ཀྲུང་གོ་བོད་ཀྱི་དྲ་བ།

རྒན་ལགས། ངའི་ཕྱོགས་སུ་མ་བལྟ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཧོར་ཚང་བསྟན་འཛིན་ཕུན་ཚོགས།   སྤེལ་དུས། : 2025-07-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གཅིག

བསྟན་ཉིས་ཁ་དོག་དམར་ཁྲ་ཅན་གྱི་ཞ་སྨྱུག་ཅིག་མཛུབ་མོའི་བར་དུ་བཙིར་ནས་མདང་ནུབ་བྲིས་མ་ཚར་བའི་ལས་བྱ་འབྲི་བཞིན་པའི་སྒང་ལ། སློབ་ཐུན་འཚོགས་པའི་ཅོང་བརྡ་སིང་སིང་དུ་གྲག་པས་སློབ་གྲྭའི་གྲུ་ག་སོ་སོར་རྩེད་མོ་རྩེ་བཞིན་པའི་སློབ་ཕྲུག་ཚོ་མ་བགྲོས་གཅིག་མཐུན་ངང་རང་རང་གི་སློབ་ཁང་དུ་འཛུལ་ཞིང་འདུག་སྟེགས་སུ་འཇམ་ཅག་གེར་བསྡད། བསྟན་ཉིས་དེ་དག་ལ་སྣང་དོགས་ཅི་ཡང་མ་བྱས་པར་ཞ་སྨྱུག་གི་སྨྱུག་ཁ་ཇེ་མགྱོགས་སུ་བཏང་ནས་ལས་བྱ་བྲིས། སྨྱུག་ཁ་ཇེ་མགྱོགས་སུ་བཏང་བས་ཁོའི་ཞ་སྨྱུག་གི་རྩེ་མོ་ཆག་སོང་། སྨྱུག་སྒམ་ལས་གཞོག་གྲི་ཆུང་ཆུང་ཞིག་ཕྱིར་བཏོན་ནས་སྨྱུ་གུ་ལ་རྩེ་གཏོད་ཀྱིན་པའི་སྒང་ལ། དགེ་རྒན་ཉི་མ་དོན་གྲུབ་ཀྱིས་སློབ་ཁང་གི་སྒོ་ཧར་གྱིས་ཕྱེ་སྟེ་ནང་དུ་འཛུལ། སྒོ་ཕྱེ་བ་ལས་གྲག་པའི་ཙིར་སྒྲ་རྣ་ལ་གཟན་པ་དེ་བསྟན་ཉིའི་རྣ་ལམ་དུ་ལྷུང་བས་སྙིང་ཆུང་ལུ་གུ་ལྡིང་བ་ལྟར་བྱས། བསྟན་ཉིས་མགོ་ཅུང་ཙམ་ཡར་དགྱེ་སྟེ་དགེ་རྒན་གྱི་ཕྱོགས་སུ་མིག་ཟུར་གྱིས་ལྟ་ཙམ་བྱས། སྣའི་གཟེངས་མཐོ་ལ། སྐྲ་ལོ་ཕྲག་ལྟག་ཏུ་དཔྱངས་པའི་དགེ་རྒན་ཉི་མ་དོན་གྲུབ་ཀྱིས་དེ་རིང་ཡང་སྔར་བཞིན་སྟོད་ལྭ་ནག་པོ་ཞིག་གི་འོག་ཏུ་གླང་རྫིའི་དོར་མ་སྔོ་ནག་ཅིག་གྱོན་ནས་དལ་ལྷོད་ལྷོད་ངང་ཁྲིད་སྟེགས་སུ་འགྲེང་མ་ཐག་ཏུ་མཇུག་གྲལ་ནས“ཡར་ལོངས”ཞེས་པའི་གསལ་འདེབས་ཐེངས་ཤིག་གྲག་བྱུང་བ་དང་། སློབ་གྲོགས་ཚོ་དེ་མ་ཉིད་དུ་ཡར་ལངས་ཏེ་ལུས་པོ་མདུན་དུ་ཅུང་ཙམ་སྒུར་སྒུར་བྱས་ནས“དགེ་རྒན་བདེ་མོ”ཞེས་མགྲིན་གཅིག་ཏུ་བརྗོད་པར་བྱས།

