ད་ནི་གཟའ་པ་སངས་ཉིན་གྱི་ཉིན་གུང་གི་དུས་ཚོད་བཅུ་གཉིས་དང་སྐར་མ་ཉི་ཤུ་རེད།
གྲོང་ཁྱེར་འདིའི་ག་ས་གང་དུ་ལས་ཚོགས་གྲོལ་ནས་རང་སོ་སོའི་ཡུལ་ལ་ལོག་པར་བྲེལ་བའི་རླངས་འཁོར་ཡར་རྒྱུག་མར་རྒྱུག་དང་སློབ་གྲྭ་གྲོལ་ནས་ཡུལ་ལ་གུང་ཇ་འཐུང་དུ་འགྲོ་བར་རྔམ་པའི་སློབ་མ་ཕར་འགྲོ་ཚུར་འོང་གིས་འདུ་འཛིའི་ཡོ་ལང་ཞིག་བསྐྲུན་ཡོད།
ཁྱི་ཕྲུག་ཐར་དང་ཁྱི་མོ་འཚོ་གཉིས་ཀྱིས་སྐབས་འདིར་རླངས་འཁོར་འཚང་ཁ་ཤིག་ཤིག་བྱེད་ཀྱིན་པ་རྟོགས་ནས་རྐང་ཐང་རྒྱབ་ཁུར་གྱིས་གཡང་འཁྱིལ་རྫོང་མཁར་གྱི་ལྷོ་མཐའ་རུ་ཡོད་པའི་ལོ་ཀྲང་གཅེས་ཟོག་ཚོང་ཁང་དུ་བློ་ཡིད་ཚིམ་པའི་ཧཱ་པ་ཞིག་ཡོད་མེད་ལ་བལྟ་རུ་ཕྱིན།
དེ་རུ་ཁ་དོག་མི་གཅིག་པ་དང་། ཆེ་ཆུང་མི་མཐུན་པ། འབྱུང་ཁུངས་མི་འདྲ་བའི་ཧཱ་པ་བགྲང་ལས་འདས་པ་བདོག་ཅིང་། ཧཱ་པ་རེ་ལ་སྒྲོམ་སྟེགས་རེ་དང་། གཟེབ་སྣོད་རེ། ཨང་རྟགས་རེ་ཡོད་ལ། ཁང་པའི་བཟོ་བཀོད་དང་གཙང་སྦྲ་སོགས་ཕྱོགས་གང་ཅིའི་ཐད་ནས་བདེ་སྐྱིད་ལམ་དུ་ཡོད་པའི་རིན་པོ་ཆེ་བཙོང་ས་དེ་དང་གཉིས་སུ་མ་མཆིས་པར་མ་ཟད། མགྲོན་པོ་རྣམས་ཀྱི་ཁྲོད་དུའང་བོད་ལྭ་གྱོན་མཁན་དང་། རྒྱ་ལྭ་གྱོན་མཁན། སོག་ལྭ་གྱོན་མཁན་བགྲང་ལས་འདས་པས་རང་སོ་སོའི་བྱིས་པ་དང་ལྷན་དུ་གཅེས་ཟོག་འདེམ་གྱིན་པའི་སྒང་ཡིན་པས། དེ་གར་འདུག་ཡུན་རིང་ན་རྣ་བ་བཀད་མི་འགྲོ་ཨང་སྙམ་པ་ཞིག་རེད།
ཁྱི་ཕྲུག་ཐར་ཁྱོ་ཤུག་ཟུང་ཕར་ལ་གོམ་པ་གཅིག་མ་སྤོས་གོང་ལ་སྦྱིན་བདག་གྲོད་ལུག་དེ་འཛུམ་མདངས་ཤིག་ཤིག་གིས་ཚུར་གོམ་པ་བཅུ་སྤོས་ཏེ་འབྲི་དེབ་ཀྱི་ཁ་ཕྱེ་བ་ན། ཁྱི་ཕྲུག་ཐར་ཁྱོ་ཤུག་ཟུང་གིས་རང་གི་འདོད་འདུན་དང་རེ་བ་ཇི་ལྟ་ཇི་ལྟར་ཡིན་པ་སྦྱིན་བདག་གྲོད་ལུག་དེར་དེ་ལྟ་དེ་ལྟར་བརྗོད་པའི་ཚེ་ན། སྦྱིན་བདག་གྲོད་ལུག་དེས་ཤོག་བུ་ཞིག་གི་ངོས་སུ་འཁྱུག་ཡིག་གིས་རང་གིས་ངོས་ཟིན་ཅིང་གཞན་གྱིས་ཅི་ཡིན་མི་ཤེས་པ་ཞིག་བྲིས་རྗེས། ཁོས་པྲིག་ཆུམ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཁྱི་ཕྲུག་ཐར་ཁྱོ་ཤུག་ཟུང་ཨང་རྟགས་དང་པོ་བརྒྱབ་ཡོད་པའི་ཧཱ་པ་ཞིག་གི་གམ་དུ་ཁྲིད་དེ་ཁམ་སིལ་མེ་ཏོག་བཞད་འདྲའི་འཛུམ་དང་བཅས། “འདི་ཉོས་དང་འཕྱུགས་མེད”ཟེར་བཞིན་ཧཱ་པ་དཀར་པོ་དུང་འདྲ་ཞིག་བསྟན་པས། ཁྱི་ཕྲུག་ཐར་ཁྱོ་ཤུག་ཟུང་གིས་ཧཱ་པ་འདི་ནི་ཏག་ཏག་བུ་ཆུང་གི་རེ་བ་དང་ཡོངས་སུ་མཚུངས་པའི་ཧཱ་པ་སྙིང་ལ་རྗེ་བོ་ཞིག་འདུག་བསམ་བཞིན་མ་བགྲོས་རང་མཐུན་གྱི་ངང་ནས། “ཏག་ཏག་རེད”ཟེར་བཞིན་བླུ་ཡོན་སྤྲོད་རྩིས་བྱེད་དུས། ཁྱི་ཕྲུག་ཐར་ལ་ཁ་པར་འབྱོར་བྱུང་།
“ཁྱོད་ཡུལ་ལ་ཡོང་གི་ཨེ་ཡོད།”
“ད་ཅང་མ་འགོར་བར་ཡོང་རྩིས་ཡོད། ཅི་རེད། ཨ་ཕ།”
“ངས་ཉིན་གུང་གི་སྨན་འཐུང་རན་འདུག”
“ཡ་ཡ། ཨ་ཕ། ངེད་གཉིས་རེམ་མ་ཡོང་།”
ཁྱི་ཕྲུག་ཐར་གྱིས་དེ་སྐད་བཤད་རྗེས་ངོ་འདོམ་པ་གང་དྲུད་ནས་ཁ་པར་གྱི་ཁ་གཏན་པ་དང་། དེ་དུས་ཁྱི་མོ་འཚོས་གཅེས་ཟོག་གི་བླུ་ཡོན་རྩིས་སྤྲོད་བྱས་ཚར་ཏེ་གང་དེའི་ཁ་གཙེ་བཞིན་ཡོད་ཅིང་། སྦྱིན་བདག་གྲོད་ལུག་དེས་ཧཱ་པ་ཁྱི་ཕྲུག་ཐར་ཁྱོ་ཤུག་ཟུང་ལ་སྤྲོད་ཞོར་དུ་སླར་ཡང་ཁམ་སིལ་མེ་ཏོག་བཞད་འདྲའི་འཛུམ་ཞིག་སྟོན་བཞིན། “ཧཱ་པ་འདི་ནི་གཟའ་འཁོར་སྔོན་མར་ཨ་རི་ནས་ནང་འདྲེན་བྱས་པ་ཡིན། ཁྱོད་བཟའ་ཟླ་གཉིས་དངོས་གནས་དོ་བདག་བསོད་ནམས་ཅན་ཞིག་རེད། དེ་མིན་ཉེ་ཆར་ནུབ་ཕྱོགས་ནས་ནང་འདྲེན་བྱས་པའི་གཅེས་ཟོག་གི་ཚོང་ཤིན་ཏུ་བྲིན་སྟབས། ཨ་རི་ནས་ནང་འདྲེན་བྱས་པའི་གཅེས་ཟོག་སྤྱི་དང་བྱེ་བྲག་ཏུ་ཧཱ་པ་ལག་སོན་འབྱུང་དཀའ་ཙམ་གདའ”ཟེར་བཞིན་ཨང་རྟགས་དང་པོ་བརྒྱབ་པའི་ཧཱ་པ་དེ་སྒྲོམ་སྟེགས་ལས་བླངས་ཏེ་ཁྱི་ཕྲུག་ཐར་ལ་སྤྲད། ཁྱི་མོ་འཚོས་ཚོང་བདག་གི་ངག་ནས་ཨ་རི་ཞེས་པ་དེ་ཐོས་མ་ཐག་ཏུ་སྦྱིན་བདག་ལ་ཕྱག་འཚལ་ལ་ཁད་ཀྱིས་བཀའ་དྲིན་སྐུ་དྲིན་ཡང་ཡང་ཞུས། སྣང་ཚུལ་དེ་དང་བཟོ་ལྟ་དེ་ནི་ན་ནིང་མོ་རང་དྲུང་ཆེ་ལ་བདམས་ཐོན་བྱུང་རྗེས་འབྲེལ་ཡོད་མི་སྣ་ལ་བཀའ་དྲིན་སྐུ་དྲིན་ཞུ་བའི་ཚུལ་ལས་ཀྱང་ཡོངས་སུ་བརྒལ་འདུག་པས། རྒྱུས་མེད་ཅིག་གིས་མཐོང་ཚེ། དེ་ནི་སྦྱིན་བདག་གྲོད་ལུག་དེས་ཧཱ་པ་ཡ་མེད་ཅིག་རིན་མེད་དུ་ཁྱི་མོ་འཚོ་ལ་སྦྱིན་པར་རློམ་ཐག་ཆོད་རེད།
ཁྱི་ཕྲུག་ཐར་ཁྱོ་ཤུག་ཟུང་གིས་ཧཱ་པ་ཁྱེར་ནས་དགའ་དགའ་སྤྲོ་སྤྲོའི་ངང་གླ་འཁོར་ཞིག་ལ་བསྡད་དེ་གཡང་འཁྱིལ་གཞིས་ཁུལ་དུ་ལོག དེ་གར་འབྱོར་མ་ཐག ཁྱི་ཕྲུག་ཐར་གྱིས་པང་གི་ཧཱ་པ་ཁྱི་མོ་འཚོ་ལ་སྤྲད་ཅིང་། ཁོ་རང་སྒོ་སྲུང་ཡོད་སར་ཕྱིན་ཏེ་ཤོག་སྒམ་ཆེན་པོ་ཞིག་བཟུང་ནས་ཕྱིར་བུད་པ་དང་། དེ་ནས་ཁྱོ་ཤུག་ཟུང་དཔུང་བ་མཉམ་གཤིབ་ཀྱིས་རང་ཁྱིམ་དུ་ལོག
ཨ་ཕ་བསོད་རྒྱལ་གྱིས་གཉིད་ལྕོག་ཐན་ཐུན་རེ་རྒྱག་ཞོར་ཉི་ཁྱམས་སུ་མདོ་གདུགས་སྒྲོལ་གསུམ་ལ་ཉན་གྱིན་འདུག ཁྱི་ཕྲུག་ཐར་གྱིས་དལ་བ་དལ་བུར་ལག་གི་ཤོག་སྒམ་ཨ་ཕའི་གམ་དུ་བཞག་རྗེས། ཨ་ཕའི་ཁྲིའུ་འཁོར་ཕར་དེད་ཅིང་། དེའི་ཤུལ་དུ་ཤོག་སྒམ་ལས་དངོས་ཟོང་སྣ་མ་སྣ་ཚོགས་ཕྱུང་སྟེ་དབུགས་ཐེངས་གཅིག་གིས་བཟོ་ལྟ་མཛེས་ཤིང་ཆེ་ཆུང་རན་པའི་ཧཱ་ཁང་ཞིག་བཟོས། དེ་ནས་གང་དེའི་ནང་དུ་ས་གདན་སྤུས་ལེགས་འོག་དང་རས་གདན་འཇམ་པོ་ཐོག་བྱས་ཏེ་ལེགས་པོར་བཏིངས། མཇུག་མཐར་ཁྱི་མོ་འཚོས་ད་གཟོད་པང་གི་ཧཱ་པ་སྙིང་ལ་རྗེ་བོ་དེ་ཧཱ་ཁང་མཛེས་ཤིང་སྡུག་པ་དེའི་ནང་དུ་བཞག་པ་དང་། དེ་ནས་ག་ལེར་ཇ་ཁང་དུ་ཕྱིན་ཏེ་སྒྱུག་པོར་གུང་ཇ་སྐོལ་བའི་ལས་ལ་ཞུགས།
