ཀྲུང་གོ་བོད་ཀྱི་དྲ་བ།

ཅོང་བརྡ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : རྩྭ་ཕྲན།   སྤེལ་དུས། : 2025-05-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞོགས་པའི་ཆུ་ཚོད་བདུན་དང་ཕྱེད་ཀའི་སྟེང་གི་ཅོང་བརྡ་གྲག་བྱུང་། དོན་གྲུབ་ཀྱིས་འགྲེ་ལྡོག་ཐེངས་ཤིག་བྱས་ནས་སྔས་མགོའི་འོག་གི་ཁ་པར་གྱི་ཅོང་བརྡ་མགྱོགས་པོར་གཟིམས། ཁོས་རྐང་མགོ་གཉིས་ཀ་གཅིག་གཅིག་ལ་ཕུར་ཕུར་འགའ་བྱས་པས་སྔར་མེད་ཀྱི་གཉིད་ཚོར་སྐྱིད་པོ་ཞིག་བྱུང་ཞིང་། ལག་པ་གཡོན་པས་བརླ་སྟེང་གི་འབྲུམ་བུར་འཕྲུག་འཕྲུག་ཙམ་བྱས། ལག་པ་གཡས་མས་སྟེང་གི་གཡོན་སྣེ་ཟགས་ཤིང་གཡས་སྣེ་ན་མདུད་རྟགས་སེར་པོ་ཡོད་པའི་ཉལ་ཐུལ་སྔོ་སྐྱ་དོམ་ཁྲའི་རི་མོ་ཅན་དེ་ཡར་ལ་འཐེན་ཙམ་བྱས།

ཡང་བསྐྱར་ཅོང་བརྡ་ཞིག་གྲག་བྱུང་། དེ་ནི་ཕ་གིའི་ཉལ་ཁྲི་ཨང་རྟགས་བཞི་པས་བཞག་པའི་ཆུ་ཚོད་བདུན་དང་སྐར་མ་སུམ་ཅུ་སོ་ལྔའི་ཅོང་བརྡ་རེད། ཅོང་བརྡ་ལས“གུས་པར་འོས་པའི་སྐུ་ཞབས་ཀརྨ་ལགས། ད་མལ་ལས་བཞེངས་རན་འདུག དེ་རིང་ནི་ཟླ་བཞི་པའི་ཚེས་གཉིས་དང་རེས་གཟའ་ལྷག་པ་རེད། དེ་རིང་སྤྲིན་མང་བས་ལྭ་བ་མཐུག་ཙམ་གྱོན་རོགས”ཞེས་རྒྱ་སྐད་གྲག་གིན་འདུག ཁོའི་གོམས་ལོབས་སུ་སོང་བའི་འགུལ་སྟབས་དེས་ཅོང་བརྡ་མགྱོགས་པོར་གཟིམས། དོན་གྲུབ་ཀྱིས་སེམས་སུ་སྐར་མ་འགའ་འགོར་རྗེས་མལ་ལས་ལངས་ནས་དཔེ་ཆ་བལྟ་རུ་འགྲོ་རྒྱུའི་འཆར་གཞི་བཟོས་པ་དང་དེ་རིང་རྒྱུགས་ཤོག་གཉིས་བྲིས་ཚར་དགོས་བསམས་ཡོད། གཉིད་ལོག་པ་ནི་འཇིག་རྟེན་སྟེང་གི་ཆེས་བདེ་སྐྱིད་ལྡན་པའི་བྱ་བའི་གྲས་ཀྱི་གཅིག་ཡིན་ལ། དེ་ནི་སློབ་ཆེན་སློབ་མ་དག་ལ་མཚོན་ན་སྐབས་འགར་ཉི་མ་གཏོང་བྱེད་དང་སྐབས་འགར་ངེས་པ་དོན་གྱི་ངལ་གསོ་སྟངས་ཤིག་ཡིན། དོན་གྲུབ་ཀྱི་ཁ་ཆུ་སྔས་འབོལ་སྟེང་ཟགས་ནས་འགྲམ་པ་རློན་པར་བྱས་ཡོད། ཚི་དྲེག་བྲོ་བའི་ཉལ་ཐུལ་དང་ཉལ་གདན་ལ་གཉེར་མ་མང་པོ་ཆགས་ཡོད། དོན་གྲུབ་ནི་སློབ་གྲྭ་ནས་མཐར་ཕྱིན་ལ་ཉེ་བའི་སློབ་ཆེན་སློབ་མ་ཞིག་ཡིན་ཡང་གཉིད་ལོག་སྐབས་ཀྱི་གཟུགས་རིས་ནི་ཆུང་ཆུང་བྱིས་པའི་དུས་དང་འདྲ་བར་སྙིང་ཉེ་ཞིང་ཡིད་དུ་འོང་ལ། སེམས་སུ་བྱ་བ་སོགས་ཀྱི་གནོན་ཤུགས་གང་ཡང་མེད་པ་འདྲ། ཡིན་ན་ཡང་། ཅོང་བརྡ་གྲག་ཐེངས་རེར་ཁོའི་ངལ་དུབ་ཀྱི་ངོ་གདོང་དང་གཏིང་དུ་ལྷུང་བའི་མིག་ཟུང་ལས་རེ་བ་གང་ཡང་མཐོང་མི་ཐུབ་པ་འདྲ།

