ཀྲུང་གོ་བོད་ཀྱི་དྲ་བ།

མིག་མདངས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : དུང་ཟིན་རྒྱལ།   སྤེལ་དུས། : 2025-06-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

(1)

གལ་ཏེ་སློབ་གསོའི་སྡེ་ཁག་ཅེས་པ་འདི་རྒྱ་མཚོ་ཞིག་ཡིན་ཚེ། མཚོ་འདིར་ཐོག་མར་རྐྱལ་དུས་ང་རང་ཐེ་ཚོམ་དང་སུན་སྣང་གིས་ཁེངས་ཡོད། མ་གཞི་ནས་ཉེན་ཁ་འདི་བརྒྱུད་པར་འཆར་གཞི་མེད་པའི་ཁར་ད་དུང་ཀོ་གྲུ་དང་གྲུ་ཁེམ་གྱི་གྲ་སྒྲིག་ཀྱང་མེད། ཐ་ན་མཚོ་འདིར་རྐྱལ་དགོས་པའི་ཀུན་སློང་དང་དམིགས་ཡུལ་ཡང་གསལ་བོ་མིན་པས། ངང་ཚུལ་འདི་ནི་གྲོགས་མ་མིག་མེད་ཅིག་བྱེ་ཐང་དུ་ཉུལ་བ་དང་མཚུངས།

“ཨ་ཁུ་དང་ཨ་ནེ་རྣམ་པ་བདེ་མོ"ལས་ཀར་ཞུགས་ནས་ཉིན་གསུམ་གྱི་རྗེས་སུ་ང་དང་ལས་གྲོགས་ཚོ་བྱིས་སྐྱོང་ཁང་དུ་འཛུལ་མ་ཐག སྙིང་ཉེ་བའི་ངོ་གདོང་སྐོར་ཞིག་གིས་མགྲིན་གཅིག་ཏུ་འཚམས་འདྲི་བྱས་བྱུང་།

མཐོང་རྒྱ་ཆེ་བའི་ལས་གྲོགས་ཚོས་ཅི་མི་སྙམ་པར་“གྲོགས་པོ་ཆུང་ཆུང་ཚོ་བདེ་མོ"ཞེས་ལག་བརྡ་ཙམ་གྱིས་འགྲོ་གྲབས་བྱས་མོད། ངས་ཁོ་ཚོར་ཅི་ཞིག་བཤད་འདོད་སྐྱེས་སོང་། ལ་ལས་རི་མོ་འབྲི་བ་དང་ལ་ལས་རྩེད་ཆས་བཀོལ་བ། ཡང་ལ་ལ་ཞིག་དམིགས་ཡུལ་མེད་པར་འཁོར་ནས་འདུག སྐབས་ཤིག་ལ་ཁོ་ཚོས་ངའི་ཧད་འདུག་པའི་བཟོ་ལྟ་དེར་མཉམ་འཇོག་བྱས་སོང་པ་འདྲ། རིམ་བཞིན་མིག་མདངས་མང་པོ་ཞིག་ངའི་སྟེང་ལ་རུབ་བྱུང་། ལ་ལས་ངའི་གོན་པར་བལྟས་བྱུང་། ལ་ལས་ངའི་ལག་གི་ཁ་པར་ལ་བལྟས་བྱུང་། ཐད་ཀར་ངའི་མིག་མདངས་ལ་གདོང་གཏོད་མཁན་དེ་དག་ལས་ངས་ཀྱང་ཁོ་ཚོས་མིག་མདངས་ཀྱི་གསེང་ལ་སྐུང་ཡོད་པའི་ཧ་ཅང་དྭངས་གཙང་གི་ཆུ་ཕྲན་ལྟ་བུའི་འོད་ཀྲིག་ཀྲིག་གི་དངོས་པོ་དེ་མཐོང་བྱུང་། ཆུ་ཕྲན་དེ་དྭངས་དྲགས་པས་གཞན་གྱིས་རྙོག་ཨེ་འགྲོ་བསམ་པའི་སེམས་ཁུར་ཞིག་དང་། ཆུ་ཕྲན་དེ་ཆུང་དྲགས་པས་ནམ་ཞིག་ལ་སྐམ་ཨེ་འགྲོ་སྙམ་པའི་འཚུབ་སྣང་ཞིག་ཀྱང་སྐྱེས་སོང་། བར་སྐབས་ཤིག་ལ། ངས་མིག་མདངས་ཤིག་ལ་རྒྱུ་མཚན་མེད་པར“མིང་ལ་ཅི་ཟེར"ཞེས་དྲིས་པ་ན།

