ཀྲུང་གོ་བོད་ཀྱི་དྲ་བ།

ཁངས་ཐན།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : བཙན།   སྤེལ་དུས། : 2025-06-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཐོ་རེངས་ཀྱི་དུས་སུ་པདྨ་མལ་ལས་ལངས་དུས་ཕྱི་རོལ་དུ་ཁ་བ་འབབ་ཀྱིན་འདུག སྒོ་ཡོལ་ཕྱེ་ནས་སྒོར་བུད་མ་ཐག་ཁ་བའི་འདབ་མ་ཆུང་ངུ་འགའ་མོའི་སྐེ་ལྟག་ཏུ་འཐོར་སོང་། གྲང་ཤུར་ཤུར་གྱིས་འཐོར་སོང་། དེ་དང་ལྷན་དུ་མོར་ཁ་བ་སྐེ་ལྟག་ཏུ་ལྷུང་བའི་སྐད་སྒྲ་ཆུང་ངུ་ཞིག་ཀྱང་གྲག་སོང་བའི་སྣང་བ་སྐྱེས། འོན་ཀྱང་མོས་དེ་དག་ལ་སྣང་འཇོག་ཆེར་མི་བྱེད་དེ། དེ་དག་ནི་སྣང་ངོར་ཤར་ཙམ་གྱིས་ཡལ་འགྲོ་བས་མུ་མཐུད་དུ་སྣང་བ་ཡིན་ནམ་མངོན་སུམ་ཡིན་པ་ལ་རྒྱུ་མ་ཕུ་འདེད་ཀྱིས་བསམ་བློ་ཅི་ཡང་མི་གཏོང་། མོས་མདང་དགོང་སུ་རུ་ཁ་བས་མནན་ཏེ་བརླན་ཨེ་ཡོད་སྙམ་ཞིང་། དེར་མཐུད་ནས་མདང་དགོང་ཐབ་སྐམ་འཇོག་རྒྱུ་བརྗེད་སོང་བར་རང་གིས་རང་ལ་འཁང་སེམས་ཤིག་སྐྱེས། དེ་དག་ཀྱང་སྐད་ཅིག་སྐད་ཅིག་གིས་དྲན་ཚར་ལ་བརྗེད་ཀྱང་ཚར་འགྲོ་བའི་དོན་དག་ཁོ་ན་རེད། མོས་རྡོ་རྩིག་ཐབས་ཆག་ཅིག་གི་སྟེང་དུ་ཆུ་ཤོག་ཁ་མདོག་མང་པོ་དང་ཉ་བྲུག་དུམ་བུ་མང་པོས་ཀླད་ཁེབས་བྱས་པའི་ཨོང་ཁང་ཆུང་ཆུང་དེའི་ནང་དུ་རོ་སྟོད་བསྲིངས་ནས་སུ་རུ་སྤར་མོ་གང་ཁྱེར་ནས་ཁ་བའི་ཁྲོད་གོམ་པ་ཧྲིག་གེར་ཧྲིག་གེར་ལེན་བཞིན་ཕྱིར་ཁྱིམ་དུ་སོང་།

མོའི་ཁྱོ་ག་དང་བྱིས་པ་ཚོ་མལ་ཐུལ་གྱི་འོག་ཏུ་དྲོད་སྐྱིད་ཀྱི་གཉིད་དུ་ཡུར་འདུག མོ་རང་ད་ཅི་སྒོ་ཕྱི་ནས་ཅུང་ཙམ་གྲང་བས་ཡིན་ནམ། དེ་དག་མཐོང་བའི་མོད་ལ་སྐྱིད་ཉམས་ཤིག་ཚོར་ཞིང་། རང་ཉིད་ཀྱང་ཁོ་ཚོ་ལྟར་ཅུང་ཙམ་ཉལ་ནས་བསྡད་ཆོག་ན་སྐྱིད་ཨང་སྙམ་པའི་འཆར་སྒོ་གློ་བུར་བ་ཞིག་སྐྱེས། ཐབ་ཀྱི་ཐལ་བ་བྲུས་ཚར་རྗེས་ཐལ་གཞོང་མར་འཐེན་ནས་ཐལ་བ་འཕོ་རུ་སོང་། བང་ཁང་གི་སྒོ་ཡོལ་ཕྱེ་ཐེངས་རེར་གྲང་རླུང་ཞིག་བྲེལ་འཚུབ་ཀྱིས་ཁྱིམ་དུ་དྲངས་ཡོང་ལ་དེ་དང་མཉམ་དུ་འོད་སྣང་ཞིག་ཀྱང་ཁྱིམ་དུ་ཡོང་ཙམ་ཡོང་ཙམ་བྱེད། ཁང་པའི་ཕྱི་རུ་བུད་པ་ཙམ་གྱིས་གྲང་ཤུར་རེར་འགྲོ་ལ་རླུང་ཆུང་ངུ་ཞིག་གིས་ཐལ་གཞོང་ནང་གི་ཐལ་བ་སྤུར་ཙམ་སྤུར་ཙམ་བྱེད་པས། མོར་ཐལ་འཚུབ་རང་གི་སྟེང་དུ་སྤུར་ཨེ་ཡོང་སྙམ་པའི་སྣང་ལ་མ་ངེས་པའི་སེམས་ཁྲལ་ཞིག་ཀྱང་སྐྱེས། ཐལ་ཕུང་གི་རྩར་སླེབས་མ་ཐག་མོས་ཐལ་གཞོང་སྒོར་བ་ན་ཐལ་འཚུབ་གློ་བུར་བ་ཞིག་ལངས་ནས་མོ་ཡང་སྒྲིབ་ལ་ཁད་ཅིག་བྱས། ཕྱིར་སྒོ་རྩར་སླེབས་དུས་མོས་རྡོག་པ་ལན་འགར་སྤྲུགས་རྗེས་ཐད་ཀར་ཁྱིམ་དུ་འཛུལ། བྱིས་པ་དང་ཁྱོ་ག་ད་དུང་གཉིད་འདུག མོ་ལ་གློ་བུར་གློ་བུར་དུ་ཁེར་རྐྱང་གི་སྣང་བ་ཕྲ་མོ་ཞིག་སྐྱེས་ཀྱང་། མོས་དེ་ལ་སྣང་འཇོག་མི་བྱེད་པར་མུ་མཐུད་དུ་ཐབ་རྩར་སོང་ནས་འབར་ཞུན་བསྒྲོན་ནས་སུ་རུར་མེ་བསྒོས།

ཐབ་ཁུང་ནས་དུ་བ་སྔོ་ལྷོག་ལྷོག་ཏུ་ཐོན་བྱུང་། མོས་ཇ་དེམ་ཁ་ཕྱེ་ཞིང་ཟངས་སྐྱོགས་ཀྱིས་ཆུ་ཟོམ་ནས་ཆུ་བཅུས་ཏེ་ཆུ་རྫའི་ནང་དུ་ལན་འགའ་བསྣན་པ་ན་ཆུ་རྫ་ཁ་གང་སོང་། ཇ་དེམ་ཕྱི་རུ་ས་རྡུལ་དང་མཉམ་དུ་ཆུ་ཐིགས་རྡོག་པོ་འགའ་ཡང་འདུག་ལ། ཆུ་ཐིགས་རྡོག་པོ་དེ་དག་ས་རྡུལ་དང་མཉམ་དུ་མར་གྲིལ་ནས་ཐབ་ཐོག་ཏུ་ལྷུང་བ་ན། མེ་དམར་འུར་འུར་འབར་བའི་ཐབ་ཀའི་ཐོག་ཏུ་ཆུ་ཐིགས་དེ་དག་གིས་ཙག་སྒྲ་དང་ཐག་སྒྲ་སྣ་ཚོགས་སྒྲོག་གིན་རླངས་པར་གྱུར་སོང་། སྐབས་དེར་མོའི་ཁྱོ་ག་སད་ནས་མལ་སའི་ནང་དུ་འཕག་ཙམ་བྱས་ཏེ་ཡོད་པར་བརྡ་ལ་གློ་ལུད་ཆུང་ངུ་ཞིག་བཏང་།

ཁ་བ་བསྟུད་མར་ཉིན་གསུམ་ལ་བབས་བྱུང་། སྡེ་མི་ཚོས“ད་ཐེངས་ཁངས་ཐན་ཡོང་བ་འདྲ”ཞེས་ལབ་གླེང་བྱེད་ཀྱིན་འདུག

བསམ་ལྷུན་ནི་མི་རྒྱུད་དྲང་ཞིག་ཡིན་ཡང་། “ཁོས་རྫུན་ཅུང་ཙམ་བཤད་པ་རེད”ཅེས་སྡེ་མི་ཚང་མས་གླེང་བཞིན་ཡོད། ཡིན་ན་ཡང་ཁོས་དོན་དེ་གཏན་ནས་ཁས་མི་ལེན། ནམ་རྒྱུན་མགྲོན་པོ་ཡོང་ཐེངས་རེར་རང་གིས་རྫུན་མི་བཤད་པའི་སྐོར་གྱི་སྐད་ཆ་རེ་མི་ཐོན་དུས་མེད། གང་ལྟར་ཁོ་ནི་རང་རྐྱ་ཐུབ་པར་བསམ་བློ་གཏོང་ཤེས་མཁན་ཞིག་མིན་ཏེ། སྡེ་མི་ཚོ་དང་ལྷག་པར་སྡེ་བའི་ནང་གི་རྒན་པ་ཚོས་ཅི་ཞིག་བཤད་ན་དེ་བཤད་མཁན་ཞིག་ཡིན། ད་ཐེངས་ཡང་ཁོས་མགྲོན་པོ་ཡོང་ཐེངས་རེར“ད་ཐེངས་ཁངས་ཆེན་ཞིག་ལྷུང་བ་འདྲ”ཞེས་བཤད་ཀྱིན་ཡོད་དེ། དེ་ཡང་དོན་དངོས་སུ་ཁོའི་ཨ་ཁུ་ཁེས་རྡོ་སོགས་ཀྱིས་བཤད་ཀྱིན་པ་དེར་ཁོས་རྗེས་ཟློས་ཤིག་བྱས་པ་ཙམ་རེད། འོན་ཀྱང་ཁོས་ཅི་ཞིག་བཤད་ཀྱང་དེ་ནི་སྡེ་མི་ཚོར་མཚོན་ན་སྐད་ཆ་ལྷག་མ་ཞིག་ཡིན་ཏེ། ཁོ་རང་སྡེ་བའི་སྡེ་དཔོན་ཡིན་ན་ཡང་། ཧྲིའུ་ཅི་རྒན་གཞོན་སོགས་དང་སྡེ་མི་ཚོས་ཁོའི་སྐད་ཆར་གདེང་འཇོག་དང་དོ་སྣང་ཅི་ཡང་མི་བྱེད། ཧྲུའུ་ཅི་སོགས་ཁོའི་ཕ་རྒན་ལ་སྐྲག་པས་ཁོ་ལ་མཐོང་ཆེན་བྱེད་པའི་རྣམ་པ་རེ་སྟོན་པ་ལས་དོན་དངོས་སུ་ཁོ་ལ་རྩིས་མཐོང་བྱེད་མཁན་ཞིག་མེད། དེ་ནི་ཁོ་རང་ངོ་མ་ནུས་མེད་ཅིག་དང་སྐད་ཆ་གནས་ལུགས་ཅན་ཅི་ཡང་བཤད་མི་ཤེས་མཁན་ཞིག་ཡིན་པས་ཀྱང་མིན་པ་འདྲ་སྟེ། སྡེ་བའི་ཀྲུའུ་རེན་གཞོན་པ་དབང་གྲགས་ཀྱང་ཁོ་དང་ཁྱད་ཆེར་མེད་ལ། ལྷག་ཏུ་ཁོ་གཉིས་ནི་ཕ་སྤུན་ཡིན།

ཡིན་ན་ཡང་དབང་གྲགས་ཀྱི་ཨ་ཞང་ནི་ཡུལ་ཚོ་གཅིག་གི་ཁ་ལྕེ་ཅན་གཅིག་པོ་ཡིན་ཞེས་བཤད་ཀྱང་ཐལ་མི་ཆེ་ལ། རྫོང་ཁྲིམས་འཛིན་ཅུས་ཀྱི་ལས་བྱེད་ཡིན་པར་མ་ཟད་བླ་རྒྱ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡང་ཡིན། དེའི་ཕྱིར་སྡེ་བའི་ནང་གི་མི་ཚང་མས་དབང་གྲགས་སྡེ་བའི་ཀྲུའུ་རེན་རྒན་གཞོན་ནམ་ཧྲུའུ་ཅི་གཞོན་པ(སྡེ་བའི་ནང་འདི་དག་མི་ཤེས་མཁན་ཡོད་ལ། དེ་དག་གི་མཐོ་དམའ་མི་ཤེས་མཁན་ནི་དེ་བས་ཀྱང་མང་།)བཅས་ལས་གང་རུང་ཞིག་གི་འགན་ཁུར་བ་ནི་ཧ་ཅང་ལུགས་མཐུན་ཞིག་ཡིན་པར་བསམ་ཡོད་ལ། སྡེ་མི་འདི་ཚོས་དབང་གྲགས་ཀྱིས་ཅི་ཞིག་བཤད་ན་ཡང་བསམ་ལྷུན་གྱིས་བཤད་པ་ལྟར་འཕྱ་དགོད་མི་བྱེད།

གང་ལྟར་། ཉིན་འགའི་སྔོན་དུ་དབང་གྲགས་ཀྱིས་ཀྱང་བདེན་ཅོག་ཅོག་གིས་ཁངས་ཐན་འདིའི་ཕྱི་ནང་གསང་གསུམ་གྱི་རྒྱུ་རྐྱེན་མང་པོ་ཞིག་བཤད་ཀྱིན་འདུག སྤྱིར་ཁོའི་སྐད་ཆ་ལ་ཡིད་མི་ཆེས་པའི་བཟོ་སྟོན་མཁན་ཡང་མང་པོ་ཡོད་དེ། དཔེ་ཞིག་བཞག་ན་མགོན་དགའི་ཆུང་མ་ཨ་ཅེ་སྦས་ཕྲུག་ལྟ་བུ་རེད། འོན་ཀྱང་དབང་གྲགས་ཀྱིས་དེ་དག་ལ་སྣང་འཇོག་བྱེད་དགོས་དོན་ཆེར་མེད་དེ། གནས་བབ་མི་འདྲ་བ་རེ་རེའི་འོག་ནས་ཁོ་ཚོ་གང་ལ་དགའ་སའི་ཡུལ་དང་དགའ་བའི་རྒྱུ་རྐྱེན། ཡང་ན་གང་ལ་ཡིད་ཆེས་པའི་ཡུལ་དང་ཡིད་ཆེས་པའི་རྒྱུ་རྐྱེན་ཡང་ཞོགས་པའི་ན་བུན་བཞིན་འགྱུར་སླ་བ་ཞིག་ཡིན་པས་སོ། ། ཁོ་ཚོས་མི་ཞིག་གི་མི་གཞི་དང་འཇོན་ནུས་གང་ཞིག་ལ་གདེང་འཇོག་དང་བསྟོད་བསྔགས་བྱེད་པའམ་དམའ་འབེབས་དང་ཟུར་ཟ་ཅི་བྱས་ཀྱང་མི་དེ་དག་རང་སྟེང་གི་རྒྱུ་རྐྱེན་ཞིག་ཡིན་མི་སྲིད། དེ་ནི་མི་དེའི་ཤ་ཉེ་རིང་གི་གནས་བབ་དང་ཁོ་རང་གི་གནས་བབ་ཁོ་ནས་ཐག་གཅོད་པ་དང་ཡང་ན་མི་དེའི་བཟང་ངན་བཤད་སའི་ཡུལ་གྱིས་ཐག་གཅོད་པ་ཡིན། དཔེར་ན་ཁ་སང་ང་དང་གཡུ་རྒྱལ་གཉིས་ཨ་ཁུ་མགོན་དགའ་ཚང་ལ་སོང་བར། ཨ་ཅེ་སྦས་ཕྲུག་གིས་དབང་གྲགས་ཀྱི་སྐད་ཆ་བརྗོད་གཞིར་བྱས་ནས་སྐད་ཆ་བཤད་སྐབས་ན་རེ། “དབང་གྲགས་ཀྱིས་བྱུང་རྒྱལ་དུ་སྨྲས་པ་ལས། དེ་འདྲ་ཞིག་ད་ཨེ་ཡིན་མི་ཤེས”ཞེས་སོགས་བཤད་པས། དེ་རིང་ང་དབང་གྲགས་ཀྱི་ནུ་མོ(ཨ་ཅེ་སྦས་ཕྲུག་གི་གྲོགས་མོ)སྒྲོལ་དཀར་དང་མཉམ་དུ་ཁོང་ཚང་ལ་འགྲོ་དུས་ངས་མོའི་ཁམས་དང་མཐུན་པ་ཞིག་བཤད་དགོས་སྙམ་ནས་དབང་གྲགས་ཀྱི་སྐད་ཆར་ཆ་འཇོག་མེད་རབས་ཤིག་བཤད་པར་མོས་གདོང་མདོག་ཀྱང་འགྱུར་ནས“དེ་འདྲ་ཞིག་དཔེ་ནི་མ་རེད། དབང་གྲགས་ཀྱིས་བཤད་པ་ཞིག་ཡིན་ན་ཡིད་ཆེས་ཆོག་པ་རེད”ཅེས་བཤད་པར་མ་ཟད། ང་ལ་ཡང་མི་དགའ་བའི་རྣམ་འགྱུར་འཛེམ་མེད་དུ་བསྟན་བྱུང་།

