ཟླ་འོད་མེད་པའི་མཚན་མོ་འདིར་ཕྱི་རོལ་གྱི་སྨག་རུམ་ཧ་ཅང་མཐུག ངས་རང་གི་མ་ནེ་ལ་ལག་པ་གཉིས་ཀྱིས་ཨོཾ་ཚུགས་བྱས་ནས་ཡུན་རིང་ལ་བསྡད། ངའི་ཡིད་ལ་ལས་ངན་མ་ངའི་མགོ་ཐོག་ཏུ་སྡུག་གི་མུན་པ་འཐིབས་པ་ལས་སྐྱིད་ཀྱི་ཉི་མ་ཏོག་ཙམ་ཡང་ཤར་མ་མྱོང་བ་དྲན། ད་དུང་སྡུག་བསྔལ་ཟེར་བ་འདི་ལ་བྱ་མོས་སྒོ་ང་རུམ་རུམ་བྱས་ནས་བསྡད་ན་མི་འགྲིག་པ་དྲན།བྱ་བ་སྣ་ཚོགས་ཤིག་དྲན་མཐར་གན་རྐྱལ་དུ་ཉལ་མོད་གཉིད་གཏན་ནས་མ་ཁུག ད་དུང་ཉམས་མྱོང་ལྟར་རྣམ་རྟོག་ལངས་པ་ཞིག་ལ། ཡ་ང་བའི་སྡུག་བསྔལ་ཞིག་སླར་ཡང་ངའི་ཉེ་སར་བཏུད་རྒྱུ་ཡིན་པའི་ཚོར་སྣང་འདུག
རེད་དེ། མི་ཚེ་ཟེར་བ་རིང་ཡང་ཐུང་ཡང་གཉིད་ཐུན་གཅིག་དང་འདྲ་ཨང་།“བྱ་ཁྱུང་ཆེན་རྙི་ལ་ཟིན་རབས་མེད། སྟག་དམར་ཡག་ཐག་པས་བཏགས་རབས་མེད”ཅེས་ནམ་ཡང་ཁྱི་ལྡོམ་བཞིན་ས་ཆ་གང་སར་འཁྱམས་འགྲོ་བའི་ད་ལྟའི་སྐྱེས་པ་འདི་དང་ཁྱིམ་གཅིག་ཏུ་སྡོད་དུས། ལས་ངན་མ་ང་ནི་ཡུགས་སར་འབུད་ཐེངས་གཉིས་པ་ཡིན་ལ། ངེད་གཉིས་ཀྱི་བུ་ཆུང་ཚེ་དཔལ་མ་ཐེ་ན་ད་དུང་གཞུག་ཁྲིད་བུ་མོའང་གཉིས་ཡོད། མི་ལ་ཡག་བཤད་དང་འདམ་བག་ལ་ཡར་བྱུག་མི་ཤེས་པའི་ད་ལྟའི་སྐྱེས་པ་འདིས་ང་ནི་ཤིག་སྲོ་མང་ཞིག་གི་ཚད་ལའང་མི་འཇོག་པར“ཡུགས་མོ། ཡུགས་ནག་མ། མུག་ཕྲུག་ཚོར་བདག་སྐྱོང་བྱོས”ཞེས་གཤེ་གཤེ་གཏོང་བར་མ་ཟད། ངེད་གཉིས་ཀྱི་བུ་ཆུང་ཚེ་དཔལ་ལས་ངའི་གཞུག་ཁྲིད་བུ་མོ་གཉིས་ལ་དགའ་མདོག་ཏིལ་འབྲུ་ཙམ་ཡང་སྟོན་མི་སྲིད་ནའང་། ཟས་གོས་གནས་མལ་གྱི་ཕྱོགས་ནས་ཁྱད་པར་བཏོད་མ་མྱོང་། ཁོས་རྒྱན་ཤོར་བ་དང་ཚོང་ལོག་བརྒྱབ་པ། ཕན་ཁེ་མ་རེག་པའམ་ཡང་ན་ངེད་གཉིས་བར་གྱི་བཟའ་འདྲེ་མ་རྒྱ་མོ་སྐྱིད་ཟེར་བ་དེ་དང་འཆམ་པོ་མ་བྱུང་ཚེ། ངས་ཁོང་གི་གཤེ་གཤེ་ལྷག་མ་ཉོ་དགོས་པའི་གནད་ཀྱང་ཡུགས་ས་ཡིན་པས་ལན་སྙམ། མལ་སའི་ནང་དུ་ངས་མིག་གཉིས་དལ་གྱིས་བཙུམས་རྗེས། ཀླད་པའི་ནང་དུ་ཅི་ཞིག་གིས་བཅུན་པའམ་སྡོམ་བཞིན་པ་ལྟ་བུའི་ཞེད་སྣང་གིས་བཀང་ཞིང་། རྣ་ལམ་དུ་འཇགས་རྒྱུ་མེད་པའང་རང་གི་ངུ་སྐད་ཡིན་པ་འདྲ། ཤུ། སྐྱེ་བ་འདིའི་ངའི་ཨ་མ་གཉིས་པ་སྟེ་ཨ་མ་སྒྲོལ་མ་དྲིན་ཆེན་མས་བཤད་ན།“མི་ཤི་མ་སྔ་ན་ལྷ་ཤི་བའི་རོ་མཐོང་། རྣ་འོན་མ་སྔ་ན་ཤིག་གཉིད་པའི་སྔུར