དགེ་རྒན་ཉི་མ་དོན་གྲུབ་ཀྱིས་ལག་ཏུ་བཟུང་བའི་དཔེ་ཆ་དང་དབྱུག་པ་ཕྲ་མོ་དེ་ཁྲིད་ཅོག་སྟེང་ཏུ་བཞག་རྗེས་ལག་པ་གཡས་མས་སློབ་ཕྲུག་ཚོའི་ཕྱོགས་སུ་བསྲིངས་ཏེ་མར་བསྡད་ཆོག་པའི་ལག་བརྡ་བསྟན། སློབ་ཕྲུག་ཚོ་དགེ་རྒན་ཉི་མ་དོན་གྲུབ་ལ་ཤིན་ཏུ་ཞེད། དེ་ནི་ཁོའི་ལག་ཏུ་བཟུང་བའི་དབྱུག་པ་ཕྲ་མོ་དེས་ལན་པ་ཡིན་ཡང་སྲིད། སློབ་ཁང་འདིའི་ནང་དུ་ཁོའི་དབྱུག་པའི་བྲོ་བ་མྱངས་མ་མྱོང་བའི་སློབ་ཕྲུག་ཕལ་ཆེར་མེད། དབྱུག་པ་དེས་ལག་པར་གཞུས་ན་ལག་མཐིལ་དམར་པོ་དམར་ནག་ཏུ་གྱུར་འགྲོ་ཞིང་། ཚབས་ཆེ་དུས་དོར་མ་མར་བཤུས་ནས་འཕོངས་ཤའི་སྟེང་དུ་གཞུས་ཚེ་དབྱུག་པའི་རྗེས་ཤུལ་གསལ་པོ་རི་མོ་བྲིས་པ་བཞིན་ཕབ་ཡོང་།

དགེ་རྒན་གྱིས་སྒོ་སམ་ངོས་སུ“འབྲོག་ལས་ཡོ་བྱད་ཀྱི་སྐོར།”ཞེས་ཡིག་འབྲུ་ཆེ་ཙམ་ཞིག་བྲིས་རྗེས། “ཁྱེད་ཚོ་ནི་གངས་དཀར་ཨ་མའི་ནུ་ཞོ་ཡིས་གསོས་ཤིང་། སྦྲ་ནག་གྲུ་བཞིའི་རུམ་ཁོང་དུ་འཚར་ལོངས་འབྱུང་བཞིན་པའི་སྟག་ཤར་གཞོན་ནུ་དང་སྨན་ཤར་བུ་མོ་ཤ་སྟག་རེད། དེ་བས་ཁྱེད་ཚོས་འབྲོག་ལས་ཡོ་བྱད་ཀྱི་རྒྱུ་ཆ་དང་བྱེད་ནུས་བཅས་ཤེས་རྒྱུ་ཧ་ཅང་གལ་ཆེ། སློབ་ཕྲུག་ཚོ། ཁྱེད་ཚོས་འབྲོག་ལས་ཡོ་བྱད་གང་དག་ངོ་ཤེས་སམ”ཞེས་སློབ་ཁྲིད་ཀྱི་མགོ་བརྩམས་པའི་དྲི་བ་ཞིག་བཏོན་མ་ཐག འཇམ་ཅག་གེར་གནས་པའི་སློབ་ཁང་ཡོངས་སུ་འུར་ཟིང་གིས་ཁེངས་པར་གྱུར། དགེ་རྒན་གྱིས་དབྱུག་པ་ཡར་བླངས་ཏེ་ཁྲིད་ཅོག་སྟེང་དུ་ལན་འགའ་བརྡུངས་པས། སློབ་ཁང་ནང་སླར་ཡང་འཇམ་ཅག་གེར་གྱུར། དགེ་རྒན་གྱིས་སློབ་ཁང་གི་མགོ་མཇུག་བར་གསུམ་ལ་མིག་མྱུལ་ཡང་ཡང་བྱས་རྗེས།“སྐྱོར་དཔོན་ཟླ་བ། ཁྱོད་ཀྱིས་འབྲོག་ལས་ཡོ་བྱད་གང་དག་ཤེས་སམ”ཞེས་དྲིས།

“རྒན་ལགས། བཞོ་ཟེའུ། འུར་ཆ། སྦྲ་ནག འོ། ད་དུང་འབྲེང་བ……”ཞེས་མཛུབ་མོ་ནང་དུ་འགུག་ཞོར་ལན་བཏབ།

“སྐྱོར་དཔོན་གྱིས་ལན་ཡག་པོ་བཏབ་སོང་། མར་སྡོད།”དགེ་རྒན་གྱིས་སྐྱོར་དཔོན་གྱི་ཕྱོགས་སུ་ལག་པ་བསྲིངས་ནས་མར་བསྡད་ཆོག་པའི་ལག་བརྡ་ཞིག་བསྟན་རྗེས། ཁ་ཡར་འཁོར་ནས་འབྲོག་ལས་ཡོ་བྱད་ཀྱི་མིང་རྣམས་སྒོ་སམ་ངོས་སུ་རེ་རེ་བཞིན་དུ་འབྲི་མགོ་བརྩམས།