“ཝང-"ཞེས་ཁོ་ཚོས་སྔར་བཞིན་རང་རང་གི་མིང་མགྲིན་གཅིག་ཏུ་བཤད་སོང་བས། ངས་སྐྱ་ཀའི་ཚང་ལ་རྡོ་ཡིས་བརྒྱབ་འདྲའི་འུར་སྒྲ་མ་གཏོགས་ཅི་ཡང་མ་གོ་བས་སྣང་ཚུལ་དེ་ལ་གམ་གྱི་འཛིན་བདག་དགེ་རྒན་དགོད་ཙམ་བྱས། དགའ་ནའང་མིག་མདངས་ལས་མངོན་ཞིང་སྐྱོ་ནའང་མིག་མདངས་ལས་རྟོགས་ཐུབ་པའི་བྱིས་པ་དེ་ཚོའི་དྲིན་ལས། ངའི་སེམས་ཀྱི་སུན་སྣང་ཐམས་ཅད་རྩ་བ་ནས་བཅོམ་སོང་། ལམ་སང་ཁོ་ཚོའི་ཆེད་དུ་ཅི་ཞིག་སྒྲུབ་འོས་ཤིང་ཡང་ཅི་ཞིག་སྒྲུབ་དགོས་པ་མི་ཤེས་པའི་ང་རང་། བྱིས་པ་ཚོར་རྒྱུས་མངའ་ཆེ་ཞིང་བྱིས་པ་ཚོ་དང་མཉམ་འགྲོ་མཉམ་འདུག་བྱེད་བཞིན་པའི་དགེ་རྒན་དེ་དག་ལ་སྨོན་པ་སྐྱེས་སོང་།

“མཁའ་འབུམ་ཐར།"

“ཡོད།"

“བཀྲ་ཤིས་ཚེ་བརྟན།"

“ཡོད།"

“ཚེ་དབང་སྒྲོལ་མ།"

“་་་"

ང་རང་དཔལ་དགེ་སློབ་ཆུང་གི་གྲྭ་སྒྲིག་འཛིན་གྲྭར་ཞུགས་དུས་ཀྱི་ཉིན་དང་པོར་འཛིན་བདག་དགེ་རྒན་གྱིས་གསར་ཞུགས་སློབ་མ་རྣམས་ལ་ཁ་གྲངས་གསལ་བོ་ཞིག་བླངས་རྗེས། སློབ་མ་རེ་རེས་མིང་ནས་བོས་ཙམ་གྱིས་གདོང་ལ་བལྟ་ཡག་ཅིག་བྱེད་བཞིན་འདུག སྐབས་དེར་ངའི་བཟོ་ལྟ་དེ་མཐོང་བས་ཕ་རྒན་གྱིས་“ལུག་རྫི་དགའ་ཞིག་ཡིན་མིན་གཙོ་བོ་ལུག་ལ་ངོ་རྟགས་(ངོས་འཛིན)གསལ་བོ་འཛིན་ཐུབ་མིན་དེ་ཡིན"ཟེར་བ་ཡིད་ལ་དྲན་བྱུང་། འོན་ཀྱང་འཛིན་བདག་དགེ་རྒན་གྱི་“ངོ་རྟགས"ལེན་སྟངས་དེ་ལུག་རྫི་དང་མི་འདྲ་བ་ཞིག་ཡོད་པ་ནི་ཁོས་ང་ཚོའི་གདོང་ལ་བལྟས་པས་མི་ཆོག་པར་མིག་མདངས་ལའང་བལྟ་བཞིན་འདུག ཕ་རྒན་གྱིས་ལུག་རྫི་བཟང་པོ་ཞེས་པའི་“ཚད་ཐིག"ནང་བཞིན། འཛིན་བདག་དགེ་རྒན་གྱིས་ཀྱང་གཟའ་འཁོར་གཅིག་གི་རྗེས་སུ་སློབ་མ་རེ་རེ་བཞིན་མིང་ནས་འབོད་བཞིན་པ་མ་ཟད། ཁོ་ལ་“ཡེ་ཤེས་ཀྱི་སྤྱན"ཡོད་པ་ནང་བཞིན་“ཁྱོས་དུ་བ་འཐེན་གྱིན་འདུག"“ ཁྱོས་སློབ་ཁྲིད་ལ་གཟབ་ནན་བྱེད་བཞིན་མི་འདུག"ལ་སོགས་རེ་རེ་བཞིན་ང་ཚོའི་མིག་ནང་ལ་བལྟས་ནས་ཤེས་ཡོད་ཟེར་བས། ང་ཚོས་ཀྱང་སྐྱོན་ཆ་ཕྲན་ཙམ་བཟོས་རྗེས་འཛིན་བདག་དགེ་རྒན་དང་གཞའ་ཅི་ཐབས་བྱས་པ་ཡིན། ད་ལྟ་ཕྱིར་འདང་རེ་བརྒྱབ་ན་འཛིན་བདག་དགེ་རྒན་གྱིས་ང་ཚོའི་གཡའ་དྭགས་པའི་མིག་མདངས་ལས་མ་རབས་པྲ་ཚག་གི་བྱ་སྤྱོད་མཐོང་མེད་མོད། བྱིས་པ་ཚོས་ཕ་མ་སྤུན་མཆེད་དྲན་པའི་གདུང་སེམས་དེ་ཕལ་ཆེར་མཐོང་ཡོད་ངེས།