་བ་གོ”ཟེར་བའི་སྐད་ཆ་འདི་ཐོག་དང་པོར་མོས་ང་རང་ན་ལུང་ཚོ་བདུན་གྱི་ཟམ་ཁ་རུ་རུམ་ལ་བསྡུས་ནས་ཡོང་དུས་ཤོར་བ་ཡིན་ཟེར། ངའི་ཕ་མ་གཉིས་ཀྱིས་ང་གད་སྙིགས་བཞིན་འཕངས་པ་ཡིན་ནམ། ངའི་ལས་དབང་འདི། ཕེ་ཕེ། མགོ་ན་བ་ལ། སྙིང་ཚ་བ་ལ། སྲོན་དཀའ་བ་ལ། འདང་རྒྱག་གི་རྙི་ལ་ཚུད་དེ་འཇིག་རྟེན་འདིར་ང་ནི་དངོས་གནས་ལྷག་མ་ཞིག་རེད་སྙམ། ངས་སྡུག་བསྔལ་གྱིས་གྲུབ་པའི་ཕུང་པོ་འདི་དང་སྡུག་བསྔལ་ཚོར་བའི་དབང་བོ་ཐམས་ཅད་ཀྱི་ནུས་པ་ཤོར་ན་ཅི་མ་རུང་སྙམ།
ངའི་སྐྱེས་པ་ཐོག་མ་སྟེ། དཔལ་བཟང་ནི་རི་ནས་རི་གོ་ཆོད་པ་དང་ཡུལ་ནས་ཡུལ་གོ་ཆོད་པའི་མི་ཞིག་ཡིན་ཟེར་ན་མི་ཆོག་རྒྱུ་མེད། ང་ལོ་བཅོ་ལྔར་བུད་པའི་ལོ་དེར། ཨ་མ་སྒྲོལ་མས“གནམ་རྒན་མས་ཨ་ཡེ་རྒན་ཚང་ང་ལ་བུ་སྐལ་དུ་གནང་བའི་བུ་མོ་ཁྱོད། ད་ནི་ལང་ཚོ་དར་ལ་བབས་སོང་། ཚེ་གང་བོར་རྒན་མོ་ང་བསྲུངས་ནས་བསྡད་ན་ག་ལ་ཆོག སྐྱ་ཡ་ཞིག་འཚོལ་རན་རེད”ཅེས་མོའི་བཀོད་པ་ལྟར་ང་རང་དཔལ་བཟང་གི་ཆུང་མར་གྱུར་སོང་། དཔལ་བཟང་ང་ལས་ལོ་བཅུ་ཡིས་ཆེ་སྟབས། རྒྱུན་པར་ངས་ཁོ་དང་བར་ཐག་བཟུང་མོད། ངའི་སེམས་པ་སྙི་མོ་འདི་དུས་ནམ་ཞིག་ལ་ཁོའི་ཤ་ཚ་ཚ་དང་སྙིང་ཉེ་ཉེ་བྱེད་པའི་རྙི་ལ་རིམ་གྱིས་ཚུད་མགོ་ཚུགས་པའང་མ་ཤེས། གང་ལྟར་ཁྱིམ་ཚང་ཇི་ལྟར་སྐྱོང་དགོས་པ་མི་ཤེས་ཀྱང་ཁོས་བཅོལ་གདམས་བྱས་པའི་ཁྱིམ་ལས་མཐའ་དག་ཚགས་སུ་ཆུད་པར་བསྒྲུབས་པ་ཡིན། དེའི་གཏང་རག་ཏུ་ཁོས“གནམ་གོ་མ། གནམ་གོ་མ།—གནམ—གོ་མ། ཨ—ཨང—”ཞེས་ངའི་གཅེས་མིང་ནས་འབོད་ཞོར་ང་ལ“ཉལ་སའི་ནང་གི་གཅེས་གཅེས”སུན་རག་བར་དུ་བྱེད་ལ། ཕྱི་ཉིན་ཞོགས་པར་སྔར་བཞིན་ང་ལ་ནངས་ལས་གང་བྱེད་ཐད་དུ་བཀོད་ཁྱབ་ལྷུ་འགྲིག་པ་ཞིག་བྱས་རྗེས་ཁོ་རང་ཤིང་ལས་བྱེད་པར་བུད་འགྲོ། རིམ་གྱིས་ཁོའི“ཉལ་སའི་ནང་གི་གཅེས་གཅེས”དེའི་དྲིན་ཡིན་མིན་བཤད་དཀའ་ཡང་། ངེད་གཉིས་ལ་བུ་མོ་གཡང་སྐྱིད་བཙས་རྗེས་བཟའ་འདང་ཇེ་ཡོད་དང་ཁ་ཕྱོགས་གཅིག་ལ་དམིགས་ཡུལ་ཡང་གཅིག་པ་ཞིག་ཏུ་གྱུར། ངས་ནམ་ཞར་ཁོང་གི་ཁ་ལེན་ཚིག་བརྩི་འདོད་པའི་མི་ཚད། ཁོ་རང་དགོང་མ་གཅིག་ལ་ཡུལ་དུ་མེད་ཚེ་སྟོང་ལྷང་ལྷང་ཞིག་ཡིན་པའི་ཚོར་སྣང་རྒྱུན་པར་འབྱུང་། དེ་དུས་ངེད་གཉིས་སོ་མར་ཁེར་ཁྱིམ་ལ་བུད་པའི་ཁྱིམ་ཚང་མེད་པོ་ཡིན་ནའང་བཟའ་མི་གསུམ་པོ་བདེ་སྐྱིད་ལྡན་པ་ཞིག་རེད་འདོད་ཡོད། ངའི་སྐྱེས་པ་དཔལ་བཟང་ནི་ན་ལུང་ཚོ་བདུན་ནས་སྐད་གྲགས་ཆོད་པའི་ཤིང་བཟོ་དཔེ་མེད་ཅིག་ཡིན་ཕྱིན། རིམ་གྱིས་ངེད་ཚང་གི་ཡོང་འབབ་ལ་རུ་སྐོར་ཁྱིམ་མཚེས་ཚང་མས་སྨོན་བཞིན་ཡོད། ངེད་གཉིས་ལྷན་དུ་བསྡད་དེ་ལོ་གཅིག་ཙམ་འགོར་བའི་དགོང་མོ་ཞིག་ལ། ངས་བུ་མོ་གཉིད་དུ་བཅུག་རྗེས་ཁོའི་གམ་དུ་ཉལ་བ་ཡིན། ཡ་མཚན་པ་ཞིག་ལ་ཁོས་མགོ་བོ་སྔས་ལ་བཞག་ནས་ཅང་མ་འགོར་བར་སྔུར་བ་བྱང་བྱང་འཐེན་བཞིན་འདུག ཁོའི་སྔུར་བ་དང་བསྟུན་ནས་ངའི་སེམས་ཀྱི་འདུན་པ་ཆུང་ཆུང་ཞིག་དེ་ལྟར་སྟོང་ཟད་དུ་གྱུར་སོང་། ཕྱི་ཉིན་ཁོས་སྡོང་རྒན་ཞིག་གི་རྩེ་རུ་འགོས་ནས་ཡལ་ག་གཅོད་སྐབས་སྟབས་མ་ལེགས་པར་ཐང་ལ་ལྷུང་སྟེ་རྐྱེན་ལམ་དུ་ཤོར་བའི་གཏམ་ངན་དེ་ཐོས། ངེད་མ་སྨད་གཉིས་ཀྱི་མགོ་ཐོག་གི་ཉི་མ་ནུབ་སྔ་སོང་། ཁོས་ང་ལ་མང་པོ་མང་པོ་ཞིག་གི་རོ་མངར་མྱངས་ནས་ཚར་དུ་མ་བཅུག་པར་བུད་སོང་། ངའི་མིག་ཆུ་འདི་ལ་འཛད་རྒྱུ་ཞིག་ཡོད་ཚེ། སྐྱ་ཡ་ཤོར་བའི་སྡུག་བསྔལ་ལས་བཞུར་ནས་ཚར་ཞིང་བསྐམས་ནས་ཐག་པར་གྱུར་ན་ཅི་ལ་མི་ཆོག་ཨང་།
དགོང་ཞག་ཞེ་དགུ་ཚང་རག་བར་དུ་ངའི་སེམས་པ་སྡུག་བསྔལ་གྱི་མིག་ཆུའི་ནང་དུ་སྦངས་ནས་བསྡད་པ་ཡིན། ཨ་མ་སྒྲོལ་མས“ངའི་ཞི་མོའི་ཁ་ངོ་སྐྲངས་ཤིང་མིག་ཤ་ཐུར་དུ་ལུག་འདུག”ཅེས་གཅེས་གཅེས་གནང་ཞིང་སེམས་གསོའི་ཚུལ་དུ་ཁ་བརྡ་གང་མང་བྱས། མ་གཞི་མོ་རང་ཡང་སྡུག་བསྔལ་གྱི་རྙི་ལས་ཐར་མ་ཐུབ་པའི་མི་ཞིག་ཡིན་པ་རྟོགས། མོས་ངའི་སེམས་ཀྱི་སྡུག་བསྔལ་སེལ་སླད་མོའི་སེམས་ཀྱི་སྡུག་བསྔལ་རྣམས་ཤ་ར་ར་བཤད། མོའི་ཕ་མ་གཉིས་ལོ་གཞོན་དུས་སྔ་གཞུག་བྱས་ནས་འཆི་བདག་ཆུ་སྲིན་ཁ་ནས་མ་ཐར་བ་དང་། ཁྱོ་གར་ནད་གཞི་ལྕི་མོ་ཞིག་ཕོག་སྟེ་ཕྱི་མའི་ཡུལ་ལ་སོང་ཚུལ། དེ་ནས་ཕུ་བོ་གཅིག་ཡོད་པའང་ཚོ་ཁག་གཉིས་ཀྱིས་དབྱར་རྩྭ་དགུན་འབུ་རྐོ་སའི་ས་རྩོད་ཁྲོད་རྐྱེན་ལམ་དུ་ཤོར་ཚུལ། འཚོ་རྟེན་གྱི་བུ་གཅིག་པུ་ཡང་སློབ་གྲྭར་མ་ཚུད་པར་ལྡོམ་ནས་གར་སོང་ཆ་མེད་དུ་གྱུར་ཏེ་མོ་རང་རྒན་ཚང་དུ་ལུས་ཚུལ་སོགས་བཤད་ཞོར་མིག་ཆུ་ཕྱིས་རྗེས། ཨ་ཤུ་རེ་ཁོ། ངའི་གཅེས་ཕྲུག་དེ་ལ་ཕྱིར་ཡོང་ཞིག་ཡོད་པར་སྨོན་ཟེར་དུས་ལག་ཟུང་ཐོད་ལ་ཡང་ཡང་སྦྱོར་བཞིན་འདུག