ཀྲུང་གོ་བོད་ཀྱི་དྲ་བ།

ཉིན་གཅིག་གི་མི་ཚེ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཤ་བདེ་བུ་ཁྲིད།   སྤེལ་དུས། : 2024-04-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཨ་མས་སྐྱ་མདའ་མ་བཏང་གོང་མལ་ལས་ལངས་ཏེ་གསོལ་ཇ་སྲུབས་མ་བསྐོལ་རྗེས། “བཀྲ་ཤིས། ཨ་མའི་གཅེས་ཕྲུག མལ་ལས་ལོངས་དང”ཞེས་ཐེངས་མང་བོས་རུང་། ཁོས་ཉལ་ཆས་ཀྱིས་མགོ་བོ་གཅུད་ནས་མུ་མཐུད་དུ་རྨི་ལམ་གྱི་ཞིང་ཁམས་ཉུལ། ཨ་མས་ཡང་བསྐྱར་སྐད་གསང་མཐོན་པོས།“ཨ་མའི་ནོར་ནོར། བཀྲ་ཤིས། མགྱོགས་པོ་ཡར་ལོངས་དང་། དེ་རིང་ཁྱོད་སློབ་གྲྭར་འགྲོ་དགོས”ཞེས་སྐད་རྒྱག་གིན་ཁོའི་ཕོར་བའི་ནང་ཕྱུར་བ་རློན་པ་དང་། རྩམ་པ་བསྲེས་ཏེ་བླུགས་པ་དང་། དེའི་སྟེང་ལ་ཀ་ར་བྱེ་མ་སྤར་མོ་གང་བཏབ་རྗེས་མར་རྡོག་པོ་ཞིག་འཕངས། བཀྲ་ཤིས་ཞོགས་ཉལ་ལ་ཧ་ཅང་དགའ་མོད་སློབ་གྲྭར་འགྲོ་དགོས་ཚུལ་ཐོས་མ་ཐག མིག་ཟུང་འཕུར་གྱིན་མགྱོགས་པོར་མལ་ལས་ལངས་ཏེ་ཁ་ངོ་གཙང་མར་བཀྲུས། དེ་རིང་ནི་ཁོའི་ངོས་ནས་བརྗོད་ན། ཞོགས་པ་སྔ་མོར་ལངས་པ་ཐོག་མ་ཡིན། ཨ་མས་བྱམས་བརྩེས་ཕྱུག་པའི་སྤྱན་ཟུང་གིས་ཁོ་ལ་གཟིགས་ཤིང་། འཛུམ་ཤིག་ཤིག་ངང“ཨ་མའི་ནོར་ནོར། ཞོགས་ཟས་ཟ་བར་ཤོག”ཅེས་འབོད་ཀྱིན། ཁོའི་ཇ་ལྡུར་ལ་མར་ཁུ་འདྲ་བའི་གསོལ་ཇ་སྲུབས་མ་བླུགས། དངུལ་གྱི་ཐུར་མས་དཀྲུགས་དཀྲུགས་འགའ་བྱས་ཏེ་ཁོའི་ལག་ཏུ་སྤྲད། བཀྲ་ཤིས་ཀྱིས་དགའ་ཚོར་ཆེན་པོས་ཨ་མའི་བཞིན་ལ་ལྟ་ཞིང་།“ཨ་མ་ལགས་ཀྱིས་བསྐོལ་བའི་ཇ་ལྡུར་ཞིམ་པ་ལ་ཨང”ཟེར་བཞིན། ཞིམ་མདོག་ཁ་པོས་ཇ་ལྡུར་ལྷག་མེད་དུ་བལྡགས། ཨ་མས་གད་མོ་དགོད་ཀྱིན“བུ་རང་དགའ་པོ་ཡོད་ན། ཨ་མས་ཞོགས་ལྟར་སྟེར་ཆོག”ཅེས་སྨྲས་རྗེས།གྲུ་ཙིའི་འོག་འཇུག་སྐྱ་སང་སང་བ་ཞིག་གི་ཐོག་ཏུ། ཊམ་ཀ་བཏབ་པའི་གོས་ཆེན་གྱི་ཕྱུ་པ་སེར་སྨུག་ཅིག་གཡོགས་ནས།“བུ།བློ་རྩེ་གཅིག་སྒྲིམ་གྱིས་སློབ་ཁྲིད་ལ་ཉོན་ཨང་།ལེ་ལོ་དང་གཏི་མུག་གི་དབང་དུ་ཤོར་ན་མི་འགྲིག རྒན་ལགས་ཀྱི་ཞལ་ལ་ཉན་པོ་གྱིས་ཨང”ཞེས་བརྗོད། གངས་ལས་དཀར་བའི་ཁ་བཏགས་ཤིག་ཁོའི་སྐེ་ལ་གཡོགས། འབྲི་དེབ་དང་བོད་སྨྱུག་བཅུག་པའི་དཔེ་ཁུག་ཆུང་ཆུང་ཞིག་རྒྱབ་ལ་འཁུར་དུ་བཅུག གཉེར་ཚང་ནང་ནས་འབྲེང་ཐག་སྒྲོག་ཡོད་པའི་སྦྱང་ཤིང་ཞིག་བླངས་ཏེ། “འདི་སྤོ་ལགས་ནས་ང་ཚོར་བཞག་པའི་རྩ་ཆེན་གྱི་དངོས་པོ་གཅིག་པུ་དེ་རེད།ཁྱོད་ཀྱིས་འདི་ཁྱེར་ནས་པཱ་ལགས་ལྟ་བུའི་བོད་ཡིག་དགེ་རྒན་རྩེ་གྲ་ཞིག་ཆགས་རྒྱུར་འབད་དགོས”ཞེས་གསུངས། ཤིང་སྟག་པས་བཟོས་པའི་སྦྱང་ཤིང་རྙིང་སོང་དེ་ཁོའི་དཔེ་ཁུག་སྟེང་དུ་བཞག བཀྲ་ཤིས་ཀྱིས་མིག་ཟུང་ཁྲ་རིལ་རིལ་དེ་བཙུམས་ཙམ་བྱས་རྗེས། “ལགས་སོ། ཨ་མ་དྲིན་ཆེན་ལགས”ཞེས་ཟེར་བཞིན་དགའ་སྤྲོའི་ངང་པཱ་ལགས་ཀྱི་རྐང་འཁོར་ཆེན་པོ་དེའི་འཕོངས་ལ་ཞོན།