ལོ་ངོ་དུ་མའི་རྗེས་ནས། ངས་སློབ་གསོའི་ལྟ་སྐུལ་ཞེས་པའི་ལྗིད་ཏིག་ཏིག་གི་འགན་འཁྲི་ཞིག་ཕྲག་ལ་ལེན་དུས། བྱིས་དུས་ནས་སེམས་ལ་བཏབ་པའི་ས་བོན་དེའང་གཞི་ནས་སྨིན་མགོ་བརྩམས། བཤད་ཚུལ་ཞིག་ལ་སློབ་གསོའི་ལྟ་སྐུལ་ནི་“སྟོན་འབྲས"ཀྱི་ལོ་ལེགས་ལ་རྩིས་བཤེར་བྱེད་པའི་“མིག་ཟུང"དེ་གཉིས་ཡིན་ཟེར་ལ། “མིག་ཟུང"དེ་གཉིས་ང་ལ་སྤྲད་པའི་ཉི་མ་དེ་ནས་བཟུང་། ངས་སྟོན་གྱི་ལོ་ལེགས་ཁོ་ནར་རྩིས་སྤྲོད་གཏོང་བ་ལས་“མིག་ཟུང"དེའི་གབ་ཏུ་སྦས་བའི་དྲོ་སྐྱིད་དང་སྐུལ་ལྕག་གི་སྟོབས་ཤུགས་གཞན་ཞིག་ལ་གཏད་ནས་འཚོལ་ཞིབ་དང་རྣོ་བསམ་བཏང་མ་མྱོང་། ཡང་སྐབས་ལན་རེར་རང་གི་རྣོ་བསམ་ལས་འགོང་བའི་འདྲི་རྟགས་རེ་རེ་དངོས་ཡོད་འཚོ་བའི་ཁྲོད་ནས་ལན་ཁ་གསལ་བོ་ཞིག་རྙེད་དུས་ཀྱང་ཡོད་དེ། དཔེར་ན་དྲུག་གཅིག་བྱིས་པའི་དུས་ཆེན་གྱི་སྐབས་ཤིག་ལ་ད་གཟོད་ང་རང་“མིག་ཟུང"དེའི་ངོས་གཞན་ཞིག་གི་འགན་འཁྲི་ལ་ངེས་འབྱུང་རབ་རིབ་ཅིག་སྐྱེས་མགོ་བྱུང་།

(2)

“ཡ། རྒྱུགས"སློབ་ཆུང་གི་རྩལ་སྦྱངས་ར་བ་ནས་“བོའུ"སྐད་ཅིག་སང་སེ་གྲགས་པ་དང་ལྷན་དུ་སློབ་མ་ཚོའི་མིག་མདངས་རྒྱུགས་ལམ་གྱི་མཇུག་སྣེ་ལ་གཏད་ནས་འགྱིག་གིས་བཟོས་པའི་རྒྱུགས་ལམ་སྟེང་ནས་བྱ་འཕུར་བ་ལྟར་མདུན་དུ་རྒྱུགས་སོང་བས། ངའི་ལྟ་སྐུལ་གྱི“མིག་ཟུང"དེས་སློབ་མ་ཚོས་མྱུར་ཚད་དང་དང་འགྲན་རྩོད་མཐོང་སོང་བ་མ་ཟད། མེ་ཏོག་བཞིན་བཞད་ཡོད་པའི་ལང་ཚོ་དང་གསོན་ཤུགས་ཀྱང་མཐོང་སོང་། རེད་ཡ། མ་གཞི་ལྟ་སྲུང་ཞེས་པའི“མིག་ཟུང”འདིའང་རྒྱུགས་རྩལ་ར་བའི་སྟེང་གི་“བོའུ"སྐད་དེ་དང་འདྲ་བར། དགེ་སློབ་ཡོངས་ལ་“མདུན་དུ་བསྐྱོད་ཅིག"ཅེས་དར་ཆ་བཞིན་དུ་སྐུལ་ལྕག་གནང་དགོས་པ་དང་འདྲ་ལ། ཡང་དགེ་སྐྱོན་ཅི་རིགས་རྒྱུ་འབྲས་དང་དྲང་བཞག་གིས་མཐོང་ཐུབ་པའི་“མིག་འབྲས"ལྟ་བུ་ཞིག་ཀྱང་ཡིན་དགོས་པར་སྙམ།