དེ་མུར་ངའི་ལག་མགོར་དམ་པོར་འཇུས་ཏེ“ཁྱོད་ནི་གནམ་རྒན་མས་ང་ལ་གནང་བའི་བུ་སྐལ་ཡིན། ཞི་མོ་ཁྱོད་ཀྱིས་བསྲན་ཚུགས་ཤིག ད་ནས་བཟུང་སྡུག་བསྔལ་མ་བྱེད་ཅིག”ཟེར། དངོས་གནས་སྡུག་བསྔལ་གྱི་མགོ་བོ་སྡུག་བསྔལ་གྱིས་གནོན་ཐུབ་པ་འདྲ། ཨ་མ་སྒྲོལ་མའི་སེམས་གཏམ་འདི་དག་ལ་བསམས་ཤིང་བསམས་ནས། ང་ནི་ཡུན་རིང་བསྡམས་པའི་ལྡེམ་གཤིས་ཅན་གྱི་དངོས་པོ་གང་ཞིག་གི་འཆིང་རྒྱ་ལས་གྲོལ་བ་ལྟར་གྱུར་པའི་སྣང་བ་བྱུང་།
ངས་དཔལ་བཟང་དྲན་པ་བཞིན་ངའི་སྐྱེས་པ་གཉིས་པ་དཔོན་ཕྲུག་ཡིད་ལ་འཁོར་བྱུང་། གཡང་སྐྱིད་ལོ་གསུམ་ལ་བུད་པའི་ལོ་དེར། གྲོང་ཆོག་པ་དཔོན་ཕྲུག་ཚང་ནས་སུམ་ཡར་འབྲི་ཡི་འོ་མ། ཞིམ་མངར་ཐུད་ཀྱི་སྡེར་ཁ། གཡང་དཀར་ལུག་གི་རྩིབས་ཤ་སོགས་འཛོམས་སའི་བཟའ་བཏུང་ཐད་སྔོན་ཆད་ལྟར་སྐྱ་ཟད་སྔོ་སྡུག་ཅིག་མིན་རུང་། ང་ནི་ནམ་ཡང་སྡུག་ལེབ་བེར་འདུག་པ་ལས་དགའ་ཡ་ལེར་ཡོད་པའི་ཉི་མ་གཅིག་ཀྱང་མེད། སྐྱེ་བ་འདིར་ངའི་ཤ་ཉེ་གཅིག་པུ་སྟེ་ཨ་མ་སྒྲོལ་མ་ཡང་འཇིག་རྟེན་འདི་དང་ཁ་བྲལ་སོང་བས། ངས་ཨ་མར་དྲིན་ལན་སྲང་གང་འཇལ་བའི་བསྐལ་བ་མ་ལྡན། ང་ལ་རང་དགར་དགའ་སྣང་ཟེར་བ་ཞིག་བྱུང་རྒྱུ་ཡོད་པ་ཕར་ཞོག ཐ་ན་དཔོན་ཕྲུག་གིས་ངའི་ཨ་མ་དྲིན་ཆེན་མའི་ཕྱོགས་ལ་འདས་མཆོད་སྙིང་ཚིམས་པ་ཞིག་བསྒྲུབས་པའི་བཀའ་དྲིན་ལ་འཛུམ་ཟེར་ཙམ་སྟོན་སྙམ་པ་ཡང་ཆུ་རྫིང་གི་ལྟག་ཆུ་བཅད་ནས་རྫིང་ནང་གི་ཉ་ལ་བདེ་སྐྱིད་འཁོར་བར་རེ་བ་དང་གཉིས་སུ་མེད་པ་འདྲ། ལྷག་པར་དུ་ཉིན་ཞིག་ལ་དཔོན་ཕྲུག་གིས་ཉལ་སའི་ནང་ནས། ང་ནི་ཚོ་དཔོན་ཆེ་གེ་མོའི་ཐང་བུ་ཡིན་པར་དོགས་ཏེ། བཙས་ནས་ཟླ་ཁ་གང་རྗེས་མ་བུ་གཉིས་སྒོར་ཕུད་པས། ཚོ་དཔོན་དེའི་ཆུང་མ་ཐ་ཆུང་ངམ་ངའི་མི་ལུས་འདི་གནང་མཁན་གྱི་ཨ་མར་ཐབས་ཟད་དེ་ཟླ་གཉིས་ལ་བུད་པའི་ང་རང་ཟམ་ཁར་བཞག་ཅིང་། མི་སེམས་བཟང་ཞིག་དང་འཕྲད་མིན་ལ་མིག་གིས་རྒྱང་དུ་འཚོས་ནས་བསྡད་པ་ཡིན་པའི་ངའི་ལོ་རྒྱུས་ཐུང་ངུ་རྣར་གཟན་པ་དེ་བཤད་པ་ནས་བཟུང་། ངའི་སེམས་ཁམས་ནི་ཇེ་སྡུག་ནས་ཇེ་སྡུག་ཏུ་ཕྱིན་ནས་ནམ་ཡང་ཐང་རྒྱུ་མེད་པའི་གནམ་ངོ་དང་འདྲ་བར་ཆགས། ཤུ་རེ་ཁོ། ངས་མི་ཚེ་འདིར་བཙན་དང་རྟ་ཁ་མ་གཤིབ། བདུད་དང་ཆོ་ལོ་མ་འཕངས།