སླར་ཡང་ཅོང་བརྡ་གྲག་བྱུང་། ཏག་ཏག་ཆུ་ཚོད་བརྒྱད་པ་རེད། དོན་གྲུབ་སྔངས་སྐྲག་ཅིག་གིས་དེད་པས་དེ་མ་ཐག་མལ་ལས་ལངས་ཤིང་ཁ་ལག་བཀྲུ་བར་ཕྱིན། ཆབ་ཁང་དུ་སློབ་གྲོགས་མང་པོས་རང་རང་ས་ན་གཞོན་ནུའི་མཛེས་པ་འཁུར་བའི་ངོ་གདོང་དང་འཛུམ་མདངས་ཁྱེར་བའི་སོ་ཕྲེང་བཀྲུ་བཞིན་འདུག དོན་གྲུབ་ཀྱིས་ཁ་ནང་དུ་སོ་བཀྲུ་ཞིག་བཟུང་ཡོད་ལ་ལག་པས་རྐང་སྣམ་གྱི་ཁ་ཐིག་བཤིགས་ཏེ་གཅིན་པ་ཙ་ར་ར་གཏོང་བཞིན་འདུག ཁོས་རང་གིས་བཏང་བའི་གཅིན་པར་ཞེད་སྣང་སྐྱེ་བའི་ངང་ཚུལ་གྱིས་མགོ་བོར་ལྟག་པར་དགྱེ་ནས་མགྱོགས་པོར་བཏང་ཚར་བར་བྱས། ཁོས་ཁ་ལག་བཀྲུ་ཞོར་དུ་མདུན་ཐད་ཀྱི་གྱང་ངོས་སུ་བཀལ་བའི་མེ་ལོང་ཆེན་པོའི་ནང་གི་རང་ཉིད་ལ་བལྟས། སྔོན་དུས་ཀྱི་སྐྲ་ལོ་རྒྱ་ལྕང་འདྲ་བོ་ད་ནི་ཁྱིམ་ཚང་ངན་པ་ཞིག་གི་རས་ཕྱགས་དང་འདྲ་བར་གཟེངས་ཤིང་འཕྱང་ནས་འདུག་ལ། སྨུག་ཞད་འདྲེས་པའི་ངོ་མདངས་དེ་ལ་ད་ནི་དཀར་ཤ་ཅུང་ཙམ་རྒྱས་ཡོད་པས་ཡུལ་དུ་ལོག་ན་ཡུལ་མི་ཚོས་ཁོ་ལ་རྒྱ་ཕྲུག་ཅེས་འབོད་པའང་ཡོད། ཁོས་ལག་པའི་སྙིམ་པར་ཆུ་གང་བཅུས་ནས་སྐྲ་ཤད་ཅིང་སྐྲ་ཚུགས་བཟོས། མདང་ནུབ་གཉིད་ཆག་མེད་རུང་མིག་གཡས་མར་སུ་ཞིག་གིས་ཁུ་ཚུར་གྱིས་རྡེག་པ་བཞིན་སྐྲངས་ནས་འདུག དེ་ནི་ཕལ་ཆེར་ཉིན་འདི་དག་ལ་རང་ཉིད་སློབ་མཐར་ཕྱིན་དུས་ལག་སྟོང་ངང་ཕྱིར་ཕ་ཡུལ་དུ་ལོག་ན་ངོ་རེ་ཚ་སྙམ་པའི་སེམས་ཀྱི་གནོན་ཤུགས་དེས་བསྐྱེད་པར་བསམས། གློ་བུར་དུ། དེ་ཡང་མིན་པ་འདྲ་སྟེ། ད་ནངས་ཁོ་རང་གཉིད་ལས་སད་དུས་ཁ་སྦུབ་ཏུ་ཉལ་འདུག་པ་དང་། ལག་པའི་དཔུང་ངར་མིག་གཡས་མ་ལ་ཁེལ་འདུག་པས་སྐྲངས་དོན་དེ་ཡིན་བསམས། དེ་མིན་ཚེ་སྤྱིར་བཏང་གི་བྱ་བའི་གནོན་ཤུགས་ཙམ་གྱིས་རང་གི་ཤ་ཁྲག་གདོས་བཅས་ཀྱི་ཕུང་བོ་ལ་ཤུགས་རྐྱེན་དེ་འདྲ་ཐེབས་མི་ཐུབ་བསམས་ནས་ཁོང་དགོད་ཤོར།