“ཨ་མ། ཅུང་ཙམ་གྱིས་ང་རང་རྐང་རྒྱུགས་ལ་ཞུགས་དགོས། བརྙན་ཞིག་ལེན་རྒྱུ་བརྗེད་མི་རུང"ལམ་སང་འགྲན་བསྡུར་ལ་ཞུགས་བཞིན་པའི་སློབ་མ་ཞིག་གིས་ཧ་ཅང་གདེང་ཚོད་ཡོད་པའི་སྒོ་ནས་འགྲན་བསྡུར་གྱི་སྔ་རྗེས་ལ་འཆར་འགོད་འཐེན་བཞིན་འདུག་ལ། ཁོའི་མིག་མདངས་ལ་བརྟག་ན“རྒྱལ་ཁ་ལེན་མཁན་ང་ཡིན"སྙམ་པའི་ང་རྒྱལ་ཞིག་ཀྱང་མངོན་ཆུང་གིས་འཛུམ་འདུག

“བཟང་པོ་ཞིག་ལ་མང་པོ་འཛོམས"ཞེས་བཤད་པ་ནང་བཞིན། སློབ་མ་ལ་ལ་ཞིག་ཞབས་བྲོ་འཁྲབ་སྟོན་དུ་གཟེངས་སུ་ཐོན་ཡོད་ལ། ལུས་རྩལ་ཁྲོད་དུའང་འབུར་དུ་ཐོན་འདུག ད་དུང་ཁོ་ཚོས་བཟང་སུ་ཐོན་པའི་གདེང་ཚོད་དེ་དག་གྲིམ་རིག་རིག་གི་མིག་མདངས་ལས་མངོན་འདུག གྲིམ་པོའམ་སྤྱང་གྲུང་ལྡན་པའི་སློབ་མ་དེ་ཚོའི་མིག་མདངས་སུ་བྱ་དངོས་གང་ཞིག་ལ་རྣམ་ཤེས་གཏད་ཡོད་མེད་དང་གང་ཞིག་ལ་འཚར་སྣང་ཆེ་མིན། ཁྲིད་བྱ་གང་ཞིག་ལ་དགའ་བ་ཡོད་མེད་སོགས་མིག་མདངས་ཀྱི་སྦུབས་སུ་ཉལ་བའི་སྒྲོན་མེ་ལྟ་བུའི་འོད་མདངས་དེ་ལས་གསལ་བོར་རྟོགས་འོངས།

ལོ་ངོ་བཅུ་ཕྲག་འགའི་སྔོན་དུ། ང་རང་ཡང་མདུན་གྱི་བྱིས་པ་འདི་ཚོ་དང་འདྲ་བར་ལྭ་བ་དཀར་པོ་དང་རྐང་སྣུམ་སྔོན་པོ། ལྷམ་དཀར་པོ་བཅས་གྱོན་པ་གཙང་མ་གྱོན་ཞིང་ས་བྱེ་འདྲེས་མའི་རྩལ་སྦྱངས་ར་བར་སྐྱ་ཕྱེ་གཏོར་ནས་ཐིགས་བཏབ་པའི་རྒྱུགས་ལམ་དུ་ཐེངས་དང་པོར་རྐང་རྒྱུགས་ལ་ཞུགས། དེ་དུས་ཀྱང་ཤན་འབྱེད་པའི་ལག་ཏུ“བོའུ”ཞིག་བཟུང་ཞིང་། “བོའུ”ཁ་གནམ་ལ་གཏད་ནས་འཕེན་གྲབས་ཀྱིས“བོའི་སྐད་མ་གྲགས་སྔོན་དུ་རྒྱུགས་མི་ཆོག"ཟེར་བཞིན་མ་མགལ་གནོན་རྩིས་བྱེད། ངས་ཧ་ཅང་ཡ་མཚར་བའི་མིག་གིས་“བོའུ"དེ་ལ་ཡང་ཡང་བལྟས་པས། ཤན་འབྱེད་པས་“བློ་རྩེ་གཅིག་སྒྲིམ་གྱིས་མདུན་དུ་བལྟས། བོའུ་ལ་བལྟ་རན་མི་འདུག"ཅེས་གཤེ་གཤེ་བཏང་བྱུང་བས། ངས་ཉི་མ་དེ་ནས་བཟུང་“བློ་རྩེ་གཅིག་སྒྲིམ"ཞེས་པ་ནི་མིག་གི་མདུན་ཐད་དུ་ལྷག་པའི་བླང་བྱ་མ་གཏོགས་ལོག་འགྲམ་གྱི་འབྲེལ་མེད་ཀྱི་དངོས་པོར་མིག་གཡེང་བྱེད་མི་རུང་བ་ཞིག་ལ་གོ་བ་བླངས།