བསྟན་ཉིས་ཞ་སྨྱུག་གི་རྩེ་རྣོན་པོར་བཏང་ནས་ལས་བྱ་བྲིས། དགེ་རྒན་གྱིས་ཐ་སྙད་རེ་གཉིས་བྲིས་ཚར་རྗེས་ཁ་མར་འཁོར་ནས་སློབ་ཁང་གི་མགོ་མཇུག་བར་གསུམ་ལ་མིག་མྱུལ་ཐེངས་ཤིག་བྱས། སྐབས་དེར་བསྟན་ཉིས་ལས་བྱ་འབྲི་མཚམས་བཞག་ནས་མགོ་བོ་མར་དུད་ཅི་ཐུབ་བྱས།

དགེ་རྒན་གྱིས་ལག་གཡོན་པའི་ནང་དུ་སློབ་དེབ་བཟུང་ཞིང་། ལག་གཡས་པའི་ནང་ལ་ས་སྨྱུག་བཟུང་སྟེ་སྒོ་སམ་ངོས་སུ་འབྲོག་ལས་ཡོ་བྱད་ཀྱི་མིང་འབྲི་དུས། བསྟན་ཉིས་སླར་ཡང་མགྱོགས་མྱུར་གྱིས་ལས་བྱ་འབྲི་ཅི་ཐུབ་བྱས། དེ་ལྟར་ཡུད་ཙམ་འགོར་རྗེས། དགེ་རྒན་གྱིས་སློབ་དེབ་ངོས་སུ་ཡོད་པའི་འབྲོག་ལས་ཡོ་བྱད་ཀྱི་མིང་ཆ་ཚང་སྒོ་སམ་དུ་བྲིས་ཚར་བ་དང་།“སློབ་གྲོགས་ཚོ། མགོ་བོ་ཡར་དགྱེ་ནས་སྒོ་སམ་ངོས་སུ་ལྟོས། ངས་ཐེངས་ཤིག་བཀླགས་རྗེས། ཁྱེད་ཚོས་ངའི་རྗེས་འབྲངས་ནས་ཐེངས་གཉིས་ལ་ཐོན”ཞེས་ཐེངས་གསུམ་ལ་ཀློག་ཁྲིད་རྗེས། དགེ་རྒན་གྱིས་ཕྲག་སྒང་དུ་དཔྱངས་པའི་སྐྲ་ལོ་ལྟག་རྒྱབ་ཏུ་དེད་ཅིང་། གདོང་ལ་གཟབ་ནན་གྱི་ཉམས་ཤིག་བསྡུས་ཏེ“སྦྲ་ནག་ནི་ང་ཚོའི་མེས་པོ་ཚོའི་བློ་གྲོས་ལས་འཁྲུངས་པའི་ཤེས་རིག་གི་ཉིང་བཅུད་རེད། མི་ལོ་སྟོང་ཕྲག་མང་པོའི་རིང་ལ་ང་ཚོས་གངས་དང་རྫ་རིའི་འདབས་རོལ་དུ་སྦྲ་ནག་གྲུ་བཞི་ཕུབ་ནས་རྟ་ནོར་ལུག་གསུམ་རྩྭ་ཆུ་གང་བཟང་དུ་འཚོས་མྱོང་། སྦྲ་ནག་དང་འབྲོག་པའི་བར་ལ་བརྩེ་བ་ཟབ་མོ་ཞིག་ཆགས་ཡོད་པ་སྨོས་ཅི་དགོས། འོན་ཏེ་ད་ལྟ་ཕ་ཡུལ་གྱི་རྩྭ་ཐང་དུ་ལྕགས་སྒམ་དང་རས་གུར་གྱིས་ཁེངས་ཚར་བ་ལས། སྦྲ་ནག་ཕུབ་མཁན་ཕལ་ཆེར་མེད། དེའང་དུས་རབས་ཀྱི་འགྲོས་ཤིག་ཅི་ལ་མིན།”ཞེས་དུང་བ་ཤུགས་དྲག་པོས་སྦྲ་ནག་ཅེས་པའི་ཐ་སྙད་དེ་ལ་འགྲེལ་བཤད་བྱེད་དུས། སློབ་གྲོགས་ཕལ་ཆེ་བ་ནི་དགེ་རྒན་གྱི་མཆུ་ཏོ་དང་ཕྱག་རྒྱ་ལ་ཅེར་ནས་བསྡད་ཡོད་མོད། བསྟན་ཉིས་སྔར་བཞིན་དགེ་རྒན་གྱིས་ཁོའི་ཕྱོགས་སུ་བལྟས་ཡོད་མེད་ལ་ལྟ་ཞོར་དུ་མདང་ནུབ་བྲིས་མ་ཚར་བའི་ལས་བྱ་འབྲི་ཞོར་ཁ་སང་ཕྱི་དྲོ་ཁྱིམ་དུ་འབྱོར་མ་ཐག་ཁོས་ལས་བྱ་མ་བྲིས་པར《ཞི་ལ་དང་ཙི་ཙི》ཞེས་པའི་འགུལ་རིས་ལ་གཡེང་བར་སེམས་སུ་འཁང་ར་བྱས།