ཨོ་རེད། བསམ་ལྷུན་གྱི་ཆུང་མ་པདྨ་ནི་སྐྱེ་གཟུགས་ཡག་བཙོག་འབྲིང་ཙམ་ཡིན་ཡང་། ཁ་བརྟན་པོ་དང་སེམས་དཀར་བ། ལས་ཀར་ཤུ་རེ་བྱེད་མཁན་ཞིག་ཡིན་པས་ཁོས་ནམ་རྒྱུན་མི་གཞན་གྱི་སྔུན་ནས་མོར་བསྟོད་པ་བྱེད་ཀྱིན་ཡོད། ཡིན་ན་ཡང་། ད་ལོ་པདྨ་དང་བསམ་ལྷུན་གྱི་མག་པ་ཀུན་དགའ་གཉིས་ཁོང་ཚང་གི་ཁྱིམ་དུ་ཉལ་ཡོད་པ་བསམ་ལྷུན་གྱིས་མཐོང་ནས་ཁོ་ཚོའི་བར་ལ་གྱོད་གཞི་ཞིག་བྱུང་ལ། པདྨ་དང་བསམ་ལྷུན་གཉིས་ཀྱང་ཐོར་ལ་ཁད་ཅིག་བྱས་པ་རེད་ཟེར། པདྨ་ནི་བལྟས་ཚོད་དུ་བུད་མེད་དེ་འདྲའི་རིགས་ཤིག་གཏན་ནས་མིན་པ་འདྲ། དེ་སྔོན་ནས་དོན་དག་དེ་འདྲ་ཞིག་ཡོད་པ་རེད་ཅེས་ཆུ་སྒྲ་རླུང་སྒྲ་ཞིག་གོ་རྒྱུ་ཡོད་ན་ཡང་། མོས་བསམ་ལྷུན་ལ་གསལ་བཤད་བྱེད་སྟངས་ནི་ཧ་ཅང་བློས་འཁེལ་ཆོག་པ་ཞིག་རེད་ལ། ཕལ་ཆེར་བསམ་ལྷུན་ཡང་མོ་ལ་ཡིད་ཆེས་ཡོད་པ་འདྲ།

ད་ཐེངས་སྡེ་མི་ཚོས་བཤད་པ་ལྟར་སྡེ་བ་འདིར་དངོས་གནས་ཁངས་ཆེན་ཞིག་བབས་སོང་།

གཞུང་ལམ་གྱི་ཁ་བ་འཕྲུལ་རྟའི་སྣུམ་སྒམ་རྩར་ཐུག་པས་མི་རྣམས་ཡར་མར་ལ་འགྲོ་ཐབས་མེད་པར་སོ་སོའི་ཁྱིམ་དུ་བཀག་པས། ནམ་རྒྱུན་རྒྱུག་འདུར་གྱིས་ཉིན་གཅིག་ལ་ཡང་ཁྱིམ་དུ་སྡོད་མི་ཚུགས་པའི་གསར་བུ་རྐྱལ་སྟོང་དེ་དག་ཀྱང་ད་ལྟ་ཁ་རོག་གེར་ཁྱིམ་དུ་སོས་དལ་ངང་བསྡད་འདུག

ཁ་བ་འབབ་ཀྱིན་འབབ་ཀྱིན་ཇེ་ཆེ་ཡིན་པ་ནི་སྨོས་མ་དགོས་ཀྱང་། ཡ་མཚན་པ་ཞིག་ལ་སྐབས་རེར་ཇེ་ཆུང་ཡིན་པའི་སྣང་ཚུལ་ཞིག་ཀྱང་འདུག འདི་ལྟར་བཤད་ན་ཡིད་ཆེས་མཁན་ཕལ་ཆེར་ཡོད་མི་སྲིད་ལ། ངས་ཀྱང་རང་གི་ཚོར་སྣང་འདི་དོན་དངོས་མིན་པར