ཡང་སྐབས་ཤིག་ལ་ངས་དགེ་རྒན་ཞིག་གིས་སློབ་ཁྲིད་ལ་ཉན་དུས། ཉོབ་མདངས་ཤར་བའི་སློབ་མ་སྐོར་ཞིག་གི་མདུན་ནས་བློ་འཁྱམས་ངང་བརྐོས་པའི་བསུབ་འགྱིག་སྐོར་ཞིག་མཐོང་བྱུང་། ལ་ལས་བསུབ་འགྱིག་སྟེང་དུ་སྨྱུ་གུས་བཙགས་ནས་མདེའུ་མང་པོ་ལུས་སྟེང་ལ་ཕོག་པའི་རྨས་དམག་ཅིག་དང་མཚུངས་པར་བྱས་ཡོད་ལ། ལ་ལས་བསུབ་འགྱིག་སྟེང་ལ་བུ་ག་བུ་ག་ཕུག་ནས་འཕང་ལོ་ཞིག་དང་འདྲ་བར་བྱས་ཡོད། ཡང་ལ་ལས་སོ་ཤད་བྱས་ནས་སྤྱང་ལྟོགས་ཁ་ཡི་ལུག་རོ་ཞིག་དང་འདྲ་བར་བཏང་བ་སོགས་ལས། ང་རང་ཐེངས་དང་པོར་རྐང་རྒྱུགས་ལ་ཞུགས་དུས་ཤན་འབྱེད་པས“བློ་རྩེ་གཅིག་སྒྲིམ་གྱིས་མདུན་དུ་ལྟོས། བོའུ་ལ་བལྟ་རན་མི་འདུག"ཅེས་པ་དེ་དུས་ད་ལྟའང་རྣ་ལམ་དུ་བྲག་ཅ་བཞིན་འཁོར་འོངས། དེ་དུས་ཤན་འབྱེད་པའི་ལག་གི་མཐོང་མ་མྱོང་བའི་“བོའུ"དེར་མཚར་སྣང་སྐྱེས་པ་ནང་བཞིན། བྱིས་པ་འདི་ཚོའང་ལྐོག་གྱུར་གྱི་དངོས་པོ་གང་ཞིག་གམ་སློབ་ཁྲིད་ཕྱི་རོལ་གྱི་“སྒྲ"གང་ཞིག་ལ་མཚར་སྣང་སྐྱེས་བཞིན་ཡོད་པ་ཡིན་ནམ།

(3)

སློབ་གསོ་ཞེས་པ་ནི་སྡོང་བོ་གཅིག་གིས་སྡོང་བོ་གཅིག་སྒུལ་ཞིང་སྤྲིན་པ་གཅིག་གིས་སྤྲིན་པ་གཅིག་འདེད་པ། ཡང་ན་རྣམ་ཤེས་གཅིག་གིས་རྣམ་ཤེས་གཞན་ཞིག་གཉིད་ལས་སློང་བ་དེ་ཡིན་ཟེར། རླབས་ཆེ་བའི་སློབ་གསོ་ཞེས་པའི་ཡིག་འབྲུ་ཆེན་པོ་དེ་གཉིས་ཀྱི་མདུན་དུ། ང་ནི་སྡོང་བོས་སྡོང་བོ་སྒུལ་བ་དང་སྤྲིན་པས་སྤྲིན་པ་འདེད་པར་ལྟ་བུའི་སྤྲོ་བའི་ལམ་འགྲོ་བ་ཞིག་ཡིན། “ཐད་ཀྱིས་བལྟས་ན་གླེན་པ་མཁས"ཞེས་པ་ལྟར། དགེ་སློབ་ཕན་ཚུན་བར་དུ་མིག་མདངས་དང་མིག་མདངས་འདྲེས་ཤིང་རྣམ་ཤེས་ཞིག་གིས་རྣམ་ཤེས་ཤིག་གཉིད་ལས་སློང་བཞིན་པའི་གོ་རིམ་ཁྲོད། ངའི་སེམས་སུ་སློབ་གསོ་ནི་ངང་རྒྱུད་རིང་ཞིང་བཟོད་བསྲན་ཆེ་བའི་སྒོམ་སྒྲུབ་ཀྱི་ལམ་བུ་ཞིག་ཀྱང་ལོས་ཡིན་སྙམ་སོང་།