དེ་ནས་ཅང་མ་འགོར་བར་ཧཱ་པས་རྔ་མ་གཡུག་ཞོར་དང་ལྕེ་སྣར་ཞོར་དུ། “འབ་འབ་འབ”ཅེས་ལན་འགར་ཟུག་པ་ན། ཁྱི་ཕྲུག་ཐར་ཁྱོ་ཤུག་ཟུང་གིས་ཧཱ་པ་ལ་ལྟོ་ཆས་ཉོས་མེད་པ་དྲན་ཏེ་གཅིག་མིག་གཅིག་ལ་ལྟ་བཞིན་ཧད་དེ་ཅུང་ཟད་ལུས་པ་དང་། དེ་ནས་ཁྱི་མོ་འཚོས་ཤ་གཙབ་བཞིན། “ཁྱོད་སོང་ནས་འུ་ཚང་གི་ཞོ་པེ་ལ་ལྟོ་ཆས་ཉུང་ཙམ་ཉོས་ཤོག”ཅེས་བཤད་མོད། ཡིན་ནའང་ཁྱི་ཕྲུག་ཐར་ནི་ཧཱ་པའི་ལྟོ་ཆས་ལྟ་ཅི་མིའི་བཟའ་ཆས་ཀྱང་གཅིག་གཅིག་གཉིས་གཉིས་ཀྱིས་ཤོག་བུའི་ངོས་སུ་བྲིས་ནས་མ་བྱིན་ཚེ་ཉོ་ཡེ་ནས་མི་ཤེས་པ་ཞིག་ཡིན་པས། ཁྱི་མོ་འཚོས་ཤ་རྡོག་རྣམས་བཏུས་ནས་ཆུ་ལྷོག་ལྷོག་ཏུ་གདུ་བཞིན་པའི་བ་མའི་ནང་དུ་བཏབ་རྗེས། ཁྱོ་ག་དང་ལྷན་དུ་ལྟོ་ཆས་ཉོ་རུ་འགྲོ་རྒྱུའི་ཐག་བཅད།
ཁྱི་ཕྲུག་ཐར་ཁྱོ་ཤུག་ཟུང་གིས་གོམ་པ་གང་རེ་སྤོས་ན་ཞོ་པེའི་ཟུག་སྐད་ཐེངས་རེར་དྲན་ཞིང་། ཞོ་པེའི་ཟུག་སྐད་དྲན་ཐེངས་རེར་སེམས་ལ་ཙག་ཤད་རེ་རྒྱུག་པས། གློག་སྐས་ལའང་སྒུག་མ་བཟོད་པར་འཕུར་མ་ལྡིང་གིས་གཅེས་ཟོག་གི་ལྟོ་ཆས་ཆེད་ཚོང་ཁང་དུ་ཕྱིན། ཁྱི་ཕྲུག་ཐར་ཁྱོ་ཤུག་ཟུང་གིས་སྦྱིན་བདག་མའི་འོས་སྦྱོར་དང་རང་གིས་དྲ་ལམ་ཁག་སོ་སོ་རུ་བརྟག་དཔྱད་བྱས་པ་གཉིས་ཟུང་དུ་སྦྲེལ་ཏེ་ཞོ་པེ་ལ་ལྟོ་ཆས་སྤུས་ལེགས་འགའ་ཉོས་ཏེ་གཞིས་ཁུལ་གྱི་སྒོ་ཁར་འབྱོར་དུས། ཁྱིམ་མཚེས་ཏེ་ཅུས་ཀྲང་ཝང་གི་ཆུང་མས་ཞོ་ཧེ་ཁྲིད་དེ་འཆམ་འཆམ་དུ་འགྲོ་བཞིན་པ་དང་ཕྲད་ཅིང་། ཕན་ཚུན་ལ་འཚམས་འདྲི་སྟབས་བདེ་ཞིག་བྱས་རྗེས་ཅུས་ཀྲང་ཝང་གི་ཆུང་མས་ཞོ་ཧེ་ཁྲིད་དེ་ཕྱིན་སོང་། ཁྱི་ཕྲུག་ཐར་ཁྱོ་ཤུག་ཟུང་མདུན་དུ་གོམ་པ་འགའ་སྤོས་རྗེས། གློ་རྡེག་ལ་ཁ་ཕྱིར་འཁོར་ནས་ཞོ་ཧེ་ལ་ལྟ་དུས། ཁྱོ་ཤུག་ཟུང་ཐོ་ཐུག་བརྒྱབ་སྟེ་གདོང་ནས་མེ་སྟག་མཆེད།