སྙམ་ནས་སུ་ལ་ཡང་མ་བཤད། ཡིན་ན་ཡང་དེ་རིང་ཞོགས་པ་ནས་མི་རྣམས་ཀྱི་གདོང་དུ་མངོན་ལ་མི་མངོན་པའི་འཛུམ་མདངས་ཇེ་མང་ཡིན་པར་བལྟས་ན་དོན་དག་འདི་དོན་དངོས་ཡིན་ལས་ཆེ། འོན་ཀྱང་ཡིད་སྐྱོ་བ་ཞིག་ལ་ང་ཚོ་དགའ་ནས་རང་གི་ཚོར་བ་འདི་མི་གཞན་ལ་བཤད་མ་ཚར་བའི་གོང་དུ་ང་ཚོར་ཡང་བསྐྱར་ཡིད་ཆད་ཅིག་བྱུང་སོང་བ་སྟེ། ཁ་བ་བབ་ཀྱིན་བབ་ཀྱིན་ཇེ་ཆུང་ག་ལ་ཡིན་ཏེ། ཕྱི་དྲོ་དགོང་ཇ་འཐུང་བའི་བར་དུ་ཁ་བ་ཁང་ཚད་དང་མཉམ་པར་གྱུར་པས། མི་ལ་ལས་དེ་ནི་ཐན་ལྟས་མ་རུང་བ་ཡིན་པར་བཤད་ཀྱིན་འདུག་ཅིང་། ཡང་ལ་ལས་དུས་ངན་སྙིགས་མའི་དན་རྟགས་སུ་རྩི་བཞིན་འདུག ཡང་ལ་ལས་བཀྲ་ཤིས་རྟེན་འབྲེལ་དུ་རྩི་བཞིན་འདུག དེ་བས་ཀྱང་ཡ་མཚན་པ་ཞིག་ནི་མི་རྣམས་ཡ་མཚན་པའི་དོན་དག་འདི་ལ་མཚར་སྣང་ཅི་ཡང་མེད་པ་དེ་རེད། ད་དུང་དེ་ལས་ཀྱང་ཡ་མཚན་པ་ཞིག་ནི་དོགས་པ་ཟ་བར་དགའ་བའི་ངས་ཀྱང་མཚམས་ལན་རེར་ཁ་བ་འདི་བཀྲ་ཤིས་རྟེན་འབྲེལ་མིན་ནམ་སྙམ་པ་འདི་རེད།

ཁངས་བབ་ཀྱིན་བབ་ཀྱིན་ཇེ་ཆེ་རེད། མཚམས་རེར་ཇེ་ཆུང་རེད། མཇུག་མཐར་ཁ་བ་བབ་ཀྱིན་བབ་ཀྱིན་ཇེ་ཆེ་ལས་མི་འདུག འོན་ཀྱང་སྡེ་མི་ཚོས་དེ་ཙམ་སེམས་ཁུར་བྱེད་ཀྱིན་མེད་ལ། མཚམས་རེར་དོན་དག་ག་གེ་མོའི་དབང་གིས་དོན་དག་འདི་གཏིང་བརྗེད་དུ་འགྱུར་གྱིན་ཡོད། དེར་ཡང་ཅི་ཁག་སྟེ། དུས་རབས་འདིར་གསར་དར་གྱི་ཟས་རིགས་མང་པོ་ཡོད་པས། ཚད་ངེས་ཅན་ཞིག་གི་སྟེང་ནས་སྒོ་ཟོག་ཁངས་ཐན་གྱིས་གནོན་པར་སེམས་ཁུར་བྱེད་དོན་ཡང་ཆེར་མེད། ཁ་བ་ཉིན་མཚན་ཧྲིལ་བོར་བབས། ལ་ཐང་མེད་པར་བབས་ནས་ཡུན་རིང་འགོར་བས། ངས་ཁ་བ་འབབ་སྟངས་འདི་རྒྱུན་ལྡན་མིན་པ་ཡང་རྦད་དེ་བརྗེད་སོང་། སྒོ་ཕྱིར་བུད་ན་དཀར་བོང་བོང་། ཁྱིམ་དུ་འཛུལ་ན་ནག་ཐུབ་བེར་ཡོད་པ་འདི་རེ་ཞིག་རྒྱུན་ལྡན་ལས་ཀྱང་རྒྱུན་ལྡན་གྱི་དོན་དག་ཅིག་ཏུ་གྱུར། ང་ཚོ་ལ་ཕྱོགས་མི་འདྲ་བ་རེ་རེར་གནས་པའི་ཁང་ཁྱིམ་ཞིག་ཡོད་པ་ལས་དོན་དུ་ང་ཚོ་ལ་དོན་དག་སྣ་གཅིག་དང་སེམས་ཁུར་སྣ་གཅིག མཐོང་བའི་ཁ་དོག་སྣ་གཅིག་བཅས་ལས་མེད་དེ། ཁངས་ཐན་གྱིས་ང་ཚོ་ཁྱིམ་དུ་བཀག་པ་ནས་ང་ཚོ་ལ་ལས་ཀ་སྣ་གཅིག་ཡོད་པ་ནི་ཉིན་བཞིན་སུ་རྒྱལ་སུ་ཕམ་གྱིས་གཞུང་གིས་གནང་སྦྱིན་བགྱིས་པའི་གསར་དར་ཟས་རིགས་སྣ་ཚོགས་འཕྲོག་རེས་ཀྱིས་ཧབ་ཐོབ་རྒྱག་པ་དེ་དང་། ཚང་མས་དེ་རིང་གི་བགོ་བཤའ་རྒྱག་སྐབས་སོ་སོར་སྐལ་ཆེན་པོ་ཞིག་ཨེ་རེག་གི་སེམས་ཁུར་དེ་དང་། ཉིན་རྒྱུན་མཐོང་ཡོང་བ་ནི་དཀར་བོང་བོང་གི་ཁ་བ་དེ་རེད།

ཞོགས་པ་ཞིག་ལ། བསམ་ལྷུན་སྔ་མོར་མལ་ལས་ལངས་ཏེ། དཀར་བོང་བོང་གི་ཁ་བའི་ཁྲོད་དུ་སོང་བ་ན་གློ་བུར་དུ་ཁ་བ་འདི་ལ་སྙིང་ཉེ་བའི་ཚོར་བ་ཞིག་སྐྱེས། ཁོས་དེ་དང་ལྷན་དུ་གར་སོང་ཆ་མེད་དུ་གྱུར་པའི་ཆུང་མ་པདྨ་དྲན་ཞིང་མོའི་རྣམ་དག་གི་མིག་ཟུང་དང་ལྷད་མེད་ཀྱི་འཛུམ་མདངས་སོགས་གཟུགས་ཅན་བཞིན་མིག་ལམ་དུ་འཆར་ཡོང་བ་ནི་མོ་དེ་ལྟར་གར་སོང་ཆ་མེད་དུ་གྱུར་མ་སོང་བའི་སྐབས་གང་ཞིག་ལས་ཀྱང་སྙིང་ཉེ་བ་ཞིག་རེད།