ཁ་སང་ཕྱི་དྲོར་བསྟན་ཉི་ཁྱིམ་དུ་འབྱོར་མ་ཐག དཔེ་ཁུག་ཉལ་ཁྲིའི་ཐོག་ཏུ་གཡུགས་ཤིང་ཨ་མས་གྲ་སྒྲིག་བྱས་པའི་དགོང་ཇ་འཐུང་ཞོར《ཞི་ལ་དང་ཙི་ཙི》ཞེས་པའི་འགུལ་རིས་ལ་གཡེང་ནས་བསྡད། ཨ་མས་བརྙན་འཕྲིན་ལྟ་མཚམས་བཞག་ནས་ལས་བྱ་བྲི་དགོས་པའི་སྐུལ་མ་ཡང་ཡང་བྱས་ཀྱང་། ཁོས་ཨ་མའི་སྐད་ཆ་སྣང་མེད་དུ་བསྐྱུར་ནས་སྔར་བཞིན་བརྙན་འཕྲིན་ལ་གཡེང་རྐྱང་བྱས། སྐབས་དེར་ཁོས་སེམས་སུ་དོ་ནུབ་ཨ་ཕ་ཁྱིམ་དུ་མེད་པས་བརྙན་འཕྲིན་ཡིད་ཚིམ་པ་ཞིག་བལྟ་དགོས། ནམ་རྒྱུན་ཨ་ཕ་ཁྱིམ་དུ་ཡོད་ཚེ་ཁྱིམ་དུ་སླེབས་མ་ཐག་ལས་བྱ་འབྲི་བ་ལས་བརྙན་འཕྲིན་ལ་ལྟ་བའི་གོ་སྐབས་ཙམ་ཡང་མི་འདུག་སྙམ། ཁོ་དེ་ལྟར་བློ་ཡིད་ཚིམ་པའི་སྒོ་ནས་བརྙན་འཕྲིན་ལ་གཡེང་བས། ཤར་ཕྱོགས་ཀྱི་རི་བོའི་སྤོ་ནས་ཀོ་གྲུ་དང་མཚུངས་པའི་ཟླ་བ་རིམ་གྱིས་ཡར་འཕགས་ཤིང་། སྐར་མ་ཐ་རེ་ཐོ་རེ་འགའ་གཡང་དཀར་ལུག་ཁྱུ་རྩྭ་ཐང་དུ་བཀྲམ་པ་ལྟར་མཁའ་དབྱིངས་སུ་འཚེར། བསྟན་ཉིས་དེ་དག་ལ་སྣང་དོགས་སྤུ་ཙམ་མ་བྱས་པར《ཞི་ལ་དང་ཙི་ཙི》ཞེས་པའི་འགུལ་རིས་ཀྱི་ལེ་ཚན་མཚམས་བཞག་ཀྱང་། ད་དུང་མུ་མཐུད་དུ་འགུལ་རིས་ཀྱི་ལེ་ཚན་གཞན་དག་ལ་གཡེང་ནས་ཡུན་རིང་བསྡད། ཁོས་དེ་ལྟར་བློ་གཅིག་སེམས་གཅིག་ངང་འགུལ་རིས་ཀྱི་ལྟད་མོ་ལ་གཡེང་ནས་ཡོད་དུས། གློ་བུར་དུ་བརྙན་འཕྲིན་གྱི་བརྙན་མིག་ནག་འཚུབ་བེར་གཟིམས་པས། “ཨ་མ་ལགས། གློག་བཅད་སོང་། གློག་བཅད་སོང”ཞེས་སྐད་ཅོར་བརྒྱབ།

ཐབ་ཚང་དུ་དགོང་ཟས་གཡོས་སྦྱོར་གནང་བའི་ཨ་མས་གློག་ཞུན་བཀར་ཞིང་། ཐབ་ཚང་ལས་ཇ་ཁང་དུ་ཡོང་སྟེ་སྣོད་ཁྲིའི་འཐེན་སྒམ་ནང་ནས་པྲ་སྒྲོན་དུམ་བུ་ཞིག་ཕྱིར་བླངས་ཤིང་། འབར་ཞུན་བཙལ་ཏེ་པྲ་སྒྲོན་སྦར་བས་ཇ་ཁང་ཆུང་ཆུང་གི་དངོས་པོ་ཡོད་ཚད་ཡུན་གྱིས་གསལ་ལམ་མེར་མངོན། ཨ་མས་འོད་ལམ་ལམ་དུ་འཚེར་བའི་པྲ་སྒྲོན་དུམ་བུ་དེ་ཅོག་ཙེའི་སྟེང་དུ་བཞག་རྗེས།