དོན་གྲུབ་ཕྱིར་ཉལ་ཁང་དུ་ལོག་དུས། ཉལ་ཁྲི་ཨང་རྟགས་བཞི་པའི་སྔས་མགོ་ན་ད་དུང་ཡང“གུས་པར་འོས་པའི་སྐུ་ཞབས་ཀརྨ་ལགས། ད་མལ་ལས་བཞེངས་རན་འདུག”ཅེས་པའི་ཅོང་བརྡ་ཡང་དང་བསྐྱར་དུ་གྲག་གིན་འདུག་ན་ཡང་། ཀརྨ་ནི་སྐྱིད་པོའི་གཉིད་རིང་ཁུགས་ནས་རྨི་ལམ་གྱི་གྲོང་ཚོ་འགྲིམ་བཞིན་ཡོད་པ་ཐག་གིས་ཆོད་ལ། ཅོང་བརྡ་དེས་ཁོ་རང་གཉིད་ལས་སློང་བར་རེ་བ་ཕྲན་བུ་ཡང་སྟེར་ཐུབ་ཀྱིན་མི་འདུག འོན་ཀྱང་དོན་གྲུབ་ལ་མཚོན་ན་དེ་ནི་དཔེ་མི་སྲིད་པ་འདྲ་སྟེ་ཅོང་བརྡ་གྲག་མ་ཐག་ཁོ་རང་སྔངས་སད་རྒྱག་ངེས། དེ་བས་དོན་གྲུབ་ཀྱིས་ཀརྨ་འབོད་གྲབས་བྱེད་དུས། གློ་བུར་དུ“བོས་ཀྱང་ལངས་མི་སྲིད། ཁ་སང་། ཁེ་ཉིན། དེ་ལྟར་བོས་པ་མིན་ནམ”སྙམ་པས་ཁ་རོག་གེར་བསྡད་ཅིང་། ཀརྨ་དུས་ཚོད་ལྟར་མལ་ལས་མི་ལངས་ན་ཅོང་བརྡ་བཞག་ནས་ཅི་བྱེད་ཨང་སྙམ་པ་དང་། “ཁྱེད་རང་སྔ་མོ་གཉིད་ལས་སློང་བྱེད་དེ་སྔས་མགོའི་ཅོང་བརྡ་མ་ཡིན་པར་སེམས་ཁོང་གི་ཕུགས་བསམ་རེད”ཅེས་པ་མིན་ནམ་བསམས་ཤིང་། ཁོས་ཅོང་བརྡ་བཞག་ན་ཡང་དེ་ལ་ཡ་མཚན་སྐྱེ་དགོས་དོན་མི་འདུག ཀརྨ་གཟའ་མཇུག་འདིར་གཞུང་ཞབས་པའི་རྒྱུགས་ལ་ཞུགས་དགོས་པ་མིན་ནམ་སྙམ། དོན་གྲུབ་རྒྱུན་དུ་སྔ་མོ་ནས་ལངས་ཏེ་དཔེ་ཆར་བལྟས་ན་ཡང་རྒྱུགས་འབྲས་དང་སློབ་སྐབས་མཇུག་གི་ཕྱོགས་སྡོམ་ཨང་རིམ་ཁྲོད་དུ་ཀརྨ་ནམ་ཡང་ཁོ་ལས་མཐོ་བ་ཡིན། སྐབས་རེར་ཁོ་རང་ཀརྨ་ལ་ཡིད་སྨོན་སྐྱེ་བཞིན་ཡོད། ཁོས“ལས་ཟེར་བ་ངོ་མ་ཡ་མཚན་རེད། ཡོད་ཚད་སྔར་ནས་བཀོད་སྒྲིག་བྱས་ཟིན་པ་འདྲ”སྙམ་ཞོར་དུ་དཔེ་ཁུག་ནག་པོ་དེར་དཔེ་ཆ་གང་བསྡུ་ཞོར་དེ་རིང་ནངས་ཇ་ཅི་ཞིག་འཐུང་དགོས་པར་སེམས་ཁྲལ་བྱས། སློབ་སྐབས་འདིར་དོན་གྲུབ་སློབ་སྐབས་སྔོན་མ་དག་དང་མི་འདྲ་བར་ནངས་ཇ་གཟའ་འཁོར་རེར་གཅིག་གཉིས་ལས་འཐུང་གིན་མེད། རྒྱུ་མཚན་གསལ་བོ་ཁོས་ཀྱང་ཤེས་ཀྱིན་མི་འདུག ནངས་ཇ་དང་དྲོས་ཇ་སོགས་འཐུང་འདོད་ཀྱི་སེམས་ཤུགས་དང་འདུན་པ་སྔོན་དང་བསྡུར་ན་ལྡབ་འགྱུར་གྱིས་དམའ་རུ་ཕྱིན་ཞིང་། སློབ་གྲྭའི་ཟ་ཁང་དུ་སོང་ན། ཟ་ཁང་ནང་གི་ཟ་མ་གང་ལ་བལྟས་ཀྱང་ཞེན་ཁ་ལོག་ཡོང་བའི་ཚད་དུ་ཡོད། དེའི་སྟབས་ཀྱིས་ནུབ་ཇ་མཚམས་རེར་བོད་ཟས་དང་སྐབས་རེར་མགྱོགས་ཐུག་འཐུང་ནས་ལྟོགས་མགོ་གནོན་གྱིན་ཡོད།

ཅོང་བརྡ་གྲག་བྱུང་། དེ་ནི་ཆུ་ཚོད་བརྒྱད་དང་སྐར་མ་བཞི་བཅུའི་སྟེང་གི་སློབ་ཐུན་འཚོགས་བརྡ་རེད། ཁ་སང་དང་འདྲ་བར་དོན་གྲུབ་ཀྱིས་ནངས་ཇ་མ་འཐུང་བར་ཐད་ཀར་དཔེ་མཛོད་ཁང་དུ་ཕྱིན། ལམ་བར་དུ་ཞི་ལ་ཞིག་ཁོའི་རྗེས་སུ་འབྲངས་ནས་ཡོང་བ་མཐོང་བས། དོན་གྲུབ་ཀྱིས་ཞི་ལ་ཉེ་སར་བཅར་མ་ཐག་རྡོག་ཐོ་ཡིས་བརྒྱབ་སྟེ་ཁོ་དང་སྨི་གཉིས་གསུམ་གྱི་སར་འཕངས། ཞི་ལ་ནི་ཞི་ལ་རང་སྟེ་ཡང་ཞིང་གཡོ་བའི་གཟུགས་པོ་ཆུང་ཆུང་དེས་རྡོག་ཐོ་ཞིག་གི་རྒོལ་བ་ཅི་ལ་ཐེག དེ་མ་ཐག་ངུ་ཟུག་འདོན་ཞོར་བྲོས་སོང་། དེ་དུས། དོན་གྲུབ་འགྱོད་པ་སྐྱེ་བཞིན་འདུག ཁོས་རང་གི་མགོ་བོར་ཁུ་ཚུར་གྱིས་རྡེག་ཞོར་མི་འགྱངས་པར་སློབ་མཐར་ཕྱིན་ན། སློབ་གྲྭ་འདིའི་ཁོ་ར་ཁོར་ཡུག་དང་རྩྭ་རྩི་ཤིང་། སེམས་ལྡན་སྲོག་ཆགས་སོགས་ལ་སླར་འཕྲད་མི་དགོས་པས་དེ་དག་ལ་གནོད་བྱས་ནས་ཅི་བྱ་སྙམ་པ་དང་འགྱོད་སྣང་ཆེ་རུ་སོང་། དོན་གྲུབ་ཀྱིས་མགོ་བོ་བཀྱགས་དུས་དཔེ་མཛོད་ཁང་གི་སྒོ་ཁར་སླེབས་འདུག གླང་རྫིའི་དོར་མ་གོན་པའི་བུ་མོ་ཞིག་ཁོའི་མདུན་ཐད་ནས་སྒོར་ཡོང་གིན་པ་མཐོང་། བུ་མོ་དེས་གོམ་པ་སྤོ་བའི་སྟངས་སྟབས་དང་མགོ་བོ་སྨད་པའི་ངང་ཚུལ་ལ་བལྟས་ན་བུ་མོ་བབ་ཆགས་ཤ་ཚ་མོ་ཞིག་རེད་བསམ་ཞོར་དུ་དོན་གྲུབ་ཀྱི་མིག་ཟུང་བཟུར་ཙམ་ཡང་མ་བྱས་པར་ཅེར་ཏེ་ལུས། བུ་མོ་དེ་ཅུང་ཁ་སྐྱེངས་པས་རི་དྭགས་ཀྱིས་རྔོན་པ་མཐོང་བ་ནང་བཞིན་དུ་ཤར་མར་བྲོས་པས། ཁོའི་སེམས་སུ“ད་ཆོག་ཀི བུ་མོ་དེས་ཅི་བྱ། མངའ་བདག་མིན་པས། གཅིག་གིས་ཆོག་པ་རེད”སྙམ་ཞོར་དུ་དཔེ་ཁང་དུ་འཛུལ།