རེད། ཕྱི་དྲོ་དེར་པདྨ་ནམ་རྒྱུན་ལྟར་རྟ་འདེད་དུ་སོང་ཞིང་ནམ་རྒྱུན་ལྟར་བསམ་ལྷུན་ཕ་བུ་གཉིས་མི་གྲང་ཕྱིར་ཨོང་བ་ཐབ་གང་བཏུས་ནས་བུད་སོང་། སྤྱིར་ཡིན་ན་ནམ་རྒྱུན་དང་འདྲ་བར་བབ་ཆགས་པའི་མིག་ཟུང་ལ་འཛུམ་ཆུང་ཞིག་ལངས་ནས་ཕྱིར་ལོག་འོས་མོད། ཉིན་དེ་ནས་བཟུང་མོ་རང་གཏན་ནས་ཕྱིར་ལོག་རྒྱུ་མ་བྱུང་། ཉིན་དེར་མུན་རེ་ཞིག་རུབ་ཚར་སོང་ལ་བསམ་ལྷུན་ཕ་བུ་གཉིས་ཀྱིས་འཇམ་ཅག་གེར་རང་ཁྱིམ་དུ་པདྨ་ལ་བསྒུགས་ནས་ཡུན་རིང་ལོན། མཚམས་ཤིག་ལ་ལྷས་རའི་ནང་ནས་རྟ་ཡི་འཚེར་སྐད་ལྷང་ལྷང་གྲག་པ་ན་བསམ་ལྷུན་གྱི་གདོང་ལ་གསོན་ཤུགས་གློ་བུར་བ་ཞིག་རྒྱས་ནས་མྱུར་དུ་ཡར་ལངས་ཏེ་སྒོར་བརྒྱུགས་པ་ན་ལྷས་རའི་ནང་དུ་ཁོ་ཚང་གི་རྟ་དག་ལས་པདྨའི་གཟུགས་བརྙན་ཙམ་ཡང་མཐོང་རྒྱུ་མ་བྱུང་། ཁོས“ཨ་ལེ་པདྨ། པདྨ། པདྨ”ཞེས་ཐེངས་འགར་བོས་རྗེས་ལྷས་རའི་རྒྱབ་ཏུ་བལྟ་རུ་སོང་། པདྨ་ལྷས་རའི་རྒྱབ་ཏུ་མེད་པ་མཐོང་རྗེས། དོན་དངོས་འདི་ཁས་ལེན་མི་འདོད་པ་ལྟར་མུ་མཐུད་དུ་མདུན་ཕྱོགས་སུ་གོམ་པ་སྤོ་བཞིན་ལྕི་རའི་སྣེ་ནས་བུད་དེ་བལྟས་པར་སླར་ཡང་སྟོང་ལྷང་ལྷང་རེད། ཁོའི་སེམས་སུ་ལྟས་ངན་གྱི་སྣང་བ་ཞིག་སྐྱེས་ན་ཡང་། ཁོར་དེ་ཉིད་དོན་དངོས་ཡིན་པར་ཁས་ལེན་འདོད་གཏན་ནས་མེད་པས་སྔར་བཞིན་པདྨ་སླེབས་ཡོད་པ་གཞིར་བཞག་གིས་ལྷས་རའི་མཐའ་བསྐོར་ནས་བཙལ། འོན་ཀྱང་ཁོའི་སེམས་པ་གློ་བུར་དུ་སྟོང་བར་གྱུར་ཅིང་། ཚོད་འཛིན་དཀའ་བའི་གོམ་ཁ་བྲེལ་མོ་དེ་བཙན་ཚུགས་ཀྱིས་ཇེ་དལ་དུ་གཏོང་བཞིན་ལྷོད་ལ་མི་འབབ་པའི་སེམས་པ་དེ་ཡང་ལྷོད་ལ་འབབ་ཐབས་བྱས་ནས་ཁྱིམ་མཚེས་རྟ་ལོ་ཚང་ལ་དེ་རུ་ཡོད་མེད་སྐོར་དྲིས། འོན་ཀྱང་ཁོ་ཚང་གི་ཆུང་མས་ཅུང་ཡ་མཚན་པའི་རྣམ་འགྱུར་གྱིས“སྒོ་ཕྱུགས་མ་ཚང་བ་མེད་དམ”ཟེར། ཁོས“སྒོ་ཕྱུགས་ཚང་གི”ཞེས་བཤད་པར། རྟ་ལོའི་ཆུང་མས་ཐོད་པར་མདུད་ལོག་ཅིག་བརྒྱབ་ནས“ཡ་མཚན། འོ་ན་ད་ལྟ་ཕྱིར་ལོག་རན་རེད་ཡ”ཞེས་བཤད་པར་བསམ་ལྷུན་མོའི་ལན་འདེབས་སྟངས་དེ་ལ་ཅུང་ཚིག་པ་ཟོས་ནས“ཁྱོད་ཀྱིས་མོ་མ་མཐོང་ངམ”ཞེས་དྲིས་པར། མོས་ཐད་ཀར“མ་མཐོང”ཟེར།