བཀྲ་ཤིས་སློབ་གྲྭའི་གཞོགས་ཀྱི་གྱེན་གཟར་གྱི་ལམ་བུ་དེར་སླེབས་དུས། དེ་སྔ་པཱ་ལགས་ཀྱིས་རྔུལ་ཆུ་ཁྲུམ་ཁྲུམ་ངང་རང་ཉིད་རྐང་འཁོར་གྱི་རྒྱབ་མདུན་གང་སར་བསྐྱོན་ཏེ། བྱ་འཕུར་བ་ལྟར་འགྲོ་བའི་སྣང་ཚུལ་དག་དྲན། ལྷག་པར་དུ་དྲག་ཆར་ཤག་ཤག་ཏུ་བབས་པའི་ཉིན་དེའི་གནས་ཚུལ་རྣམས་བརྙན་རིས་བཞིན་མིག་ལམ་དུ་འཁོར། གལ་སྲིད་ཉིན་དེར་དྲག་ཆར་བབས་མེད་ན། གལ་སྲིད་ཉིན་དེར་རླངས་འཁོར་གཏོང་མཁན་གྱི་ཁ་ལོ་པ་དེ་སྦི་རག་གིས་བཟི་མེད་ན།གལ་སྲིད་ཁོང་གིས་རང་སྲོག་བློས་བཏང་སྟེ་ངའི་ལུས་པོ་བྱ་མས་སྒོ་ང་བཏུམས་པ་བཞིན་བྱས་མེད་ན།ཁོང་ནི་སྔར་བཞིན་འཆད་རྩོད་རྩོམ་གསུམ་ལ་ཐོགས་པ་མེད་པའི་བོད་ཡིག་དགེ་རྒན་རབ་ཅིག་ཡིན་པ་སྨོས་མེད་རེད་སྙམ། མཆི་མའི་རྡོག་པོ་ཆ་གཅིག་དལ་བུར་མཁུར་ཚོས་ནས་འགྲིལ། “པཱ་ལགས།ངས་འབད་འབུངས་ཧུར་ལེན་གྱིས་ཤེས་བྱ་ཡོན་ཏན་སྦྱངས་ཏེ་ངེས་པར་ཁྱེད་ལྟ་བུའི་བོད་ཡིག་དགེ་རྒན་ཞིག་ཆགས་པ་བྱས་ནས། ཁྱེད་ཀྱི་དགོངས་དོན་ཇི་སྲིད་བར་དུ་བསྲིང་ངེས་ཡིན”ཞེས་ཆིག་ལབ་རྒྱག་གིན། བདེ་ལྕག་འཁྱུག་པོས་རྐང་འཁོར་བསྐོར་ཏེ་བྱ་འཕུར་བ་བཞིན་མདུན་དུ་ཤོར།