ཡིན་ནའང་། ཁྱི་ཕྲུག་ཐར་ཁྱོ་ཤུག་ཟུང་གིས་གཅིག་མིག་གཅིག་ལ་ལྟ་བཞིན་ངུ་མ་དགོད་ཀྱིས་སོ་སོའི་ཐོད་པར་ཕུར་ཕུར་བྱེད་ཀྱིན་མགོ་བོ་མ་བགྲོས་རང་མཐུན་གྱིས་ཞོ་ཧེའི་ཕྱོགས་སུ་འཁོར་ནས་ལན་གཅིག་བལྟས་པ་ན། དེའི་མགོ་རུ་ཞྭ་དཀར་པོ་དང་ལུས་སུ་གོས་ལྗང་ཁུ་ཞིག་གྱོན་ཡོད་པ་མཐོང་འཕྲལ། ཁྱི་ཕྲུག་ཐར་ཁྱོ་ཤུག་ཟུང་ནི་དེ་མ་ཐག་ཏུ་རྩ་བ་ནས་སྡོད་མ་བཟོད་པར་སྔ་མའི་ཕྱི་རྟིང་ལ་ཕྱི་མའི་སྔུན་རྟིང་སྤོ་ལ་ཁད་ཀྱིས་གཅེས་ཟོག་གི་ལྭ་བ་ཆེད་ཚོང་ཁང་དུ་ཕྱིན་ནས་ལྭ་བ་གང་བཟང་གང་ཡག་རེ་འགའ་བདམས་ནས་ཉོས་རྗེས་ལམ་སང་ཕྱིར་ལོག
ཁྱི་ཕྲུག་ཐར་ཁྱོ་ཤུག་ཟུང་ཁྱིམ་དུ་འབྱོར་དུས། བུ་ཆུང་ཟླ་བ་ཡང་སློབ་གྲྭ་གྲོལ་ཏེ་ཡུལ་ལ་འབྱོར་འདུག་ཅིང་། ཟླ་བས་ཨ་མྱེ་བསོད་རྒྱལ་གྱི་འཁྲིས་སུ་དཔེ་ཀློག་བྱེད་ཀྱིན་པ་མཐོང་མ་ཐག་ཏུ་ཁྱི་ཕྲུག་ཐར་ཁྱོ་ཤུག་ཟུང་གི་གདོང་ལ་ང་རྒྱལ་གྱི་མདངས་ཤིག་མངོན་ཏེ།“གཅེས་ཕྲུག། སློབ་གྲྭ་གྲོལ་སོང་ངམ། ངར་བ་རེད། ཕ་མས་ཁྱོད་ལ་གཅེས་ཟོག་སྙིང་ལ་རྗེ་བོ་ཞིག་ཉོས་ཡོད།”ཅེས་བཤད་ཀྱང་། ཟླ་བས་ཕ་མ་གཉིས་ལ་ཁ་ཡ་གཏན་ནས་མ་བྱས་པར་མུ་མཐུད་དུ་དཔེ་ཀློག་བྱས་ནས་བསྡད།
ཁྱི་མོ་འཚོས་ད་ནི་སྒྱུག་པོ་ལ་ཟ་མ་སྐོལ་རན་པས་མི་ཚད་འཕྱིས་སོང་བསམས་ནས་ཇ་ཁང་གི་ཕྱོགས་སུ་ཕྱིན། ཇ་ཁང་གི་སྒོ་ཕྱེ་མ་ཐག་ཏུ་དེ་ལས་ངར་དྲི་དང་འཚིག་དྲི་གང་ཡིན་མི་ཤེས་པ་ཞིག་ཁྱབ་འོངས་པས། མོས་རང་དབང་མེད་པར་ཨག་སྐད་གནམ་ས་གཡོ་བ་ཞིག་བརྒྱབ།ཞོ་པེ་ལ་ལྟོ་ལྡུད་བཞིན་པའི་ཁྱི་ཕྲུག་ཐར་དང་ཁྲིའུ་འཁོར་དུ་མ་ཎི་འདོན་བཞིན་པའི་ཨ་མྱེ་ཟུང་གི་སྙིང་ཆུང་གས་ལ་ཁད་ཅིག་བྱས། ཁྱི་ཕྲུག་ཐར་བྱ་འཕུར་བ་ལྟར་ཇ་ཁང་དུ་འབྱོར་བ་ན། མ་གཞི་མཐེབ་ཐུག་སྐོལ་བྱེད་ཀྱི་ཤ་ཁུ་ཐག་ནས་བ་མའི་ཞབས་ཀྱང་དབྲལ་ལ་ཁད་དུ་གྱུར་འདུག