“སློབ་གྲོགས་རྣམ་པ། དེ་རིང་ང་ཚོ་རྐང་ཐང་དུ་སྤྱི་ལེ་བཅུ་དྲུག་ལྷག་གི་མཚོ་སྔོན་པོ་ཁེ་རམ་ཐང་དུ་བསྐྱོད་དགོས། འདི་ནི་ཁྱོད་ཚོས་སྙིང་རུས་དང་ངང་རྒྱུད་ལ་ཚད་ལེན་དང་འགྲན་རྩོད་ཡོད་པའི་ལས་འགུལ་ཐེངས་ཤིག་ཀྱང་ཡིན..." རྫོང་སློབ་འབྲིང་གི་སློབ་གཙོ་དབྱངས་ཅན་དཀྲོལ་གྱིས་སློབ་རའི་རྩལ་སྦྱངས་ར་བའི་སྟེགས་བུའི་སྟེང་དུ་དམག་དཔོན་ཞིག་དང་འདྲ་བར་སྐད་གསེང་མཐོན་པོས་ཐེངས་འདིའི་རྐང་བགྲོད་ཀྱི་གལ་ཆེན་རང་བཞིན་དང་རྩ་བའི་བླང་བྱ་གླེང་དུས། སྟེགས་བུའི་མདུན་ཐད་ཀྱི་སློབ་མ་ཆིག་སྟོང་ལྷག་གིས་མགྲིན་གཅིག་ཏུ།“ང་ཚོར་ཡིད་ཆེས་ཡོད"ཅེས་གཡུལ་ལ་ཆས་བར་སྟ་གོན་བྱེད་པའི་དམག་དཔུང་གི་ངར་སྐད་ལྟ་བུ་ཞིག་རྫོང་སློབ་འབྲིང་གི་མཁའ་དབྱིངས་སུ་བཏང་།

ཉི་མ་དེ་ཧ་ཅང་ཕལ་བ་ཞིག་ཡིན། སློབ་འབྲིང་སློབ་མ་ཞིག་ལ་རྒྱུས་ལོན་བྱེད་པར་སྤྱོད་འོས་པའི་ཉི་མ་ཞིག་དེ་བས་ཀྱང་མིན། སྤྱིར་སྤྱི་ཚན་གྱི་དམིགས་བྱ་དང་འགུལ་སྤྱོད་ཀྱི་ངོ་བོ་གང་ཞིག་ཞིབ་ཕྲས་གླེང་དགོས་ཚེ། ཡང་བྱེ་བྲག་གིས་གྲུབ་པའི་འཚོ་བའི་གཞི་ལམ་རེ་རེ་ནས་མགོ་རྩོམ་དགོས་པ་ནི་སྨྲས་མེད་ཅིག་རེད། དཔེར་ན་ཉིན་དེའི་ཞོགས་པར། སློབ་མ་ཆིག་སྟོང་ལྷག་གིས་མགྲིན་གཅིག་ཏུ། ཁྱོན་སྡོམ་པའི་སྤྱི་ལེ་སུམ་ཅུའི་རིང་གི་རྐང་བགྲོད་ལ་ཆོད་སེམས་བརྟན་པོས“ང་ཚོར་ཡིད་ཆེས་ཡོད”ཅེས་སྒྲོག་དུས། འབྲུག་སྒྲ་ལྟ་བུའི་ངར་སྐད་དེས་སློབ་གཙོས་གསུང་བཤད་སྒྲིབ་སོང་ལ། རི་དྭགས་བཞིན་མཆོངས་ལ་བྲེལ་བའི་མིག་མདངས་དེ་རྒྱང་རིང་གི་མཚོ་མོའི་ངོགས་སུ་གཏད་སོང་བས། སོ་སོས་ཕལ་བར་སྒོམ་ཡོད་པའི་ཉི་མ་དེ་ནི་ང་ལ་མཚོན་ན་ཧ་ཅང་གླེང་རིན་ཡོད་པའི་བྱ་བ་ཞིག་རེད།

“དེ་རིང་གི་ལུས་རྩལ་སློབ་ཁྲིད་རྐང་རྒྱུགས་ཡིན། ཐད་ཀར་མདུན་གྱི་རི་རྩེ་ཡི་ལབ་ཙེར་བསྐོར་བ་གཅིག་བྱས་རྗེས་ཕྱིར་ཐོན་དགོས"དམའ་འབྲིང་ལོ་རིམ་དང་པོའི་སྐབས་སུ། རྒན་ཟླ་བ་ལགས་ཀྱིས་ང་ཚོར་རྐང་རྒྱུགས་ཀྱི“ལས་བྱ"ལྕི་མོ་ཞིག་བཀོད་སྒྲིག་བྱེད་དུས། འཛིན་གྲྭ་གང་བོས་“ཨ-"ཞེས་ཞེད་སྣང་གི་མིག་མདངས་མང་པོ་ཞིག་ཕྱོགས་གཅིག་ཏུ་དགེ་རྒན་ཟླ་བའི་སྟེང་ལ་རུབ།