“ཁྱོད་ཀྱིས་ལས་བྱ་ཕྲིས་དང་། ཨ་མས་ཁ་ལག་ཕལ་ཆེར་བཟོས་ཚར་བ་ཡིན།”ཞེས་བཤད་རྗེས་སླར་ཡང་ཐབ་ཚང་དུ་ལོག

བསྟན་ཉིས་ལག་པ་ཆུང་ཆུང་གཉིས་འོད་ལམ་ལམ་དུ་འཚེར་བའི་སྒྲོན་མེའི་མདུན་དུ་ཁྱེར་ནས་བཟོ་ལྟ་སྣ་ཚོགས་སྟོན། གྱང་ལྡེབས་སུ་ཁོའི་ལག་པས་བསྟན་པའི་གྲིབ་གཟུགས་སྣ་ཚོགས་ཤར་ཡོང་། ཁོ་རང་རྩེད་མོ་དེ་ལ་ཡུད་ཙམ་གཡེང་རྗེས། ད་གཟོད་དཔེ་ཁུག་ལས་དཔེ་ཆ་དང་ལས་བྱ། ཞ་སྨྱུག་བཅས་ཕྱིར་བཏོན་ནས་ལས་བྱ་འབྲི་མགོ་བརྩམས་པ་དང་། པྲ་སྒྲོན་ལས་མཆེད་པའི་མེ་ལྕེ་འགུལ་ཙམ་འགུལ་ཙམ་བྱེད་ཅིང་། ཁོས་ཞ་སྨྱུག་གི་སྨྱུག་ཁ་འགུལ་ཙམ་འགུལ་ཙམ་གྱིས་ལས་བྱ་བྲིས། ལས་བྱ་འབྲི་བ་ལས་དཀའ་ལས་ཆེ་བ་ཞིག་ཅི་ཡོད། བྲིས་གཟུགས་ཡག་དགོས་ལ། འབྲི་དེབ་གཙང་མ་ཡིན་དགོས། དེས་མ་ཚད་ཡིག་ནོར་ཡང་འབྱུང་མི་ཆོག པྲ་སྒྲོན་ལས་མཆེད་པའི་མེ་ལྕེ་འགུལ་ཙམ་འགུལ་ཙམ་བྱེད། བསྟན་ཉིའི་མགོ་བོ་ལྡེམ་ཙམ་ལྡེམ་ཙམ་བྱེད།

གཉིས།

དགེ་རྒན་གྱིས་ཐ་སྙད་དེ་དག་རེ་རེ་བཞིན་འགྲེལ་བཤད་གནང་གིན་སློབ་གྲོགས་ཚོའི་ཕྱོགས་སུ་ཡང་ཡང་བལྟས། མིག་ཟུང་དང་མིག་ཟུང་འཕྲད་པའི་བར་ནས་བརྩེ་བའི་མེ་ཏོག་བཞད་སྲིད་ལ། འཇིགས་སྐྲག་གི་བ་སྤུའང་གཟེངས་སྲིད། དགེ་རྒན་གྱིས་བསྟན་ཉིའི་ཕྱོགས་སུ་ལྟ་ཐེངས་རེར་ཁོའི་སྙིང་ཆུང་ལུ་གུ་ལྡིང་ལྡིང་དང་། དཔྲལ་བར་རྔུལ་ཆུ་ཉིལ་ཉིལ།

མགོ་བོ་སྙེ་ལོ་དུད་དུད་ངང་དུ་བསྡད། ཡང་དགེ་རྒན་གྱིས་ཕྱོགས་གཞན་དུ་བལྟས་ནས་སློབ་ཁྲིད་བྱེད་དུས། ཁོས་ཅི་ནུས་སྒོས་སློབ་དེབ་ངོས་ནས་ལས་བྱ་བཤུ་འབྲི་བྱས། སྤྱིར་ལས་བྱ་དེ་འདྲ་མང་པོ་ཞིག་མེད་ཀྱང་། ཁོས་དགེ་རྒན་གྱི་ཕྱོགས་སུ་ལྐོག་ལྟ་ཡང་ཡང་བྱེད་དགོས་པས། ཁོའི་བྲིས་རྩལ་ལ་ཤུགས་རྐྱེན་ཐེབས་ཏེ་ལས་བྱ་ཉུང་ཉུང་དེ་ཡང་བཤུས་ཚར་བའི་དུས་མ་ཤར།