ཁོས་ཆུང་མར་དོན་དག་ཅི་ཡང་བྱུང་མེད་པ་རྟོགས་རྗེས་སེམས་ལྷོད་ལ་བབས་ཏེ་ཕྱིར་ཉི་ཁྱམས་སུ་ལོག་ནས་ཞོ་པེ་ལ་ལྟོ་བླུད། ཟླ་བས་ཨ་ཕའི་སྤྱོད་ཚུལ་དེ་མཐོང་རྗེས་དཔེ་ཆ་སྒེའུ་སྟེགས་སུ་ཤེད་ཀྱིས་བརྒྱབ་པས། ཁྱི་ཕྲུག་ཐར་གྱི་སྙིང་ཆུང་སླར་ཡང་གས་ལ་ཁད་ཀྱིས་བུ་ཆུང་ཟླ་བར་བལྟས་པ་ན། བུ་ཆུང་གིས་ཕུར་ཚུགས་སུ་རང་ལ་བལྟས་ནས་བསྡད་ཡོད་པ་མཐོང་། ཁོས་བུ་ཆུང་གི་བྱ་སྤྱོད་དེའི་ཧ་ཏིལ་འབྲུ་ཙམ་ཡང་མ་གོ་བར་འདྲི་བསམས་དུས། ཨ་མྱེ་བསོད་རྒྱལ་གྱིས་ཚ་བོའི་མགོ་ལ་བྱིལ་བྱིལ་བྱེད་བཞིན། “ཨ་ཕར་སྡང་མིག་བགྲད་ན་ཚེ་ཕྱི་མའི་ཡུལ་དུ་ཁྱོད་ཀྱི་མིག་ནང་ལ་མདའ་ཡིས་རྒྱག་ནི་རེད། དེ་ལྟར་བྱེད་མི་ཉན”ཞེས་བཤད་དུས། ཁྱི་མོ་འཚོས་མཐེབ་ཐུག་དཀར་ཡོལ་གང་བཟུང་སྟེ་ཚུར་ཐོན་བྱུང་བས། ཨ་མྱེ་བསོད་རྒྱལ་གྱིས་མཐེབ་ཐུག་འཐུང་། ཟླ་བས་དཔེ་ཆ་བཀླགས། ཁྱི་ཕྲུག་ཐར་ཁྱོ་ཤུག་ཟུང་གིས་ཞོ་པེའི་ཁ་གློང་ནས་བསྡད།
མཚམས་ཤིག་ལ། ཟླ་བས་ལག་གི་དཔེ་ཆ་ཤེད་ཀྱིས་ཐང་ལ་གཡུགས་ཤིིང་། དེ་ནས་ཟླ་བས་རང་ཉིད་ཆེས་དགའ་བའི་ཧཱ་པ་དེ་ལ་ལྟ་བཞིན་ལྟ་བཞིན་སེམས་ཀྱི་གཏིང་རིམ་ཞིག་ནས་ཁོང་ཁྲོའི་མེ་ལྕེ་ཞིག་ཇི་ལྟར་བཀག་ཀྱང་མ་ཁོགས་པར་མེ་རི་འཕྱུར་འཕྱུར་བྱས།
“ང་ལ་ཟ་མ་སྐོལ་ཁོམ་མེད་ན་ཅི་ཁག་སྟེ། ངས་མཚམས་རེར་གོ་རེ་ཟོས་ཆོག་ལ། མཚམས་རེར་ལྟོ་བ་འགྲངས་ཐབས་བྱས་ཆོག ཡིན་ནའང་ཨ་མྱེ་ནད་པ་འདི་ལ་ཟས་ཐུན་གསུམ་པོའང་དུས་ལྟར་མ་བླུད་ན་ཚེ་ཕྱི་མར་འགྲོ་རྒྱུར་མི་སྐྲག་གམ།”ཟླ་བས་ཁོང་ཁྲོ་དང་ངུ་སྐད་འདྲེས་མས་དེ་སྐད་བཤད་ཙ་ན། ཨ་མྱེ་བསོད་རྒྱལ་གྱིས་ཁོའི་ཁ་བཀག་ནས་བཤད་དུ་མ་བཅུག
ཟླ་བ་ནི་བྱིས་པ་ཡ་རབས་གཞུང་དྲང་ཞིག་རེད་ཅེས་སློབ་གྲྭ་ཕྱི་ནང་དང་། གཞིས་ཁུལ་ཕྱི་ནང་། སྡེ་པ་ཕྱི་ནང་ཀུན་ཏུ་རླུང་ལྟར་གྲགས་ཡོད་པས། མི་གཤིས་དང་སློབ་སྦྱོང་གང་ཅིའི་ཐད་ནས་ད་བར་དུ་ཁྱིམ་མི་ངོ་ཚ་དང་སེམས་ཚེགས་ལ་ཐེངས་གཅིག་