དགེ་རྒན་གྱིས་བསྟན་པའི་རྒྱུགས་ལམ་དེ་ནི་སློབ་གྲྭའི་སྒོ་ཁ་ནས་ཤར་ཕྱོགས་སུ་སྤྱི་ལེ་གསུམ་ཙམ་ལ་རྒྱུགས་དགོས་ཤིང་དེ་ནས་ལབ་ཙེ་བསྟད་ཡོད་པའི་རི་ཆུང་ཞིག་ལ་འགོས་རྗེས་སྔར་བཞིན་སློབ་གྲྭའི་སྒོ་ཁར་ཕྱིར་རྒྱུགས་འོངས་དགོས་པས། སློབ་གྲོགས་ཚོས་ཁ་ནས་“ཨ"ཞེས་ཤོར་བའང་ཁག་མེད་དེ། ང་ཚོ་སློབ་གྲྭའི་ཕྱི་རོལ་ནས་ལམ་ཐག་དེ་འདྲའི་རིང་བོ་ཞིག་ལ་རྒྱང་རྒྱུགས་བྱས་པ་ཐེངས་དང་པོ་ཡིན།

“མགྱོགས་ཚད་རང་གིས་ཚོད་འཛིན་བྱོས། ཡ རྒྱུགས" སོས་ཀའི་ཞིང་ཚིགས་ཀྱི་རྣང་མའི་བར་ནས་ང་ཚོས་རང་གི་མགྱོགས་ཚད་ལ་ཚོད་འཛིན་ཡོད་པའི་སྒོ་ནས་མདུན་དུ་གཤར། ཉིན་དེར། ས་བབ་རྨིད་སུམ་སྟོང་ལྷག་གི་མཐོ་སྒང་གི་སྒལ་གཞུང་དེ་རུ་ང་ཚོ་རིམ་བཞིན་དབུགས་འཚུབ་མགོ་བརྩམས་ཤིང་སྔ་གཞུག་རྩོད་ལེན་བྱེད་པའི་ཆོད་སེམས་ལའང་གཡོ་འགུལ་བྱུང་།

“ཀི སྔོན་མ་དག་ཅུང་ཙམ་དལ་མོ་བྱོས་དང་། གཞུག་མ་རྣམས་ཀྱིས་རྗེས་ཆོད་ཀྱི་མི་འདུག" ངས་སྐད་གསེང་མཐོན་པོས་དེ་ལྟར་བཤད་པའི་རྒྱུ་མཚན་ནི་འཛིན་གྲྭའི་མཐུན་སྒྲིལ་ལ་བསམ་གཞིག་དང་རང་ཉིད་སྐྱོར་དཔོན་ཞིག་ཡིན་པའི་ཆ་ནས་ཅིས་ཀྱང་དེ་ལྟར་བཀོད་འདོམས་བྱེད་འོས་སྙམ།

“བདེན་ཀི ང་ཚོས་ལག་རྡང་སྦྲེལ་ནས་རྒྱུགས" ངས་བཀོད་འདོམས་ལ་ནམ་ཡང་རྒྱབ་སྐྱོར་ཡོད་པའི་སློབ་གྲོགས་དཔལ་ལྡན་གྱིས་ཉིན་དེའི་རྐང་རྒྱུགས་འགྲན་སྡུར་ལ་དོན་སྙིང་གསར་བ་ཞིག་བསྣན་སོང་ལ། ང་ཚོའི་རྒྱུན་ལྡན་ལྟར་ཕན་ཚུན་ལ་བལྟ་བའི་མིག་མདངས་དེའི་གསེབ་ལ་མཛའ་བརྩེ་དང་བཀའ་བཟོ་ཡི་དྲོད་ཁོལ་གཞན་ཞིག་རང་བཞིན་གྱིས་འཁྱིལ་བྱུང་བས། ཉིན་དེའི་རྐང་རྒྱུགས་ལ་དགེ་རྒན་ལགས་ཀྱིས་ཀྱང་མི་འགྲིག་མི་ཆོག་གི་སྐད་ཆ་གཅིག་ཀྱང་བཤད་མ་སོང་།