བཞི་ཐོག་གི་ལྟ་ཀློག་ཁང་དུ་སླེབས་པ་ན། བརྩོན་འགྲུས་ཅན་གྱི་སློབ་གྲོགས་རྣམས་ཀྱིས་མདུན་ཅོག་སྟེང་དུ་དགེ་རྒན་གྱི་འཛིན་ཡིག་ལ་རྒྱུགས་སྤྲོད་པའི་དཔེ་ཆ་དང་རྒྱུགས་ཤོག གཞུང་ཞབས་པར་རྒྱུགས་སྤྲོད་པའི་དཔེ་ཆ་དང་རྒྱུགས་ཤོག དབྱིན་ཇིའི་ཡིག་ཚད་བཞི་པ་དང་དྲུག་པར་རྒྱུགས་སྤྲོད་པའི་དཔེ་ཆ་དང་རྒྱུགས་ཤོག གཙང་ཤོག་དང་ཇ་ཕོར། ཁ་པར་དང་ཆུ་ཚོད། གློག་ཀླད་དང་ཉན་ཆས། ངོ་དེབ་དང་སྨྱུ་གུ་མདོག་སྣ་མང་པོ་བསྒྲིགས་འདུག རྐུབ་སྟེགས་ཀྱི་རྒྱབ་སྐྱོར་ངོས་སུ་དཔེ་ཁུག་དང་ལག་ཁུག རང་རང་གི་སྟོད་ལྭ་སོགས་བཀལ་ཡོད། དོན་གྲུབ་ཀྱིས་རང་ཉིད་ཀྱི་ཀོ་བའི་ཁུག་མ་ལས་གཞུང་ཞབས་པར་རྒྱུགས་སྤྲོད་པའི་དཔེ་ཆ་དག་བླངས་ནས་མདུན་ཅོག་སྟེང་དུ་བཞག་པ་དང་རུམ་ཁུག་ནས་སྨྱུ་གུ་གཉིས་བླངས། རྒྱབ་ཁུག་རྐུབ་སྟེགས་ཀྱི་རྒྱབ་སྐྱོར་ལ་བསྐོན། དེར་མཐུད་དེ་དཔེ་ཆའི་ཁ་ཕྱེ་ནས་སྨྱུ་གུས་ཚིག་འབྲུ་རེ་ལ་རྟགས་དམར་ནག་གཉིས་ཀ་བརྒྱབ།

སྐར་མ་ཁ་ཤས་འགོར་རྗེས། ཁོའི་སེམས་སུ་རང་དབང་མེད་པར་དཔེ་མཛོད་ཁང་གི་སྒོ་ཁ་ནས་འཕྲད་པའི་བུ་མོ་དེ་དྲན།

བུ་མོ་དེ་ལོ་རིམ་གསུམ་པའི་སློབ་མ་ཞིག་ཡིན་པ་འདྲ། ཁོས་ཡང་བསྐྱར་ཁོང་དགོད་ཅིག་ཤོར། མདུན་གྱི་དཔེ་ཆ་མང་པོར་ལྟ་ཞོར་སུན་སྣང་སྐྱེས། རང་ཉིད་རྒྱུགས་ཀྱི་བྲན་གཡོག་ཏུ་གྱུར་པར་འཁང་ར་བྱས། སྟོང་བསམ་སྣ་ཚོགས་ཁྲོད་བྱིངས། ཁོ་རང་དཔེ་མཛོད་ཁང་དུ་ཡོང་ཐེངས་རེར་རྒྱུན་པར་བསམ་བློ་དེ་ལྟར་གཏོང་གིན་ཡོད། ཡིན་ནའང་ཁོས་རང་གི་འདོད་པ་ལྟར་གྱི་མི་ཞིག་བྱ་བར་འབད་བརྩོན་ཅི་འདྲ་བྱས་ཀྱང་དེ་ནི་སྟོང་བ་ཉིད་ཀྱི་འཁོར་ལོ་སྟེ། ནམ་ཞར་སྤྱི་ཚོགས་ཀྱི་རླབས་རྒྱུན་གྱིས་དྲུད་འགྲོ་བས། ཁོས་རང་ལ་མཚང་མིང་ཞིག་ཀྱང་བཏགས་ཡོད། སློབ་གྲྭར་ཡང་མཚང་མིང་ཞིག་བཏགས་ཡོད། མཚང་མིང་དེ་གཉིས་ཁོ་ལས་གཞན་སུས་ཀྱང་མི་ཤེས། སྐབས་རེར་བསམ་ཚུལ་འདི་དག་ནི་ཐབས་ཟད་པ་དང་ཁ་གཡར་ས་འབའ་ཞིག་ཡིན་པས། བརྩོན་པ་བསྐྱེད་རྒྱུ་ནི་མིག་སྔའི་དོན་དག་གལ་ཆེན་དུ་རྩི་བཞིན་ཡོད།

གློ་བུར་དུ་ཁ་པར་དུ་འཕྲིན་བརྡ་ཞིག་འབྱོར། དེ་ནི་ཨ་མས་བཞག་པའི་སྐད་བརྡ་ཞིག་རེད། ཁོས་ཁ་པར་རྣ་རྩར་བཞག་ནས་ཉན་ཙ་ན། “མ་ལོ། ཅི་ཞིག་བྱེད་ཀྱིན་ཡོད། སློབ་གྲྭ་ནས་དཀའ་ལས་མྱོང་གིན་མེད་ལ། སྒོར་མོ་ཚར་ཀི་ཨེ་ཡོད་ཀི ཡོད་ན་ཤོད་དང་ཨ་ཕ་ངེད་གཉིས་ཀྱིས་བསྐུར་ཡོང”ཟེར། དོན་གྲུབ་ཕོ་ལོ་ཉེར་གསུམ་ལ་སོན་པའི་སྟག་ཤ་ར་ཞིག་ཡིན་ཡང་། ཨ་མའི་སྐད་སྒྲ་ཐོས་དུས་མགྲིན་པ་མཆི་མས་བརྣངས་ཡོང་བས། ཁོའི་ཆུ་ཤེལ་ལྟ་བུའི་མིག་ཟུང་ལ་མཆི་མ་འཁོར། ལྟ་ཀློག་ཁང་དུ་ཡོད་པས་སྐད་འཇོག་པར་སྟབས་མི་བདེ་བས་མགྱོགས་པོར་སྒོར་བུད་ནས“མ་གཅེས། དཀའ་ཡི་མེད། སྒོར་མོའང་ཡོད། ཨ་ཕ་ཁྱེད་གཉིས་ཀྱིས་ཅི་ཞིག་བྱེད་ཀྱིན་ཡོད། དཀའ་ལས་མྱོང་གིན་མེད་ལ”ཞེས་པའི་སྐད་ལན་སྤྲད། དོན་གྲུབ་ལ་མཚོན་ན་ཕ་མ་གཉིས་ནི་ཅི་བས་ཀྱང་གལ་ཆེ་ལ། སློབ་སྦྱོང་གི་སྒུལ་ཤུགས་ཡང་གཙོ་བ་ཡིན་པས། ནམ་རྒྱུན་ཁོ་རང་དོན་དག་ག་གེ་མོའི་དབང་གིས་སེམས་པ་སྡུག་གི་ཐང་ལ་ལྷུང་ཐེངས་རེར་ཁོང་གཉིས་དྲན་ནས་རང་ལ་སེམས་ཤུགས་སྩོལ་བཞིན་ཡོད། དོན་གྲུབ་མགྱོགས་པོར་ཕྱིར་དཔེ་ཁང་དུ་ལོག་ནས་མུ་མཐུད་དུ་དཔེ་ཆར་བལྟས། ད་ལྟ་ཁོའི་མིག་ཟུང་དུ་རེ་བའི་འོད་སྣང་འཚེར་གྱིན་ཡོད། ཡིན་ན་ཡང་། འདི་ལྟ་བུའི་འོད་སྣང་གི་དུས་ཡུན་ཤིན་ཏུ་ཐུང་བས་ཁོའི་མིག་ཟུང་གི་སྡུག་སྣང་སུས་ཀྱང་བཤད་མི་ཐུབ་ལ། ཐ་ན་ཁོ་རང་ཉིད་ཀྱིས་ཀྱང་བཤད་ཁག་པོར་གྱུར་ཡོད།