ཀླུ་དང་ཉེ་འཁོར་མ་བྱས། སྡུག་བསྔལ་ཟེར་བ་ཞིག་ཡོད་པ་ཐམས་ཅད་ང་གཅིག་པུའི་མགོ་ཐོག་ནས་སྨིན་དགོས་དོན་ཅི་ཡིན་ནམ་དྲན། ངའི་དྲི་བ་འདིའི་ཐད་དཔོན་ཕྲུག་གིས་ཀྱང་སྐྱེ་བ་སྔོན་མར་བསགས་པའི་རྣམ་སྨིན་ཟེར་བ་དེ་ལས་འགྲེལ་བཤད་གཞན་ཅི་ཡང་ལབ་མ་སོང་། ཁྱིམ་ཚང་འདིར་ང་གནས་ལ་ཡོང་སྟེ་ལོ་གསུམ་གྱི་རིང་དུ་བདེ་སྐྱིད་ཉག་གཅིག་ཡོད་པ་ནི་དཔོན་ཕྲུག་གིས་ཁ་མུར་མུར་ངང་ཁ་ཏོན་འདོན་ཞོར་ང་ལ་ལས་བཅོལ་བྱེད་དུ་གཟས་ནས་ཡོང་ནའང་། “དེ་རིང་ད་རུང་གནམ་ཐང་མི་འདུག”ཅེས་ལས་ཀ་རེ་རེ་དང་ཐ་ན་ཟས་ཀྱི་གཡོས་སྦྱོར་ཡང་ཁོང་གིས་བསྒྲུབས་པར་བྱེད་པ་དེ་རེད། མཚམས་ལན་རེར་ཁོས་མཐེ་བོང་གཉིས་ཀ་ཀེར་ཏེ་ང་ལ་ཞུ་བ་འཐེན་པའི་བཟོ་ལྟ་བསྟན་པ་ཡང་གྲངས་ཀ་མེད་ཟེར་ན་ཆོག
ཕྱིར་འདང་རེ་བརྒྱབ་ན། ད་རེབ་དཔོན་ཕྲུག་ངེད་གཉིས་མཉམ་དུ་སྡོད་དུ་འཇུག་མཁན་ནི་སྡེ་དཔོན་རྒན་པ་ཨ་མྱེས་མཆོག་ལྡན་ཡིན། སྡེ་དཔོན་རྒན་པའི་བློ་བཀོད་ལྟར་ངེད་གཉིས་ཁྱིམ་གཅིག་ཏུ་བསྡད་པ་ཡིན། དཔོན་ཕྲུག་ངའི་སྟེང་ལ་སེམས་པ་ཆགས་ཡོད་མེད་མི་ཤེས་ལ། སྔགས་པ་ཞིག་ཡིན་པའི་ཆ་ནས་ངའི་ལུས་ཀྱི་གྲིབ་མར་གྱུར་པའི་ཡུགས་མོ་ཞེས་པ་དེ་ལ་འཛེམ་བཞིན་ཡོད་མེད་ཀྱང་མི་ཤེས་མོད། གང་ལྟར་ང་རང་མ་འཐད་ཚེ་མུན་ནག་ནང་གི་ལས་ཀའི་ཁྲོད་ཡང་དང་བསྐྱར་དུ་སྡུག་ལ་སྦྱོར་བར་མི་བྱེད། དེའི་དབང་གིས་ངས་ཀྱང་ཁོ་རང་འདོད་ཆགས་ཆུང་ལ་ཞེ་སྡང་མེད་པའི་མི་ཞིག་རེད་བསམས་མྱོང་བར་མ་ཟད། ང་ལ་ཡིད་སེམས་སྐྱོ་བའི་དུས་ཚོད་ཡོད་པའང་ཁོང་གི་དྲིན་ཡིན་ཞེས་ལབ་ཆོག་ཆོག་ཡིན། ངེད་གཉིས་ལ་བུ་མོ་ལྷ་དཀར་བཙས་པ་ནས་བཟུང་ཁོས་ཁྱིམ་ལས་ཙག་ཙིག་དག་ཀྱང་འགན་ལེན་གྱི་ཡོད་ལ། ཁོ་དང་གཡང་སྐྱིད་གཉིས་ལའང་ཕ་འདང་བུ་འདང་ཡོད། གང་ལྟར་ངའི་སེམས་པ་སྙི་མོ་འདིའི་འདབ་དྲུག་ནམ་ཞིག་གི་དུས་ནས་བཟུང་ཁོའི་གཤིས་སྤྱོད་བཟང་པོའི་བག་ཆགས་ཀྱི་མཚོ་འཇིངས་སུ་སྨིན་བཞིན་པའི་སྒང་ལ། ལས་བསམ་སར་མི་འགྲོ་གསེག་སར་འགྲོ་ཞེས་པ་ཅི་མ་བདེན། བུ་མོ་ལྷ་དཀར་ལོ་གཉིས་ལ་བུད་པའི་སྟོན་ཁ་དེར་ཁོ་རང་རྐྱེན་གློ་བུར་བ་ཞིག་གི་འོག་ཏུ་ང་དང་ཁ་བྲལ་ཏེ་རྒྱུན་པར་ཁོང་གི་གསོལ་བ་འདེབས་བཞིན་