“བསྟན་ཉི། སྒོ་སམ་ངོས་ཀྱི་ཐ་སྙད་དག་ཚར་གཅིག་ཐོན་དང་།”དགེ་རྒན་གྱིས་ཁོའི་བྱ་སྤྱོད་མཐོང་བས་ཡིན་ནམ། ཡང་ན་རྒྱུན་ལྡན་ལྟར་ཀློག་ཁྲིད་ཚར་རྗེས། སློབ་གྲོགས་ཁ་ཤས་ལ་འདོན་ཏུ་འཇུག་སྲིད་པས། དེ་རིང་སྟབས་མ་ལེགས་པར་བསྟན་ཉི་ལ་ཁེལ་བ་ཅི་ཆ། བསྟན་ཉི་རྐུབ་སྟེགས་ལས་མགྱོགས་མྱུར་གྱིས་ཡར་ལངས་ཏེ་སྒོ་སམ་ངོས་ཀྱི་ཐ་སྙད་དག་རེ་རེ་བཞིན་ཀློག་དུས། བཞོ་ཟེའུ་ཞེས་པའི་ཐ་སྙད་དེ་ཀློག་སྐབས། འུ་སྒྲ་ཀློག་མ་ཤེས་པར་བཞོ་ཟེ་ཞེས་བཀླགས་པས། དགེ་རྒན་གྱིས་དེ་མ་ཐག་སྐད་གདངས་མཐོན་པོས་བཞོ་ཟེའུ། བཞོ་ཟེའུ་ཞེས་ཐེངས་གཉིས་བཀླགས་ཤིང་། གདོང་ལ་གཟབ་ནན་གྱི་ཉམས་ཤིག་བསྡུས་ཏེ“འུ་སྒྲ་ཟོས་ཚར་བ་ཡིན་ནམ།”ཞེས་སྡིགས་མོ་བྱས། བསྟན་ཉིས་དགེ་རྒན་གྱིས་ནོར་བཅོས་བྱས་པ་ལྟར་བཞོ་ཟེའུ་ཞེས་འུ་སྒྲ་ཐོན་པར་བྱས་ཤིང་། གཞུག་གི་ཐ་སྙད་དག་རེ་རེ་བཞིན་བཀླགས་པར་བྱས། དགེ་རྒན་གྱིས་མགོ་བོ་ནང་དུ་གུག་ཙམ་བྱས་ཏེ། བསྟན་ཉི་ལ་མར་བསྡད་ཆོག་པའི་བརྡ་སྟོན་ཞིང་། “བསོད་ནམས་མཚོ་མོ།”ཞེས་སློབ་གྲོགས་གཞན་ཞིག་བོས།

བསྟན་ཉི་མགྱོགས་མྱུར་གྱིས་རྐུབ་སྟེགས་སུ་བསྡད་དེ་ལྟིག་ལྟིག་ཏུ་ལྡིང་བའི་སྙིང་གར་རེག་ཙམ་བྱས་རྗེས། སློབ་གྲོགས་བསོད་ནམས་མཚོ་མོས་སྒོ་སམ་ངོས་ཀྱི་ཐ་སྙད་དག་ཀློག་པའི་སྐབས་དང་བསྟུན་ནས་སྔར་བཞིན་ལས་བྱ་བཤུ་འབྲི་བྱས། ཁོས་བློ་སེམས་ལྷོད་ལ་ཕབ་ནས་ལས་བྱ་འབྲི་བཞིན་ཡོད་དུས། དགེ་རྒན་གྱིས་དབྱུག་པ་ཕྲ་མོ་དེ་ལག་ཏུ་བཟུང་ཞིང་། ཁྲིད་སྟེགས་ལས་བབས་ཏེ་གོམ་ཞེང་ཆེན་པོས་བསོད་ནམས་མཚོ་མོའི་ཕྱོགས་སུ་ཡོང་། བསོད་ནམས་མཚོ་མོ་བསྟན་ཉིའི་རྒྱབ་ལོགས་སུ་ཡོད་པས། བསྟན་ཉིས་མགྱོགས་མྱུར་གྱིས་འབྲི་དེབ་ཀྱི་ཁ་བསུམས་ཏེ་ཙོག་པུར་བསྡད་ནས་སྒོ་སམ་ངོས་སུ་ཅེར་ཁུལ་བྱས། དགེ་རྒན་གྱིས་བསོད་ནམས་མཚོ་མོའི་ལག་མཐིལ་དུ་དབྱུག་པས་ཐེངས་ཤིག་གཞུས་རྗེས།“ངས་ཐེངས་དེ་འདྲ་མང་པོར་ཁྲིད་ཀྱང་། ད་དུང་ཀློག་མི་ཤེས་པ་ཅི་རེད”ཅེས་སྡིགས་མོ་བྱས་ཤིང་། བསོད་ནམས་མཚོ་མོའི་སློབ་དེབ་ཀྱི་ངོས་སུ་དབྱུག་པ་འཛུགས་ཀྱིན་སྐད་མདངས་མཐོན་པོས་ཐ་སྙད་དེ་དག་ཐེངས་ཤིག་ཁྲིད་རྗེས། ཁ་ཡར་འཁོར་ནས་གོམ་སྟབས་ཆེན་པོས་ཁྲིད་སྟེགས་སུ་བུད་དེ། གཟབ་ནན་གྱི་སྒོ་ནས“སློབ་གྲོགས་ཚོ། ཐ་སྙད་འདི་དག་གལ་ཆེན་པོ་རེད། ཀློག་ཤེས་དགོས་པས་མི་ཚད། ནང་དོན་ཡང་གོ་དགོས། ད་ལྟ་རང་རང་ས་ནས་ཡག་པོར་ཀློགས། ནང་དོན་མི་གོ་བ་འདུག་ན་དྲི་བ་དྲིས”ཞེས་བཤད་མ་ཐག ལྷིང་འཇགས་ཀྱི་སློབ་ཁང་ཆུང་ཆུང་ཡི་གེ་ཀློག་པའི་སྒྲ་གདངས་ཀྱིས་ཁྱབ།