ལའང་གཏད་མ་མྱོང་། ནང་སྒོས་སུ་སློབ་གྲྭར་འགྲིམས་པ་ནས་བརྩམས་ཏེ་ད་ལྟ་ལ་ཐུག་གི་བར་དུ་ཚིག་ལོག་ཐེངས་གཉིས་ལ་མ་གཏོགས་བརྒྱབ་མྱོང་མེད། ཐེངས་དང་པོ་ནི་ཟླ་བ་སློབ་ཆུང་འགྲིམ་དུས་ནི་ཏག་ཏག་ཁྱི་ཕྲུག་ཐར་བཟའ་ཟླ་གཉིས་ཀྱི་བྱ་བ་ལེགས་ལམ་དུ་ཕྱོགས་བཞིན་པའི་གནད་འགག་གི་སྐབས་དང་ཁེལ་བར་བརྟེན། ཨ་མྱེ་གཅིག་པུས་ཟླ་བ་ཡར་སྐྱེལ་མར་ལེན་དང་ཟ་མ་གཡོས་སྦྱོར་གྱིས་མཚོན་པའི་འགན་སྣ་ཚོགས་གཅིག་ལྕོགས་སུ་ཁུར་བས། མཐར་ལུས་ཕུང་གིས་མ་ལྕོགས་པར་མལ་སར་ལྷུང་། ཟླ་བས་ཨ་མྱེ་ལ་ཤེས་སུ་མ་བཅུག་པར་གསང་སྟབས་ཀྱིས་ཨ་ཕར་ཁ་པར་བཏང་ནས་ངུ་ཞོར་དང་སྡིག་ཞོར། འཛིང་ཞོར་དང་འཁང་ཞོར་བྱས་པ་དེ་དང་། གཉིས་པ་ནི་ད་ཅི་བཤད་པ་དེའོ། །
གློ་བུར་བའི་སྐད་ཆ་འདིས་ཁྱི་ཕྲུག་ཐར་ཁྱོ་ཤུག་ཟུང་ཧ་ལས་ཧོན་འཐོར་དུ་བཏང་བྱུང་བས། རེ་ཞིག་ཁང་པ་ཧྲིལ་པོའི་ནང་དུ་རང་སོ་སོའི་སྙིང་ལྡིང་བའི་སྒྲ་དང་ཧཱ་པའི་ཟུག་སྐད་ལས་ཅི་ཡང་མི་ཚོར་བས་དལ་ཅག་གེར་ལུས་ཤིང་ཁུ་སིམ་མེར་གནས།
གློ་བུར་དུ། ཁྱི་ཕྲུག་ཐར་གྱིས་ཨ་ཕའི་གཅིན་སྟན་བརྗེ་མེད་པ་དྲན་ཏེ་ཨ་ཕའི་ཁྲིའུ་འཁོར་དེད་དེ་མལ་ཁང་གི་ཕྱོགས་སུ་འགྲོ་གྲབས་བྱེད་དུས། ཨ་མྱེ་བསོད་རྒྱལ་གྱིས་ཁ་མུར་མུར་འགའ་བྱས་ཏེ། “ངའི་གཅིན་སྟན་ཟླ་བས་བརྗེས་ཟིན། ད་ང་རྒད་པོ་ལ་ཁའི་ཉི་མ་དང་ལ་གཏིང་གི་གྲིབ་མ་རེད། ངའི་ཆེད་དུ་ཕ་མ་དང་བུ་ཕྲུག་གི་བར་ལ་རྩོད་གཞི་བྱུང་ན་མི་བཟང་། དེ་མིན་ཟེར་ན་ང་རང་རྒན་གསོ་ཁང་དུ་བསྡད་ཆོག”ཟེར་བཞིན་ཕྲེང་བ་རང་གི་སྐེ་ལ་བསྐོན་རྗེས། ཁྲིའུ་འཁོར་ལ་བསྡད་དེ་རང་གི་མལ་ཁང་དུ་ལོག་པ་དང་། དེ་ནས་ཅང་མ་འགོར་བར་ཟླ་བས་ཀྱང་དཔེ་ཆ་ལག་ཏུ་བཟུང་ནས་རང་གི་མལ་ཁང་དུ་ལོག