དད་སེམས་མངོན་པར་ཕྱོགས་སའི་བདེ་བ་ཅན་དུ་ཕྱིན་སོང་། ངེད་མ་སྨད་གསུམ་སླར་ཡང་སྡུག་གི་ཐང་དཀྱིལ་དུ་འཕངས་སོང་། ངའི་ནང་སེམས་ཀྱི་སྡུག་བསྔལ་ལ་ཐེམ་པ་དང་བང་རིམ་བརྩེགས་ནས་བཞག་སོང་། ངའི་མགོ་ཐོག་ཏུ་བྱུང་བའི་རྐྱེན་ངན་འདི་ལྟ་བུ་ལ་མི་སུ་ཡིན་རུང་རྣམ་རྟོག་ལངས་སྲིད་ཀྱང་། སྐྱེ་རབས་འདིར་ངའི་བཟློག་མེད་ཀྱི་ལས་དབང་ནི་འདི་འདྲ་ཞིག་རེད། ཤུ། སྡུག་བསྔལ་སྔ་མ་སྔ་མ་མ་སངས་བར་སྡུག་བསྔལ་ཕྱི་མ་ཕྱི་མ་བསྟུད་མར་བརྩེགས་མར་བྱུང་བས། ངའི་སྡུག་བསྔལ་ལས་འབབ་པའི་མིག་ཆུ་ཟེར་བ་དེས་སྡུག་བསྔལ་བསངས་པར་བྱེད་པའི་ནུས་པ་རྩ་བ་ཉིད་ནས་ཤོར་འདུག
དཔལ་བཟང་དང་དཔོན་ཕྲུག་དྲན་པའི་ཞོར་ལ་མི་ཁ་ནས་ངའི་སྐྱེས་པའི་མིང་ཙམ་ཟིན་མྱོང་བའི་སོག་ལེ་ཁ་དྲན་བྱུང་། ཨ་མ་མ། དུས་ཀྱི་འགྲོས་དང་བསྟུན་ནས་འཚོ་བ་སྔར་བཞིན་ཕར་ལ་བསྐྱལ་བ་ཡིན། མེར་མེར་ཡོམ་ཡོམ་ངང་དུ་འགས་ལ་ཉེ་བའི་ངའི་ནང་སེམས་ཀྱི་སྐྱོ་བ་རྡོག་རྡོག་ཆེན་པོ་འདི་ཕར་རིལ་ཚུར་རིལ་བྱས་ནས་ཡོད་དུས་ཤིག་ལ། ན་ལུང་ཡུལ་ཚོའི་མི་རྐྱང་སོག་ལེ་ཁ་ཡིས་དྲུག་པའི་ཀླུ་རོལ་སྐབས་སུ་ང་ལ“ཨ་ལ་ལ། གནམ་སྐྱིད་ཀྱི་དཀར་དམར་མདངས་ལྡན་གྱི་གདོང་ནི་མེ་ཏོག་པད་མ་བཞིན་དུ་མཚར་བ་ལ། པིར་གྱིས་བྲིས་པ་ལྟ་བུའི་སྨིན་མ་འཁྱོག་པོའི་འོག་གི་རྫི་མས་བརྒྱན་པའི་མིག་གཉིས་ནི་ཆུ་མིག་བཞིན་དུ་དྭངས་ཤིང་གསལ་བ་ལ་ཨང”ཞེས་དགའ་མདོག་སྟོན་པ་དང་ངའི་གཡས་གཡོན་ནས་བུད་དེ་ཆགས་གཏམ་སྣ་ཚོགས་ལབ་ཅིང“ཁྱོད་ནི་ན་ལུང་ཚོ་བདུན་གྱི་གསར་མོ་དག་གི་ཁྲོད་དུ་ཨ་ཡོད་ནང་གི་ད་ཡོད་དང་སྒོ་ངའི་ནང་གི་སྤྲིན་སེར་ལྟ་བུ་ཡིན”ཟེར་བཞིན་ང་ལ་གཡས་སྐོར་གཡོན་སྐོར་བྱེད། སྐབས་ཐོག་དེར་ངས་ཁོ་ནི་ཉེ་འཁོར་གྱི་འབུ་སྦྲང་ཞིག་གི་ཚད་ལ་བཞག་སྟེ་ཨ་ལན་ཅི་ཡང་བྱིན་མ་མྱོང་ལ། ལྐོག་ཏུ་འཕྲད་པའི་གོ་སྐབས་ནི་རྟ་རྔ་ཙམ་ཡང་སྤྲད་མེད། ཡིན་ཡང་། སྡེ་བའི་མི་ལ་ལས་ཁ་ནས་གནམ་སྐྱིད་ཀྱི་སྤྱོད་པ་ཡུལ་དང་མི་མཐུན། བསམ་པ་མི་དང་མི་བསྟུན་ཞེས་འུར་ཏེ། ང་ནི་སོག་ལེ་ཁའི་ཆུང་མ་བྱ་རྒྱུ་ཡིན་པ་བདེན་ཁོ་ཐག་ཡིན་པར་སྨྲ་ཞིང་། དོན་དམ་དུ་སོག་ལེ་ཁ་ནི་རྒྱན་འཇོག་སར་སྒོར་མོ་བརྩད་དེ་རྐྱེན་ལམ་དུ་ཤོར་བའང་། ངའི་ཆེད་དུ་བློས་བཏང་བ་ཡིན་ཚུལ་བསྒྲགས་ཀྱང་། སོག་ལེ་ཁ་ཚེ་ལས་འདས་པ་ནི་ང་ལ་ཡུགས་ས་མ་ཞེས་པའི་མིང་ཞིག་ཁ་སྣོན་མ་བྱས་པ་མིན་ནམ་འདོད།