རྫོང་སློབ་འབྲིང་གི་དགེ་སློབ་ཆིག་སྟོང་ལྷག་མཚོ་སྔོན་པོའི་འགྲམ་ངོགས་སུ་གཤར་བ་ནི་སྦྲུལ་ཆེན་སྤང་ནས་ནུར་བ་དང་འདྲ་བར། སྔ་གཞུག་མིག་གིས་མཇལ་དཀའ་བ་ཞིག་ཏུ་སྣང་ལ། ཁོ་ཚོས་དགོད་སྒྲ་དང་གླུ་སྐད་ཀྱིས་ཁོར་ཡུག་ཡོངས་ཀྱི་ལྷིང་འཇགས་དཀྲོགས། ང་ཚོའང་གྲལ་ཤར་སྔ་བ་དང་འགྲོགས་ནས་སྐར་ཆ་རེ་རེར་གོམ་པས་འདེགས་འཇོག་བསྒྱུར་ནས་ལེ་དབར་བཅུ་ལྷག་ལ་སོང་རྗེས། སློབ་མ་ཚོ་སྨྲ་བ་ཇེ་ཉུང་དུ་སོང་ཞིང་བར་ཐག་ཇེ་ཆེར་གྱུར། ཁ་ཤས་ཀྱིས་མགོ་བོ་སྒུར་ནས་མིག་མདངས་ངལ་དུབ་ཀྱིས་བཀབ་འདུག་ལ། ཐ་ན“ང་ཚོར་ཡིད་ཆེས་ཡོད"ཅེས་པའི་ཆོད་སེམས་དེའང་རིམ་བཞིན་གཡོ་འགུལ་ཐེབས་བཞིན་པའི་རྣམ་འགྱུར་ཞིག་མངོན་བྱུང་།

སློབ་གཙོ་དབྱངས་ཅན་དཀྲོལ་གྱིས་“བྱིས་པ་ཚོ། ཤུ་རེ་བྱོས་དང་མདུན་ཕྱོགས་ནི་མཚོ་སྔོན་པོ་རེད། མཚོ་ཁར་ཐོན་རྗེས་སོ་སོས་དེ་རིང་གི་མཐོང་ཚོར་ལ་རྩོམ་ཡིག་རེ་ཕྲིས"ཞེས་སློབ་མ་རྣམས་ལ་སེམས་ཀྱི་རི་མོ་གཟུགས་སུ་འབེབས་པའི་གོ་སྐབས་ཤིག་བསྩལ།

“རྒད་པོ་མགོ་དཀར་ཞིག་གིས་ང་ཚོ་མིག་གིས་འཚོ་བཞིན། སེམས་ལ་ཉར་བཞིན། ཨེ་ཐུབ་ཨེ་དཀའ་འདྲི་བཞིན་སྤྱི་ལེ་སུམ་ཅུར་བསྐྱོད..."

“གལ་ཏེ་ང་ཚོ་ནི་སྤྲིན་པ་ཞིག་ཡིན་ཚེ། སྤྲིན་པའི་རྫི་བོ་ནི་དགེ་རྒན་རྣམས་ཡིན། ཁོ་ཚོས་སྤྱན་ཟུང་གི་མཐུ་འོག་ནས་ད་གཟོད་ང་ཚོར་མདུན་བསྐྱོད་ཀྱི་སྙིང་རུས་བསྐྱེད་་་"

ཉིན་དེའི་ཕྱི་ཉིན་སློབ་གཙོ་དབྱངས་ཅན་དཀྲོལ་གྱིས་ང་ལ་རྐང་བགྲོད་ལམ་གྱི་སློབ་མ་ཚོའི་སྙིང་རུས་དང་རྩོམ་ཡིག་རེ་རེའི་བརྗོད་སྙིང་གླེང་དུས། ངས་ཁོའི་མིག་ཀོང་ནས་སེམས་འགུལ་གྱི་མིག་ཆུ་ཞིག་འཛུམ་འོངས་བཞིན་པ་མཐོང་བྱུང་། ཧ་ཅང་ཡིད་ཚིམ་པའི་མིག་ཆུ་དེ་ལས། ངས་སློབ་གསོ་ཞེས་པ་ནི་སློབ་ཁྲིད་དང་སློབ་སྦྱོང་གི་ཕྱོགས་གཅིག་ཁོ་ན་ཙམ་མིན་པར། མིག་གིས་མཐོང་ཐུབ་ཅིང་སེམས་ཀྱིས་ཚོར་ཐུབ་པའི་དགེ་སློབ་བར་གྱི་ལབ་གླེང་ཞིག་དང་། ཚེ་སྲོག་ཤིག་གིས་ཚེ་སྲོག་ཤིག་ལ་ཤུགས་རྐྱེན་ཐེབས་བཞིན་པའི་ལམ་ཐག་རིང་པོ་ཞིག་ཀྱང་རེད་ཨང་སྙམ་སོང་། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།