སློབ་གྲོགས་ཚོས་རང་རང་ས་ན་ཡི་གེ་ཀློག་པའི་སྐབས་སུ། བསྟན་ཉིས་སླར་ཡང་དགེ་རྒན་གྱི་ཕྱོགས་སུ་ལྐོག་ལྟ་བྱེད་ཞོར་ལས་བྱ་བཤུ་འབྲི་བྱས། མིག་ཟུང་དང་མིག་ཟུང་འཕྲད་པའི་བར་ནས་བརྩེ་བའི་མེ་ཏོག་བཞད་སྲིད་ལ། འཇིགས་སྐྲག་གི་བ་སྤུའང་གཟེངས་སྲིད། བསྟན་ཉིས་ཡིག་འབྲུ་གཉིས་གསུམ་རེ་བཤུ་འབྲི་བྱས་ཚར་རྗེས། སླར་ཡང་དགེ་རྒན་གྱི་ཕྱོགས་སུ་ལྟ་སྐབས། ཁོང་གཉིས་ཀྱི་མིག་མདངས་མཉམ་དུ་འཕྲད་པས། བསྟན་ཉིའི་སེམས་ཁར་སུ་ཞིག་གིས་སེན་འབྲད་བརྒྱབ་པ་ལྟར། གཟེར་བྲེང་བྲེང་དང་། རྟབ་རྟབ་པོར་གྱུར་ནས་མིག་གི་ལྟ་ཕྱོགས་སྐད་ཅིག་སྐད་ཅིག་ཏུ་བསྒྱུར་ནའང་། སྙིང་ཆུང་ལུ་གུ་ལྡིང་ལྡིང་བྱས། ཁོས་དབུགས་རིང་ཞིག་ཕྱུང་ནས་སེམས་ཁམས་སྙོམ་སྒྲིག་ལེགས་པོ་ཞིག་བྱས་རྗེས། སླར་ཡང་དགེ་རྒན་གྱི་ཕྱོགས་སུ་ལྟ་ཙམ་བྱས་པས། དགེ་རྒན་གྱིས་སྔར་བཞིན་ཁོའི་ཕྱོགས་སུ་བལྟས་ཡོད་པའི་སྣང་བ་ཤར། དགེ་རྒན་གྱིས་ངས་ལས་བྱ་བཤུ་འབྲི་བྱེད་ཀྱིན་པ་མཐོང་ཚར་ངེས་རེད། དགེ་རྒན་གོམ་ཞེང་ཆེན་པོས་ངའི་ཕྱོགས་སུ་ཡོང་སྟེ་དབྱུག་པས་ཚ་ཐག་ཆོད་པ་ཞིག་གཞུས་ཡོང་ངེས། དེས་མི་ཚད་ཁྱིམ་བདག་འབོད་དུ་བཅུག་ནས་གཤེ་གཤེ་གཏོང་ངེས་རེད། བསྟན་ཉིས་དེ་དག་དྲན་དུས་དངངས་འཚུབ་ལངས་ཏེ་འདར་སིག་སིག་བྱས།