ཨ་ཤུ། དོ་ནུབ་ང་ལ་གཉིད་ཟེར་བ་ཞིག་མི་ཡོང་ཁོ་ཐག་རེད། མཚམས་འདིར་ངས་ད་ལྟའི་སྐྱེས་པ་སྟེ་སྐྱེས་པ་བཞི་པ་ཡིད་ལ་འཁོར་བྱུང་། མ་རེད། སོག་ལེ་ཁ་མི་ཐེ། ཁོ་མ་ཐེ་ན་ཨ་དགེ་ངའི་སྐྱེས་པ་གསུམ་པ་ཡིན། ཁོ་རང་ཡིད་ལ་འཁོར་དོན་ཡང་ངའི་ཁྱོ་ག་དང་ལོ་གསུམ་ལ་བུད་པའི་བུ་ཆུང་ཚེ་དཔལ་གྱི་ཕ་ཡིན་པའི་གནད་ཁོ་ནས་མ་ཡིན་ཏེ། ཁོས་དུས་རྒྱུན་འཚོ་བའི་ཁྲོད་དུ་ང་ལ“ཡུགས་ས་ཡུགས་ནག་མ། ཁྱི་ཁ་ཚུམས། མར་སོང་། ཧད་ནས་མ་འདུག འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་འདོད་ན་ཤི་རུ་སོང”ཞེས་གཤེ་གཤེ་གཏོང་བ་ལས་སེམས་གསོའི་སྐད་ཆ་གཅིག་ཀྱང་མི་བཤད་པ་དེར་རྐྱེན་བྱས་ཏེ་ངའི་ནང་སེམས་ཀྱི་ན་ཟུག་ཐང་ལ་ཕོག་ཐུབ་པ་ཡང་། ཁོས་ང་ལ་སྡུག་བསྔལ་ཟེར་བ་འདིའི་ཁམས་དང་བསྟུན་པ་བྱས་ན་མི་འགྲིག་པར་སྙམ་པའི་གོ་བ་རྙེད་དུ་བཅུག་པས་ཡིན། དེ་བས། ངས་ཁོའི་ཚོང་དོན་ལ་ཐེ་གཏོགས་མི་བྱེད་ལ། ཁོས་ཀྱང་ང་ཡི་སྡུག་བསྔལ་ལ་ཇུས་གཏོགས་མི་བྱེད། ལྷག་པར་དུ་ང་དང་ངའི་གཞུག་ཁྲིད་བུ་མོ་གཉིས་བར་དུ་དྲིས་པར་ཨ་ལན་ལྡོན་པ་ལས་ཁ་བརྡ་ལྷག་མ་ཅི་ཡང་མེད། གང་ལྟར་ཁོས་ང་ལ་མཚམས་ཚིགས་མེད་པར་གཤེ་གཤེ་གཏོང་བར་བསྒུགས་པའི་མཚམས་འདིར། ནམ་སྨད་དུ་ངེད་ཚང་གི་ནང་སྒོ་ཁྲོག་གེར་ཕྱེ་སྟེ་ངའི་སྐྱེས་པའི་ཚོང་གྲོགས་རྟ་རྡོ་བླ་འཁྱམས་པ་བཞིན་ནང་དུ་བརྒྱུགས་ཡོང་སྟེ།“ཨ་རོག སྲུ་མོ། མགྱོགས་པོར་སྨན་ཁང་དུ་འགྲོ། ཁྱེད་ཚང་གི་ཨ་དགེ་མ་འགྲིག་ཐལ”ཞེས་སྒྱེ་ནང་གི་སྲན་མ་སྐད་ཅིག་ཉིད་ལ་ཐང་དུ་བྱོ་བ་ལྟར་བཤད་བྱུང་། ཨ་ཁ་ཁ་ཞེས་བྲེད་སྐད་ཤོར་བའི་ང་ནི་ཕེ་རིང་འདེབས་བཞིན་བརྒྱུགས……
ནམ་ལངས་ཁར་ཨ་དགེ་མཐོང་དུས། བྱ་བཙོག་པ་ལ། རླངས་འཁོར་དོན་རྐྱེན་དེ་ལས་ཨ་དགེའི་ཁ་ངོ་ཁྲག་གིས་སྦགས་ཏེ་བལྟར་མི་བཟོད་པ་ཞིག་ཏུ་བཏང་འདུག རྟ་རྡོ་མེད་ཚེ་ངས་མི་དེ་ཨ་དགེ་ཡིན་པའང་ཤེས་ཁག་པོ་འདུག ནད་ཁྲིའི་ཐོག་ན་དབུགས་འབྱིན་རྔུབ་ཙམ་བྱེད་པ་ལས་སྐད་ཆའང་ཤོད་ཐུབ་ཀྱི་མི་འདུག
སྨན་པས“ཁོ་ཐག་བཅད་ཡོད་དམ”ཟེར།
ངས“ཁོ་ཐག་ཡིན”ཞེས་མྱུར་མོས་ལན་བཏབ།