ཨ་མྱེ་བསོད་རྒྱལ་གྱི་བསམ་པར། ངས་ལོ་འདི་དག་གི་རིང་ལ་བུ་ཆུང་བཟའ་ཟླ་གཉིས་སྡུག་ལ་སྦྱར་བ་མི་མང་ན་མི་ཉུང་། རང་གི་གཅིན་སྐྱག་ཀྱང་ཐག་གཅོད་མི་ནུས་པའི་མི་དྲག་ནད་པ་ཞིག་འཚོ་བ་ལས་ཤི་ན་དགའ། དེ་ལྟ་མིན་ཚེ་ནམ་ཞིག་འདི་ཕ་བུ་གཉིས་ཀྱི་བར་དུ་འཁོན་འཛིང་ཆེན་པོ་མི་འབྱུང་ངེས་པ་ཡེ་ནས་མི་འདུག་སྙམ་བཞིན་སྐེའི་ཕྲེང་བ་བླངས་ཏེ་ཁ་ཏོན་གྱི་འཕྲོ་བསྐྱངས་ནས་བསྡད། ཁྱི་ཕྲུག་ཐར་གྱི་བསམ་པར། བུ་ཆུང་ཟླ་བས་དོན་མེད་ལ་འདི་ལྟར་བཤད་མི་སྲིད་པས། ད་ནི་རང་ངོས་ནས་བཅོས་བསྒྱུར་བྱེད་རྒྱུ་ཞིག་ངེས་པར་དུ་ཡོད་ངེས་ཞེས་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་རུང་གཅིན་སྟན་ལན་གཅིག་ལ་མ་བརྗེ་བ་དེ་ལས་གནད་དོན་གཞན་གང་ཡང་མ་རྙེད་པ་དང་། ཁྱི་མོ་འཚོའི་བསམ་པར། བུ་ཆུང་ཡ་རབས་ཤིག་གིས་འདི་ལྟར་ཁོང་ཁྲོ་གནོན་མ་ཐུབ་པར་སྐད་ཆ་གང་མང་བརྗོད་པ་ལ་རྒྱུ་མཚན་ཞིག་ལོས་ཡོད་ཅེས་རིག་པ་ཉི་ཤུ་རྩ་ལྔ་བཀོལ་རུང་སྒྱུག་པོ་ལ་ཟས་ཐུན་གཅིག་བསྐོལ་འཕྱིས་པ་དེ་ལས་གནད་དོན་གཞན་གཅིག་ཀྱང་ངོས་ཟིན་མ་བྱུང་། ཡིན་ནའང་ཁྱི་ཕྲུག་ཐར་ཁྱོ་ཤུག་ཟུང་ལ་ཐུན་མོང་གི་བསམ་ཚུལ་ཞིག་ཡོད་པ་ནི། ཁྱིམ་ཚང་ཞིག་ཏུ་མ་གཞི་ནས་དགའ་དགའ་སྐྱིད་སྐྱིད་བྱེད་པ་གཙོ་བ་ལས་སུ་བདེན་སུ་ནོར་བརྟག་ཅིང་སུ་ལེགས་སུ་ཉེས་བརྩད་ན་སྙིང་པོ་མེད་པར་འདོད་པས། ཁྱི་ཕྲུག་ཐར་ཁྱོ་ཤུག་ཟུང་གིས་དགོང་ཇ་ཞིམ་པོ་ཞིག་བསྐོལ་བར་བརྟེན་ནས་ད་ཅིའི་མི་སྐྱིད་པའི་ས་རྡུལ་རྣམས་སྤྲུགས་ནས་གཙང་བཟོ་བྱེད་ཅི་ཐུབ་བྱས།
ཉིན་མོ་དེ་ནས་བཟུང་། ཟླ་བས་ཕ་མ་ཟུང་གི་མདུན་དུ་གཅེས་ཟོག་དང་འབྲེལ་ཡོད་ཀྱི་སྐད་ཆ་ཚིག་གཅིག་ཀྱང་བཤད་མ་མྱོང་ལ། ཁོའི་ཕ་མ་ཟུང་གིས་ཤ་ཚ་ཚ་དང་། སྙིང་ཉེ་ཉེ། ངག་སྙན་སྙན་སྒོས་ཞོ་པེ་ཞེས་འབོད་པར་བྱེད་པའི་ཧཱ་པ་དེར་མིག་ཟུང་གིས་ཐེངས་གཅིག་ལའང་བལྟས་མ་མྱོང་ངོ་། །