……

ཉིན་འགའ་འམ་ཡང་ན་ཟླ་འགའ། ཡང་ན་ལོ་འགའི་རྗེས་སུ་མི་རྣམས་ལ་སྐྲག་སྣང་ཕྲན་བུ་རེ་སྐྱེས། ཁ་བ་འདི་ཅི་ཞིག་ཡིན་ནམ་ཞེས་པའི་དྲི་བ་འདི་ཡང་ཆེས་ཐོག་མར་ཁོ་ཚོའི་ངག་སྒོར་ཐོན། དེ་དུས་བསམ་ལྷུན་སོགས་རེ་ཞིག་རུས་པར་གྱུར་ཚར། ཡང་ན་ཁོ་ཚོ་ཤེས་མཁན་གྱི་མི་ནི་སྡེ་བ་འདིར་ཕལ་ཆེར་གཅིག་ཀྱང་མེད། རིག་དགའ་སྤྱིར་བཏང་ནས་ཁ་བ་འདི་ལ་དོགས་པ་ཟ་བཞིན་ཡོད། ཁོར་དཀར་བོང་བོང་གི་འཇིག་རྟེན་འདི་ལས་འཇིག་རྟེན་གཞན་ཞིག་ཡོད་པ་རྣ་ཐོས་ཙམ་ལས་མེད་མོད། ཁོ་རང་དཀར་བོང་བོང་གི་འཇིག་རྟེན་འདི་ལ་སུན་པས་འཇིག་རྟེན་གཞན་དེར་ཡིད་སྨོན་གཏིང་ནས་སྐྱེས། པདྨས་རིག་དགའ་ལ་ཁྱོད་ཀྱིས་མོ་རང་བསྐྱུར་ནས་འཇིག་རྟེན་གཞན་དེར་འགྲོ་ན་མོ་རང་གནས་ལ་མི་འགྲོ་ཞེས་བཤད་མྱོང་མོད། རིག་དགའི་འཆར་ཡན་ཁྲོད་ཀྱི་འཇིག་རྟེན་དེ་ནི་གང་དང་ཅི་ལས་ཀྱང་ཡིད་དབང་འཕྲོག་པ་ཞིག་ཡིན་པས། ཁོས་པདྨ་ལ“རང་ཉིད་གནས་ལ་འགྲོ་བསམ་མིན་ང་ལ་འབྲེལ་བ་ཅི་ཞིག་ཡོད། འཁོར་བ་ལ་ངེས་འབྱུང་སྐྱེ་ན་རབ་བྱུང་སྒྲུབས”ཞེས་བཤད་པས། པདྨ་སྐྱོ་ཐག་ཆོད་པས་ཁོ་དང་བྲལ་ནས་ཕྱིར་རང་ཡུལ་དུ་ལོག ཐད་ཀར་བསམ་ལྷུན་ཕ་བུ་གཉིས་གཟས་ནས་ཕྱིར་ལོག

ཉི་འོད་སྐྱ་བོ་ཞིག་སྤྲིན་གྱི་བང་རིམ་གཏོར་ནས་ས་གཞིར་ཕོག ཡིན་ན་ཡང་། ཉི་འོད་ལ་དྲོད་སྣང་ཅི་ཡང་མེད་པས་པདྨས་ལག་པ་གཡས་པས་རུམ་ལག་བྱས་ཤིང་ལག་པ་གཡོན་མའི་ཕུ་ཐུང་གིས་ཕུར་སྣ་བྱས་ཏེ་འགྲོ་བཞིན་འདུག རི་སྒང་ཞིག་ཏུ་སླེབས་པ་ན། མོས་ཕུ་ཐུང་གིས་ཁ་བ་ཕྱགས་ནས་རང་ལ་འདུག་ས་ཆུང་ངུ་ཞིག་བཟོས། དེ་ནས་རྩྭ་ཅུང་ཙམ་བཏུས་ནས་འདུག་སར་བཏིངས་རྗེས་དེ་རུ་བསྡད། མོས་འཇག་མ་ཞིག་ཁ་རུ་བཅུག་ནས་ཉི་མའི་ཕྱོགས་སུ་བལྟས་པ་ན། ཉི་མ་ནི་ཧ་ཅང་རྒྱང་རིང་གི་གནམ་སའི་མཚམས་ན་སྤྲིན་པ་ལང་ལོང་ཞིག་གི་ཁུད་ན་གཏོལ་མེད་དུ་ཤར་འདུག དེའི་འོག་གི་རི་ལྗོངས་དེ་ནི་སྨུག་པ་ཟ་ཟི་ཞིག་གི་ཁྲོད་དུ་སྣང་ལ། བལྟས་ཚོད་དུ་མི་ལ་སྐྱོ་སྣང་སྟེར་ཡོང་། དེའི་ཁྲོད་དུ་པདྨ་ནི་ཧ་ཅང་ཉམ་ཆུང་ལ་གཏོལ་མེད་པའི་གྲིབ་གཟུགས་ཆུང་ཆུང་ཞིག་རེད།

གློ་བུར་དུ། མིག་ཆུ་རྡོག་པོ་གཉིས་ཀྱིས་མོའི་མིག་མཐའ་བརྟོལ་ཅིང་མཁུར་ཚོས་གཤགས་ནས་མ་ནེའི་འོག་ཏུ་མདུད། མོས་ཀྱང་གནས་སྐབས་དེའི་སྐད་ཅིག་རྗེས་མར་ཅི་ཞིག་བྱེད་དགོས་མིན་མི་ཤེས། ཚང་མས་མོ་ལ“བླ་ཡང་མ”ཞེས་སྡིག་གིན་ཡོད་པ་དྲན་ན་མོའི་སེམས་པ་ངོ་ཚ་དང་འཇིགས་སྐྲག འགྱོད་སྣང་གིས་ནོན་ཡོང་།