ཁོས་ལས་བྱ་འབྲི་དེབ་ཀྱི་ཁ་བསུམས་ཤིང་། སློབ་དེབ་ཕར་སློག་ཚུར་སློག་གིས་འབྲོག་ལས་ཡོ་བྱད་ཅེས་པའི་ངོས་སུ་ཐ་སྙད་རེ་གཉིས་བཀླགས་རྗེས། སླར་ཡང་དགེ་རྒན་གྱི་ཕྱོགས་སུ་ལྟ་ཙམ་བྱས་པ་ན། དགེ་རྒན་ཁ་ཡར་འཁོར་སྟེ་སྒོ་སམ་ངོས་སུ་གཡེང་ནས་བསྡད་འདུག་པ་མཐོང་བས། ཁོའི་སེམས་པ་གཞི་ནས་ལྷོད་ལ་བབས་ཏེ། སླར་ཡང་ལས་བྱ་བཤུ་འབྲི་བྱས། ད་ལྟ་ཐ་སྙད་གསུམ་ཐིག་ཕྲེང་གང་རེ་བཤུ་འབྲི་བྱས་ན་ལས་བྱ་བྲིས་ཚར་སོང་བ་ཡིན་པས། ཁོའི་སེམས་པ་སྔར་ལས་ཀྱང་ལྷོད་ལ་བབས་པར་གྱུར་ནས། ཕྱག་སོར་ཇེ་མགྱོགས་སུ་བཏང་ནས་ལས་བྱ་བྲིས། ཐ་སྙད་གཅིག་ཐིག་ཕྲེང་གང་རེ་བྲིས་ཚར་དུས། ཁོས་སླར་ཡང་དགེ་རྒན་གྱི་ཕྱོགས་སུ་བལྟས། དགེ་རྒན་གྱིས་ཀྱང་ཁོའི་ཕྱོགས་སུ་བལྟས་འདུག་པ་མཐོང་བས། མགོ་བོ་མར་དུད་ནས་དཔེ་ཆ་ཀློག་ཁུལ་བྱེད་དུས། དགེ་རྒན་ཁོའི་འགྲམ་དུ་སླེབས་འདུག ཁོས་མགོ་བོ་ཡར་དགྱེ་ཙམ་བྱས་ཏེ་གཉོམ་དུང་དུང་གི་མིག་ཟུང་གིས་དགེ་རྒན་གྱི་གདོང་ལ་ལྟ་ཙམ་བྱས། རེད་དེ། དགེ་རྒན་གྱིས་ཁོ་ལ་ཅི་ཡང་མི་ཟེར་བར་བསོད་ནམས་མཚོ་མོའི་འགྲམ་དུ་སོང་ཞིང་། ལུས་པོ་ནང་དུ་བསྒུར་ནས་བསོད་ནམས་མཚོ་མོ་ལ་ཐ་སྙད་ཀློག་ཏུ་བཅུག

བསྟན་ཉིས་མུ་མཐུད་དུ་ལས་བྱ་འབྲི་མ་སྤོབས་པར་སློབ་དེབ་ངོས་ནས་ཐ་སྙད་ཀློག་པར་བྱས། ཁོས་ཐ་སྙད་དག་རེ་རེ་བཞིན་ཀློག་བཞིན་ཡོད་དུས། སློབ་ཁྲིད་གྲོལ་བའི་ཅོང་བརྡ་སིང་སིང་དུ་གྲག་སོང་། བསྟན་ཉིས་སློབ་དེབ་ཀྱི་ཁ་བསུམས་ཏེ་མགོ་བོ་གཡས་རྒྱབ་ཏུ་འཁོར་ནས་དགེ་རྒན་གྱི་ཕྱོགས་སུ་བལྟས། དགེ་རྒན་གྱིས་བསོད་ནམས་མཚོ་མོ་ལ་ཀློག་ཁྲིད་ཚར་བས་ཅི་ཆ། གོམ་ཁའི་འདེགས་འཇོག་ཁྲིད་སྟེགས་སུ་བསྒྱུར་ཏེ“ཁ་སང་གི་ལས་བྱ་དེ་རིང་སྤྲོད་མི་དགོས། དེ་རིང་གི་ལས་བྱ་ནི་འབྲོག་ལས་ཡོ་བྱད་ཀྱི་སྐོར་དེ་ཐེངས་གཉིས་བཤུ་འབྲི་བྱས་རྗེས། སང་ཉིན་མཉམ་དུ་ཡར་སྤྲོད་ཤོག”ཅེས་བཤད་རྗེས། སློབ་ཁང་གི་སྒོ་ཧ་རེར་ཕྱེ་སྟེ་བུད་སོང་།

དགེ་རྒན་ཡ། དགེ་རྒན། ཁྱེད་ཀྱིས་སློབ་ཁྲིད་སྐབས་སུ་ང་ལ་དེ་འདྲའི་དོ་སྣང་མ་བྱས་ན་ཆོག་གམ། ངའི་ཕྱོགས་སུ་དེ་འདྲ་བལྟ་དགོས་དོན་ཅི་ཡོད། ཡང་ན་སྐད་ཆ་དེ་སྔ་ཙམ་གྱིས་བཤད་ན་མི་ཆོག་གམ། བསྟན་ཉིས་དབུགས་རིང་ཞིག་ཕྱུང་རྗེས། ཞི་ལ་ཞིག་གིས་ཙི་ཙི་མཐོང་བ་ལྟར། རྐུབ་སྟེགས་ལས་ཡར་ལངས་ཏེ་སློབ་ཁང་གི་ཕྱི་རུ་བརྒྱུགས་སོང་། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།