སྨན་པས“སྲོག་ཉེན་འབྱུང་ཡང་སྲིད། ནད་པ་དང་ཁྱོད་གཉིས་ཀར”ཟེར།
ངས“ཤི་སོང་རུང་འགྱོད་པ་མེད”ཅེས་ཐེ་ཚོམ་སྤུ་ཙམ་མེད་པར་ལན་བཏབ།
སྨན་པས་མིག་བགྲད་དེ“ཧུན། ལས་སླ་མོ་མ་དྲན། འདང་རྒྱག་ཡག་བྱོས། ཁྱོད་ཀྱི་ཕ་མ་མིང་སྲིང་རྣམས་འཐད་སྲིད་དམ། ཁོ་ཚོས་སྣོག་མི་རྒྱག་གམ”ཞེས་གཤེ་གཤེ་གཏོང་བའམ་བཀའ་འདྲི་གནང་བ་དང་མཚུངས་ལ། བླུན་མོ་ཁ་ནག་ཅིག་རེད་སྙམ་སྟེ་སྙིང་འཕྱས་གཏོང་བ་དང་ཡང་མཚུངས་པའི་ངང་བསྟུད་མར་མང་པོ་ཞིག་ལབ་སོང་།
ངས་སྡུག་བསྔལ་ཟེར་བ་འདི་བྱ་མོས་སྒོ་ང་རུམ་རུམ་བྱས་ནས་བསྡད་ན་ག་ལ་འགྲིག ངས་རང་གི་བྱིས་པ་ཚོ་ལོང་བ་ཐང་དཀྱིལ་དུ་འཕེན་མི་རུང་བ་ཁོ་ན་ལས་གཞན་གང་ཡང་མི་དྲན་པས“ང་ལ་ཕ་མ་མིང་སྲིང་སོགས་ཅི་ཡང་མེད། བྱིས་པ་བསམ་མེད་འགའ་ལས་ང་ལ་ཉེ་དུ་གཅིག་ཀྱང་མེད། མེད། དངོས་གནས་མེད……”ཅེས་གཤག་བཅོས་ཡི་གེའི་སྟེང་དུ་མིང་ཡིག་འགོད་རྐྱང་ཡིན་པར་རྟིང་གནོན་བྱས་ནས་བཤད་མཐར། ངའི་ཨུ་ཚུགས་ཀྱི་མིག་བརྡ་རྟ་རྡོའི་ཕྱོགས་ལ་བསྐོར།
“འདི་རུ་མནའ་བསྐྱལ་ནས་ཕན་ཐོགས་མེད”ཟེར་བཞིན་རྟ་རྡོས་སྨན་པར“མོ་རང་གིས་བཤད་པ་ཐམས་ཅད་བདེན་པ་རེད། རྗེས་སུ་སྨན་ཁང་ལ་རྙོག་དྲ་མི་བཟོ་བའི་ཡི་གེ་ལའང་མོས་མིང་རྟགས་བཀོད་ཆོག ངས་ཀྱང་བཀོད་ཆོག”ཟེར།
སྨན་པས་ཐེ་ཚོམ་ངང་བལྟས་ནས་འདུག་པས། རྟ་རྡོས་ང་ལ་ལབ་རོགས་མང་པོ་བྱས་ལ། ངས་ཀྱང་ཡང་དང་ཡང་དུ་ཞུ་བ་བྱས།
ངའི་ལུས་སྟེང་གི་སྡུག་བསྔལ་འཇོམས་བྱེད་ཀྱི་ཤ་གནད་གསོན་པོ་འགའ་དྲས་ནས་ཨ་དགེའི་བྱད་བཞིན་ལ་ལྷན་པ་བརྒྱབ། ངས་འཕར་རྩའི་ནང་གི་སྡུག་བསྔལ་མཐར་སྐྲོད་པར་རྔམ་མཆོང་བྱེད་པའི་ཟུངས་ཁྲག་དྲོན་མོ་ཨ་དགེའི་འཁུམས་པར་གྱུར་པའི་འཕར་རྩའི་ནང་ལ་ཐེངས་འགར་དྲངས། སྡུག་བསྔལ་གྱིས་མ་འཆུམས་པའི་ངའི་སྒལ་ཕྲེང་སྲོང་པོའི་ནང་གི་སྒལ་རྣག་འཇིབས་ཏེ་ཨ་དགེའི་མཁོ་སར་ཕངས་མེད་དུ་སྦྱིན་པ་ཡིན།
ཉི་མ་དེར། ཨ་དགེ་ཡིས་ཕ་གིའི་ཤི་གསོན་བྱེ་མའི་ལ་ཁ་ནས་ང་ལ་ལྟ། ངས་ཚུར་ཁའི་འཇིག་རྟེན་གསོན་ངོགས་སུ་མིག་ཆུ་ཤམ་ཤམ་ངང་ཨ་དགེ་ལ་བལྟས། ཨ་དགེའི་ཁ་ང་སར་འཁོར་བྱུང་། ངེད་གཉིས་ཀྱི་བར་ཐག་ཇེ་ཐུང་ནས་ཇེ་ཐུང་དུ་ཕྱིན་པ་ཚོར། ཁོ་ཕལ་ཆེར་ང་ཡོད་སར་ཐོན་ལ་ཉེ······