པདྨ་མུ་མཐུད་དུ་ཁ་བའི་ཁྲོད་དུ་སོང་། མོ་སྐད་ཅིག་སྐད་ཅིག་གིས་མི་རེར་ཕྲད་ཅིང་། ཡང་སྐད་ཅིག་སྐད་ཅིག་གིས་མི་དེ་དག་དང་རྒྱང་དུ་གྱེས་འགྲོ། མོ་དང་ཕྲད་མྱོང་པའི་མི་དག་དང་མོ་དང་ཉལ་མྱོང་བའི་མི་དེ་དག མ་ཟད་མོ་ཆུང་མར་ལེན་ངེས་ཞེས་དམ་བཅས་མྱོང་བའི་མི་དེ་དག ད་ལྟ་གནས་གང་ཞིག་ཏུ་ཡོད་མེད་ཀྱང་མི་ཤེས། མོ་སོང་གིན་སོང་གིན་སྨུག་པ་ཇེ་ཟབ་རེད་ལ། མཐོང་སྣང་གི་འཇིག་རྟེན་འདི་ཡང་མག་མོག་ཏུ་འགྱུར་གྱིན་འདུག མོ་རང་སོང་གིན་སོང་གིན་གཏོལ་མེད་དུ་གྱུར་འགྲོ། མོའི་ཕ་མ་གཉིས་ཀྱིས་མོ་ལ་ཅི་ཞིག་རྗོད་ཀྱིན་ཡོད་དམ། མོས་བསམ་བློ་བཏང་གིན་བཏང་གིན་ཕྱོགས་བཞི་མཚམས་བརྒྱད་ནས་གཅིར་ཡོང་བའི་ཚོར་བ་ཞིག་སྐྱེས།

ཁ་བ་ལྷབ་ལྷུབ་འབབ་པའི་ཉིན་དེའི་ཞོགས་པར་མོ་རང་རྫོང་མཁར་དེར་སླེབས་སོང་། མོ་འདི་ལྟར་རྫོང་མཁར་རེར་སླེབས་དུས་སེམས་སུ་ཅི་ཞིག་ཉེས་སོང་སྙམ་པའི་ནག་ཉེས་ཀྱི་བསམ་པ་རེ་སྐྱེ་ཞིང་། འཇིགས་སྐྲག་རིགས་ཤིག་ཀྱང་གཟུར་མེད་དུ་སྐྱེས་ཡོང་། ད་ལྟ་མོ་ལ་བྱིས་པ་ཞིག་སྐྱེ་རན་རེད། འོན་ཀྱང་ཉིན་མང་པོར་ས་ཐག་རིང་པོར་འདི་ལྟར་རྐང་ཐང་དུ་སོང་བའི་དབང་གིས་བྱིས་པ་འདིས་བསྐྱེད་པའི་ཟུག་གཟེར་ཡོད་ཚད་མོ་ལ་མཚོན་ན་ཚབས་ཆེ་བའི་དོན་དག་གང་ཡང་མིན། ད་ལྟ་མོའི་མདུན་དུ་ལྷགས་པའི་དོན་དག་ནི་བྱིས་པ་འདི་སྐྱེ་རུ་འཇུག་གམ་མི་འཇུག་གི་གནད་དོན་དེ་རེད། མོས་སྐོར་ལམ་ནས“བྱིས་པ་འདིའི་ཕ་ནི་བསམ་ལྷུན་ཡིན་དོན་གཏན་ནས་མེད” བསམས་ཤིང་།“ད་ནི་ཕྱིར་བསམ་ལྷུན་གྱི་རྩར་བཅར་བ་ལས་འོས་མེད་པས། བྱིས་པ་འདི་ཁུར་ནས་བཅར་སྲོལ་ཞིག་མི་འདུག”པར་ཡང་བསམས།

ཉིན་དེར་པདྨ་ཕྱིར་ཁྱིམ་དུ་ལོག་བྱུང་། མོས་རང་ཉིད་དེ་ལྟར་བུད་སོང་བར་ནོངས་འགྱོད་སྐྱེས། མཛའ་སེམས་ཡོད་ཚད་བསམ་ལྷུན་ལ་འབུལ་བར་ཞེ་ཐག་བཅད། མཐའ་མི་མངོན་པའི་ཁ་བའི་ཡུལ་ལྗོངས་ནས་རྒྱང་རིང་དུ་བལྟས་ན་སེམས་ལ་ཆད་སྣང་འཁོར་ཡོང་། འོན་ཀྱང་མདུན་དུ་ད་དུང་ཅི་ཞིག་ཡོད་པའི་སྟོང་བསམ་གྱིས་མོ་རང་མུ་མཐུད་དུ་མདུན་ཕྱོགས་སུ་སྐྱོད་དགོས་བྱུང་།

སླར་ཡང་ཕྱི་དྲོ་གཞན་ཞིག་ལ་མོ་རང་ཁྱིམ་དུ་སླེབས་སོང་། དཀའ་སྣང་ཁྲི་ཕྲག་གི་རྒྱབ་རོལ་ནས་ད་གཟོད་རང་ཁྱིམ་དུ་སླེབས། ལུས་སེམས་ལ་ཐོབ་མ་མྱོང་བའི་ངལ་གསོ་ཆེན་པོ་ཐོབ་སོང་།

……

མོས་ཁྲུན་ཐག་ཅི་ཡང་མ་ཆོད། ཕྱིར་ལོག་རྗེས་ཡང་བསྐྱར་དམ་བཅའ་དག་བརྗེད་འགོ་བརྩམས། རང་ཁྱིམ་ལ་འགྱུར་བ་ཅི་ཡང་མེད་པ་རྟོགས། སླར་ཡང་ཐང་ཆད་པར་གྱུར། མ་འོངས་པ་ནི་ཅི་འདྲའི་རིང་བ་ལ་ཨང་སྙམ། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།