ཞིབ་ཏུ་བལྟས་ན། ཁོའི་སྔོན་ཆད་ཀྱི་ཆུ་ཤེལ་ལྟ་བུའི་མིག་འབྲས་ཀྱི་མཐའ་གཡས་གཡོན་དང་གོང་འོག་གི་ཤ་སྐྱི་དམར་སེར་འདྲེས་མའི་མདངས་ཀྱིས་བཟུང་བས། ཁོས་མེ་ལོང་དུ་ལྟ་ཐེངས་རེ་རེར་ཆུ་ཤེལ་ལྟ་བུའི་མིག་འབྲས་ཤིག་ལ་རེ་བ་བཅངས་ཡོད་ཀྱང་། སྐར་མ་འགའ་འགོར་རྗེས། ཁོའི་མིག་ཟུང་གི་འོད་སྣང་རབ་རིབ་མག་མོག་ཏུ་གྱུར་བ་དང་མགོ་བོ་ཡར་ལ་དགྱེ་ཙམ་བྱས་ནས་སླར་ཡང་བསམ་གཞིག་གཏོང་མགོ་བརྩམས། ཚུགས་ཀ་དེ་ནི་སྐབས་རེར་སྙིང་རྗེ་ཞིང་རང་ཉིད་ཀྱི་མགོ་བོར་བྱིལ་བྱིལ་འགའ་བྱེད་འདོད། གློ་བུར་དུ་དོན་གྲུབ་རྐུབ་སྟེགས་ནས་ཡར་ལངས་ཏེ་སྒོར་བུད། མ་གཞི་དེ་ནི་ཁོས་གཅིན་གཏོང་འདོད་པས་ཡིན། ཆབ་ཁང་དུ་སོང་ནས་གཅིན་སྐྱིད་པོ་ཞིག་བཏང་བ་དང་སྒོ་འགྲམ་ནས་ལག་པ་གཙང་མར་བཀྲུ་ཞོར་མེ་ལོང་ནང་གི་རང་ཉིད་ལ་བལྟས། མེ་ལོང་ནི་དྲིན་ཆེ་བའི་ཨ་ནེ་གད་བདར་མཁན་གྱིས་གཙང་མར་བཀྲུས་པས་ཁོའི་གདོང་གི་འབྲུམ་བུ་དག་ཀྱང་གསལ་བོར་མཐོང་ཐུབ། དོན་གྲུབ་ཀྱིས་རང་གི་སྣ་རྩའི་འབྲུམ་བུ་དེ་ལག་པའི་གོང་མཛུབ་གཉིས་ཀྱི་བར་དུ་ཤིག་བཙིར་བཙིར་བྱས་པ་ན། འབྲུམ་བུ་ཆུང་ཆུང་དེ་དག་ལས་འབུ་ཕྲན་དཀར་པོ་ཤིན་ཏུ་ཕྲ་བ་ཞིག་བུད་པའི་རྗེས་སུ་ཁྲག་ཉུང་ཙམ་ཕྱི་རུ་བུད། ཁོས་རུམ་ཁུག་ནས་གཙང་ཤོག་ལེབ་གཅིག་བླངས་ནས་གཙང་མར་ཕྱིས། དེ་དུས། ཁོའི་ལུས་སེམས་ཀྱི་ན་ཟུག་དང་གནོན་ཤུགས་ཡོད་ཚད་སྐད་ཅིག་ཉིད་ལ་སངས་བའི་ཚོར་བ་བྱུང་། མེ་ལོང་ནང་གི་རང་ཉིད་མཐོང་ནས་ཁོང་དགོད་ཤོར། དེ་ནི་རང་ཉིད་ལ་སྙིང་ཉེ་ཚུལ་ཞིག་རེད།

གློ་བུར་དུ་རུམ་ཁུག་ནས་ཁ་པར་གྱི་ཅོང་བརྡ་གྲག་བྱུང་། ཅོང་བརྡ་དེ་ནི་ཁོའི་དགའ་རོགས་ཀྱིས་བསྐུར་བའི་འཕྲིན་བརྡ་རེད། “སྙིང་ཉེ་ལགས། མདང་དགོང་ངས་ཁྱེད་རང་རྨི་ལམ་དུ་རྨིས་བྱུང་། ཁྱོད་ཀྱིས་བལྟས་ན་དེ་དོན་དག་བཟང་པོ་ཞིག་རེད་དམ་ངན་པ་ཞིག་རེད།”ཅེས་མཇུག་ཏུ་ཕག་མགོ་ཆུང་ཆུང་ཞིག་བསྐུར་འདུག ཁོས་ཁོང་དགོད་ཅིག་བྱས་རྗེས་ལན་གང་ཡང་བསྐུར་འདོད་མ་བྱུང་། ཁོས་བུ་མོ་ཞིག་དང་མཛའ་གྲོགས་སྒྲིག་པའི་དོན་དག་ལ་དེ་འདྲའི་དང་དོད་བྱེད་ཀྱིན་མེད། ཁོས་བརྩེ་དུང་གི་ཡང་སྙིང་ཅི་ཞིག་ཡིན་པར་འདང་བརྒྱབ་མྱོང་ན་ཡང་། འདང་ཕོག་གིན་མེད། ནམ་རྒྱུན་རྒྱ་ཆེ་ས་དང་གཏིང་ཟབ་སར་འདང་རྒྱག་རྒྱུར་དགའ་བས་འཚོ་བའི་ཟ་ཟུར་གྱི་དོན་དག་ཆུང་ཆུང་མང་པོ་ལས་བསྐྱེད་པའི་བདེ་སྐྱིད་མྱོང་ཐུབ་ཀྱིན་མེད་པ་འདྲ། ཐ་ན་ཁུ་ནག་ཁམ་གང་འཐུང་བའི་རྗེས་སུ་རུས་པར་གནོད་པ་དང་ཁ་ཚ་ལན་གཅིག་ཟོས་ན་ཕོ་བར་གནོད་པར་འདང་རྒྱག་གིན་ཡོད། ཡིན་ན་ཡང་ཁོ་རང་གསར་བུ་སྤྱི་དང་འདྲ་བར་བུ་མོ་ཚོའི་གཟུགས་ཀྱི་མཛེས་པ་དང་གདོང་གི་ཡག་བཙོག་ལ་རྩད་སྡུར་བྱེད་རྒྱུར་དགའ།

དོན་གྲུབ་མི་འགྱངས་པར་སློབ་མཐར་ཕྱིན་ན་ཆུང་མ་ཇི་ལྟ་བུ་ཞིག་འཚོལ་དགོས་པར་སེམས་ཚེགས་སྐྱེ་བཞིན་ཡོད་ལ་ཁྱིམ་ཐབ་ཇི་ལྟར་འཛིན་པར་སྔངས་སྐྲག་སྐྱེ་བཞིན་ཡོད། ཁོ་རང་སློབ་མཐར་ཕྱིན་པ་ལ་དགའ་སྤྲོ་ཆེན་པོ་སྐྱེ་བཞིན་མེད་པ་འདྲ། མགོ་བོ་བཀྱགས་ནས་དཔེ་མཛོད་ཁང་གི་སློབ་གྲོགས་རྣམས་ལ་བལྟས། སློབ་གྲོགས་ཚོའི་ནན་ཏན་དང་གཟབ་ནན་གྱི་ངང་ཚུལ་གྱིས་ཁོ་རང་བསམ་གཞིག་གི་ཀློང་ནས་ཕྱིར་ཁྲིད་དེ་རྒྱུགས་ཤོག་ཅིག་འབྲི་བར་སྟ་གོན་བྱས།

ཅོང་བརྡ་གྲག་བྱུང་། དེ་ནི་བློས་ཐུབ་ཀྱི་གྲོགས་པོོས་སྐད་འཕྲིན་དུ་བསྐུར་བ་རེད། “ཤ་ཉེ། ད་ཐེངས་ཀྱི་ཞིང་ཆེན་རིམ་པའི་གཞུང་ཞབས་པའི་རྒྱུགས་ཀྱི་སྐར་འབྲས་ཐོན་འདུག ལྟོས་དང་།”ཞེས་པའི་མཇུག་ཏུ་དྲ་ཚུགས་ཤིག་བསྐུར་འདུག དོན་གྲུབ་ཀྱིས་ཐོག་མར་སེམས་ཁམས་སྙོམ་སྒྲིག་ཅིག་བྱས་པ་དང་བར་དུ་ལག་པས་རང་གི་སྙིང་ཁར་ཤད་ཤད་ཙམ་བྱས་རྗེས་དྲ་ཚུགས་ཁ་ཕྱེ་ནས་རང་གི་མིང་དང་ཐོབ་དཔང་ཨང་གྲངས་གཏགས་ཏེ་འཚོལ་བཤེར་བྱས། སྡོམ་སྐར་བརྒྱ་དང་ཉི་ཤུ་རྩ་བཞི་ཡོད་པ་དང་ཨང་རིམ་བརྒྱད་པ་ན་ཡོད་པས་རིམ་པ་གཉིས་པའི་ཁ་རྒྱུགས་ལ་ཚུད་ཐུབ་མེད། ཁོའི་སེམས་སུ་འགྱོད་སྣང་མི་འདུག འབད་པ་བྱས་པས་ཆོག་པར་སྙམ། ཡིན་ན་ཡང་སྐར་མ་ཁ་ཤས་འགོར་བ་དང་ཁ་རྒྱུགས་ལ་མི་བདུན་ཚུད་ཡོད་པས་ཁོ་ཨང་རིམ་དེའི་གཅོད་མཚམས་སུ་ལུས་པར་བསམས་ནས་འགྱོད་སྣང་ཕྲན་བུ་ཞིག་རིམ་གྱིས་ཇེ་སྟུག་ཇེ་ཟབ་ཏུ་གྱུར་ལ། ངལ་དུབ་ཀྱི་མིག་ཟུང་སྔར་ལས་རབ་རིབ་མག་མོག་ཏུ་གྱུར། གློ་བུར་དུ། དོན་གྲུབ་ཀྱིས་ཕ་ཡུལ་གྱི་ཤ་ཚོན་པོ་བཙོས་མ་རླངས་པ་ཐུ་ལི་ལི་བྱེད་པ་དེ་དྲན་བྱུང་། ད་དུང་ཞོ་དང་འོ་མ། འོ་ཇ་དཀར་པོ་དག་དྲན། རྩྭ་ཐང་ནས་སྣང་བ་དགུང་ལ་འདྲེན་པའི་ཆུང་དུས་ཀྱི་རྩེད་རོགས་རྟ་ཕོ་དྲན་བྱུང་། ཁ་བདེ་ལྕེ་བདེ་ཡི་ཁ་ཡ་ན་ཟླ་དེ་དག་དྲན་བྱུང་། ཁོ་ཚང་གི་སྒོ་ཁྱི་རྒྱ་སྟག་དང་བེའུ་ཐོད་དཀར་སོགས་གཅིག་གཅིག་གཉིས་གཉིས་ཀྱིས་དྲན་ཡོང་།