ད་ཆ་ཀ་ཕིབས་དང་གཟིམ་ཆུང་གི་གྱང་སྟེང་དུ་ཁོའི་བཟང་པོ་གསུམ་ལྡན་དང་། ཕུལ་བྱུང་སློབ་མའི་གཟེངས་བསྟོད་ཀྱིས་ཁེངས། ཕ་དམ་པའི་ལས་རོགས་དང་དགའ་ཉེ་སྤུན་མཆེད་ཚོས“ཕ་བཟང་གི་བུ་བཟང་རང་རེད”ཟེར་ནས་བསྟོད་པའི་མཐེ་བོང་ཡང་ཡང་ཀེར།

བཀྲ་ཤིས་སློབ་གྲྭའི་རྒྱ་སྒོར་སླེབས་དུས། ལེགས་བཤད་ལྗོན་དབང་སྐྱོར་སྦྱོང་བྱེད་བཞིན་པའི་སྒྲ་དབྱངས་སྙན་པོ་ཞིག་གྲག་པས། ཁོའི་སེམས་ཀྱི་དཀྱིལ་འཁོར་ལ་རྨ་བྱས་འབྲུག་སྒྲ་ཐོས་པ་ལྟ་བུའི་དགའ་སྤྲོའི་སྤུ་ལོང་རབ་ཏུ་རྒྱས། བཀྲ་ཤིས་ཀྱིས་རང་གི་རྐང་འཁོར་དེ་འཁོར་རིགས་འཇོག་སར་བཞག་རྗེས།ཤར་རེར་གཞུང་ལས་ཁང་དུ་འཛུལ།དགེ་འོས་སློབ་ཆེན་གྱི་སློབ་ཐོན་ལག་ཁྱེར་སློབ་སྤྱིའི་ཕྱག་ཏུ་ཕུལ།ཁོང་གིས་དབུ་ལྕོག་ལྕོག་ངང་ཁོ་ལ་ལག་འཇུའི་འཚམས་འདྲི་རེ་བྱས་རྗེས།ཐལ་མོའི་རྡེབ་སྒྲའི་ཁྲོད་དགེ་སློབ་ཡོངས་ལ་ངོ་སྤྲོད་བྱས།ཁོས་དགའ་ཚོར་ཆེན་པོས་སློབ་ཁྲིད་སྟེགས་བུའི་ཐོག་བུད་དེ་ནན་ཏན་ངང་སློབ་ཐུན་ཐོག་མ་དེ་ཁྲིད། སྤྱང་གྲུང་འཛོམས་པའི་སློབ་མ་ཚོས་མིག་ཟུང་ཧྲིག་ཧྲིག་ངང་ཁོ་ལ་ཅེར་ཞིང་རྣ་བ་ཀྲོག་ཀྲོག་གིས་སློབ་ཁྲིད་ལ་མཉན་པས།བཀྲ་ཤིས་ལ་བརྗོད་མི་ཤེས་པའི་དགའ་སྣང་དང་སྤོབས་པ་ཞིག་དབང་མེད་དུ་རྒྱས།

བཀྲ་ཤིས་ཀྱིས་སྦྱོང་ཚན་ཐེག་ཚད་ཅིག་བཟུང་སྟེ་གཞུང་ལས་ཁང་དུ་སྐྱོད་སྐབས། གཞུང་ལས་ཁང་གི་ལྟག་རྒྱབ་ཏུ་གནས་པའི་ཤིང་སྡོང་ཆེན་པོ་དེ་མཐོང་། ཁོས་སྡོང་པོའི་རྩ་བ་ནས་རྩེ་མོ་བར་མིག་ཉུལ་ཞིག་བརྒྱབ་དུས། སྡོང་པོ་དེ་ནི་སྔར་ལས་ཇེ་སྦོམ་ཇེ་རིང་དུ་གