་རང་ཆུང་དུས་ནས་སློབ་གྲྭར་འགྲོ་མ་མྱོང་བས། ལག་ལས་ཀ་གང་ཡིན་ཡང་བྱང་ཆ་ལྡན། མོ་རང་ངའི་ཨ་མའི་བློར་ཤིན་ཏུ་འབབ། ན་ནིང་དབྱར་ཁར་ངེད་ཚང་དང་ཁྱིམ་མཚེས་བྱས་པ་ནས་བཟུང་། ལྷ་མོའི་ཨ་མ་དང་ངའི་ཨ་མ་གཉིས་ཀྱིས་སྒོར་སྒོར་ལ་ཨ་ལོང་དང་། ཐུང་ཐུང་ལ་མདུད་པའི་གྲོས་ཤིག་བྱས་ཡོད་པ་འདྲ། ཨ་མས་ངའི་མདུན་ནས་ལྷ་མོ་བཟང་རབས་རྒྱན་རབས་མང་པོ་བཤད་ཡོང་ལ། ལྷ་མོ་ངའི་ཆུང་མར་ལེགས་ཚུལ་མངོན་ལྐོག་གཉིས་ནས་གསལ་བརྡ་བཏང་ཡོང་།
ཁོས་ང་རང་ཧད་འདུག་པ་མཐོང་ནས“དཔལ་མོ་ད་དུང་བློས་གཏོང་ཐུབ་ཀྱིན་མི་འདུག་གམ”ཞེས་སྙིང་འཕྱས་བཏང་བྱུང་། ངས་ཁོ་ལ“ང་མེད་ན། དཔལ་མོ་ཡང་སེམས་སྡུག་སྲིད། མོ་ཡང་ང་ལ་དགའ”ཞེས་བཤད་པ་ཡིན། ཁོས་ང་ལ“མོ་ལ་མཚོན་ན་ཁྱོད་ནི་བཀག་རྡོ་ཞིག་རེད། ཁྱོད་མེད་ན་མོ་ལ་གདམ་གསེས་མང་པོ་ཡོད”ཅེས་བཤད་བྱུང་། སྐབས་དེར་ཨ་མས་འོ་མ་བཞོས་ནས། གདོང་ལ་འཛུམ་མདངས་ཤིག་རྒྱས་ཏེ་སྒོ་ཁར་ཐོན་བྱུང་། “མ་ཁོ། སུ་ལ་ཁ་བརྡ་བྱེད་ཀྱིན་ཡོད། ཁྱོད་བགད་པ་ལྷས་ར་ནས་ཀྱང་གོ”ཟེར། ཁོས་ཨ་མ་ལ“ཨ་ཞང་དོན་འགྲུབ་ལ་ཁ་པར་བཏང་བ་ཡིན། གཉེན་སློང་རྒྱུ་ལེགས་འགྲུབ་བྱུང་མིན་ཅིག་འདྲི་བསམ་པ་ཡིན”ཞེས་རྫུན་བཤད་བྱུང་། ངས་ཨ་མ་ལ“ཁོས་རྫུན་བཤད་ཀྱིན་འདུག ཁོ་ཁྱོད་ཀྱི་བུ་མ་རེད། ཁྱོད་ཀྱི་བུ་ནི་ང་ཡིན”ཞེས་གསལ་བཤད་བྱས་ཀྱང་ཨ་མས་སྔར་བཞིན་ངས་བཤད་པ་དག་གོ་བཞིན་མི་འདུག ང་ལ་ཁ་ཡ་གཏན་ནས་མི་བྱེད་པར་འཛུམ་དམུལ་དམུལ་གྱིས་ཁོ་ལ་ཁ་བརྡ་གློད།
“ཨ་ཞང་གིས་ཅི་བཤད་བྱུང་། ”
“ཨ་ཞང་གིས་ཁྱོད་རང་བྲེལ་འཚུབ་ལང་གིན་ཡོད་དམ། ལོ་སུམ་ཅུར་ཐོན་རག་བར་བྲེལ་བ་མི་ལངས། དེ་རིང་བྲེལ་བ་ལངས་བྱུང་ངམ་ཟེར”ཞེས་བཤད་བྱུང་།
ཨ་མའི་གདོང་ལ་སྐྱིད་ཉམས་ཤིག་དོད་ཅིང“ངའི་བུས་བསམ་ཤེས་སོང་ནི་རེད། ཨ་མའི་སྐྱིད་འདི”ཞེས་བཤད་བཞིན་མིག་ཆུ་རྡོག་པོ་ཁ་ཤས་ཐོར་སོང་།
“ཨ་མ། ཁྱོད་མ་ངུ། ངས་སྔ་མོ་ནས་བསམ་ཤེས་རན་རེད། ཁྱོད་རང་འདི་འདྲ་རྒས་ཀྱང་། ད་དུང་འཁོར་བའི་འགན་ལྕི་མོ་དག་ཁྱོད་ཀྱི་ཕྲག་ན་ཡོད། ང་དངོས་གནས་བསམ་མེད་ཅིག་རེད”ཅེས་བཤད་ཞོར་ངའི་ཕྱོགས་ལ་བལྟས་བྱུང་། དེ་དུས་ངས་ཀྱང་མགྲིན་པ་བརྣངས་ཏེ་མིག་ཆུ་རྡོག་པོ་འགའ་རང་དབང་མེད་པར་ཐོར། ཨ་མའི་ལག་པའི་སྐྱི་མོ་དང་ཐོད་པའི་གཉེར་མ་དག་རེ་རེ་བཞིན་ངའི་མིག་ལམ་ལ་མངོན་ཡོང་ཞིང་། ཡར་སྔོན་ཨ་མ་འདི་འདྲ་ཞིག་རྒས་ཡོད་པ་ཡང་མ་ཚོར། ངས་ད་གཟོད་རང་ཉིད་ནི་དངོས་གནས་མི་ཁྲེལ་མེད་ཅིག་རེད་བསམས། ཨ་མས“ཨ་མ་དགའ་ནས་མིག་ཆུ་བཞུར་བཞིན་ཡོད”ཅེས་བཤད། ངའི་དཔེ་དེབ་དག་ཀྱང་མེས་ཚིག་ནས་སོལ་བར་གྱུར་ཅིང་། སྙིགས་རོ་ཁ་ཤས་རླུང་གིས་ཁུར་ནས་བར་སྣང་ན་སྐྱོམ། ངའི་སེམས་པ་འདི་ཡང་ཤོག་ལྷེབ་ཅིག་དང་འདྲ་བར། འཁྱག་སིབ་སིབ་དང་སྟོང་ལྷང་ལྷང་ངང་གར་འགྲོ་འདིར་འདུག་མེད་པར་གྱུར།
“ཏིང་ཏིང་ཏིང”སིང་དིར་རེར་ཁ་པར་ལས་སྒྲ་གྲག་བྱུང་། མི་དེས་ཁ་པར་རྣ་སྒོར་གཏད་དེ་ཉན།
“འོ་ཡ། ཨ་ཞང་། དེ་ན་ཨ་མ་ངེད་གཉིས་ཀས་འདིར་གྲ་སྒྲིག་ཡག་པོ་བྱེད།”
་“སུ་རེད། དོན་འགྲུབ་ཡིན་ནམ། ཅི་ཟེར་གྱིན་འདུག”
ཨ་མས་ཧ་ཅང་ཤེས་འདོད་ཀྱི་རྣམ་འགྱུར་སྟོན་བཞིན་དྲིས་པ་ན། ཁོས“ཨ་ཞང་རེད། གཉེན་སློང་ལེགས་པོ་བྱུང་སོང”ཞེས་ཡོད་ཚད་ཁོའི་འཆར་གཞི་ནང་བཞིན་ཡིན་པ་འདྲ་བར་མཚར་སྣང་གི་རྣམ་འགྱུར་སོགས་ཅི་ཡང་མེད་པར་བག་ལྷོད་མོ་བྱས་ནས་བཤད། ཨ་མ་དགའ་ནས“ད་འགྲིག་སོང་ནི་རེད། སྐྱིད་འདི”ཞེས་བཤད། ཨ་མ་འདི་འདྲ་དགའ་བཞིན་ཡོད་པ་མཐོང་བས། ང་རང་ཉིད་ཀྱི་ཁྲེལ་མེད་དང་སྒེར་སེམས་ཀྱི་བྱ་སྤྱོད་དག་ལ་ནོངས་འགྱོད་སྐྱེས། ནོངས་འགྱོད་དེ་དག་གིས་ངའི་སྙིང་ཁོང་དུ་མེ་ཟླུམ་ལོག་ལོག་ཅིག་བྱུང་བ་ནང་བཞིན་ལུས་པོ་ཡོངས་ཚ་ལམ་ལམ་བྱེད། “ད་འགྲིག་སོང་། ཨ་མའི་ལས་ཀ་ཇེ་ཡང་ལ་འགྲོ་ཐུབ་རྒྱུ་རེད”ཅེས་ཁེར་ལབ་བྱས་པ་ཡིན།
ཉིན་དེའི་ཕྱི་དྲོར། ངས་ཨ་མ་ལ་ཕྱི་མིག་ཡང་ཡང་བལྟས་རྗེས། ང་རང་ཡུལ་འདི་དང་གྱེས་ཏེ་དཔལ་མོ་འཚོལ་བའི་ལམ་ལ་ཞུགས་པ་ཡིན། ཨ་མའི་འཛུམ་གྱིས་ཁེངས་པའི་ངོ་གདོང་དང་སྐྱིད་ཉམས་དོད་པོའི་རྣམ་པ་དག་མཐོང་བས་ང་རང་མོ་ལ་སེམས་ཁུར་ཅི་ཡང་མེད་པར་གྱུར། ང་རང་ལམ་ལ་ཆས་ནས་ཡུན་རིང་མ་འགོར་བར། མི་ཞིག་གིས་ངའི་མིང་ནས་འབོད་བཞིན་འདུག ཡང་ལན་རེར་ཁ་ཏོན་བྱེད་པའི་སྒྲ་ཡང་གོ་ཡོང་། ནམ་མཁའི་དབྱིངས་སུ་འཐིམས་པའི་ཆོས་སྒྲ་དེ་གདངས་ཇེ་དྲག་ཏུ་ཕྱིན་པ་དང་བཅས་ང་རང་དྲན་སོས་བྱུང་། གྲྭ་བ་དང་ཞང་པོ་དག་གིས“ད་སོས་འདུག ད་སོས་འདུག”ཅེས་ཟེར་ནས་ངའི་མགོ་ལ་ཆུ་གཏོར་བ་དང་བདུག་པ་གདུག་བཞིན་མཆིས།
དྲུག
ང་རང་དྲན་པ་སོས་པའི་ཉིན་དེར། ཁྱིམ་ནང་བདུག་པ་གདུག་པའི་དྲི་ཞིམ་དང་། ཁ་ཏོན་དང་ཆོ་ངེའི་སྒྲས་འུར་ཆིལ་ལེར་འདུག དཔེ་སྒྲོམ་ངོས་སུ་དཔེ་ཆ་དག་ཀྱང་གྲལ་དག་པོར་མཐོང་། ཨ་མས་བཤད་ན“ལུག་འཚོ་སྐབས་རི་ནས་གཉིད་ལ་ཤོར་ཏེ་བླ་འཁྱམ་པ་རེད”ཅེས་བཤད། འོན་ཀྱང་ངའི་ཡིད་ངོར་ཉིན་དེར་ང་ལུག་རྫིར་སོང་བ་དྲན་པ་ལས་རི་སྒང་དེ་ནས་གཉིད་ལོག་པ་ཡེ་ནས་དྲན་རྒྱུ་མི་འདུག །