ཅོང་བརྡ་གྲག་བྱུང་། དེ་ནི་རང་ལ་ནམ་རྒྱུན་སེམས་གསོ་དང་སྐུལ་ལྕག  ཁ་ཕྱོགས་སྟོན་པའི་ཨ་ཁུ་ཟླ་བ་ལགས་ཀྱི་སྐད་ལན་རེད། མདང་དགོང་། དོན་གྲུབ་གཉིད་མ་ཁུགས་པར་ཨ་ཁུ་ཟླ་བ་ལགས་ལ་ཡི་གེ་བསྐུར། “ཨ་ཁུ། ཉེ་ལམ་ཁོ་བོས་བྱ་བ་གང་ཞིག་བསྒྲུབས་ན་ཡང་སེམས་རྩེ་གཅིག་ཏུ་གནས་མི་ཐུབ་པར་ཡས་འདང་དང་མས་འདང་མང་པོ་རྒྱག་དགོས། ད་ཅི་བྱས་ན་དགའ། ཡུལ་དུ་ལོག་ནས་སེམས་ལྷོད་ལྷོད་ཅིག་མ་བྱས་ན་སེམས་པ་འདི་བརྟན་པོ་ཡོང་ཐབས་མི་འདུག”ཅེས་བསྐུར། ཨ་ཁུ་ཟླ་བས“ཁུ་ལོ། སྐྱོན་ཡོད་ནི་མ་རེད། མང་པོར་འདང་མ་རྒྱག གཙོ་བོ་མིག་མདུན་གྱི་བྱ་བར་འབད་པ་བྱོས་དང་དེས་ཆོག  ལས་ཀ་ཞིག་རྙེད་ན་མ་རྙེད་ན་དེ་གཙོ་བོ་མ་རེད། གཙོ་བོ་རང་རྒྱུད་ལ་ཤེས་རིག་ཡོན་ཏན་རེ་འབྱོར་རྒྱུ་དེ་རེད།”ཅེས་བཤད་ཡོད། དོན་གྲུབ་ཀྱི་སེམས་པ་བློང་བློང་བོར་གྱུར་ཡོད་པ་དེ་གློ་བུར་དུ་གསལ་ཐང་ངེར་གྱུར་སོང་། ཨ་ཁུ་ལགས་དང་ཁ་བརྡ་བྱེད་ཐེངས་རེར་དོན་གྲུབ་སྔར་བས་བག་ལྷོད་ཅིག་ཡོང་ཐུབ་པས་སེམས་པ་ཉིན་གང་བོར་སྐྱིད་པོ་ཡོང་ངེས། དོན་གྲུབ་ལ་མཚོན་ན་ཨ་ཁུ་ཟླ་བ་ནི་ཁོའི་བསམ་པའི་རྒྱབ་རི་ཆེན་པོ་ཞིག་ཡིན་པ་དང་། ལྷག་པར་དུ་སློབ་ཆེན་དུ་སླེབས་པ་ནས་དོན་གྲུབ་ལ་སྔོན་གྱི་མཐོ་འབྲིང་ལྟར་དགེ་རྒན་གྱི་སྣེ་ཁྲིད་དང་ཕྱོགས་སྟོན་མང་པོ་མེད་པས་རང་གིས་ཕར་མ་བཙལ་ན་ཁྱོད་ཚུར་ལ་བཙལ་ནས་ཡོང་མཁན་དཀོན་པས། ཨ་ཁུ་ཟླ་བས་ཉིན་གྲངས་བཅུ་ཕྲག་འགའ་ཤས་ནས་ཁོ་ལ་འབྲེལ་གཏུག་བྱས་ནས་སློབ་གྲྭའི་འཚོ་བར་རྒྱུས་ལོན་དང་སློབ་སྦྱོང་གི་དཀའ་ཁག་མང་པོར་ཐག་གཅོད་རོགས་བྱེད་ཀྱིན་པས་དོན་གྲུབ་ལ་མཚོན་ན་ཨ་ཁུ་ཟླ་བ་ལགས་ནི་ཁོའི་མི་ཚེའི་ནར་སོན་གྱི་གོ་རིམ་ཁྲོད་མེད་ཐབས་མེད་པའི་འོད་སྣང་ཞིག་ཡིན། ཨ་ཁུས་སྐད་ལན་གྱི་མཇུག་ཏུ་ཁུག་དམར་སྒོར་སུམ་བརྒྱ་བསྐུར་ཡོད་པ་དང་། ཞོར་དུ“འདི་ཡིས་ཟ་མ་ཞིམ་པོ་ཞིག་ཟོ། སྐྱིད་སྐྱིད་འདྲ་བྱོས”ཞེས་བསྐུར་འདུག དོན་གྲུབ་ཀྱིས་ངོ་གནོང་ཞོར་ཁུག་དམར་དེ་བླངས། སེམས་སུ་རང་ཉིད་ནར་སོན་ན་ཨ་ཁུ་ལ་དྲིན་ལན་འཇལ་དགོས་པར་དམ་བཅས། ཡིན་ན་ཡང་། དོན་གྲུབ་ཀྱི་སེམས་སུ་ཁོ་རང་ནམ་ཞིག་ལ་ནར་སོན་ངེས། ཟས་མ་ལ་མི་སློང་ཞིང་བློ་ཕ་ལ་མི་འདྲི་བའི་དུས་ནི་སྔ་མོ་ནས་ཡལ་ཟིན། རང་མགོ་རང་གིས་འཁྱོངས་དགོས་པའི་ཕོ་ལོ་དྲུག་གསུམ་བཅོ་བརྒྱད་ཀྱང་བརྒལ་ཟིན། ཕོ་ལོ་ཉེར་གསུམ་སོན་པའི་སྟག་ཤར་ཞིག་ཏུ་གྱུར་འདུག་པའི་ཁོ་ལ་མཚོན་ན། ཅི་ཞིག་གིས་དྲིན་ལན་འཇལ། ཅི་ཞིག་གིས་སྤྱི་ཚོགས་འགྲིམ། དོན་གྲུབ་ཁོང་དགོད་ཅིག་བྱས་ནས་གནམ་ལ་བལྟས། ལྟ་ཀློག་ཁང་གི་གནམ་གཅལ་ངོས་ནི་དཀར་སེང་ངེར་ཡོད་ཚད་རང་གི་བྱིས་དུས་དང་འདྲ། གློག་ཏོག་མང་པོ་ཐུར་ལ་དཔྱངས་ཡོད་པ་དང་གློག་འོད་ལམ་ལམ་དུ་འཕྲོས་ཡོད།

གློ་བུར་དུ་ཅོང་བརྡ་གྲག་བྱུང་། མགོ་བོ་སྨད་ནས་བལྟས་ཙ་ན། དེ་ནི་ཁ་པར་གྱི་གློག་རྫས་བརྒྱ་ཆའི་བཅུ་ལས་ལྷག་མེད་པར་དམར་རྟགས་ཤར་བ་དང་གློག་གསོག་དགོས་པའི་བརྡ་བཏང་བ་རེད། ད་ནི་དངོས་གནས“གློག”གསོག་དགོས་འདུག་ཨང་།  །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།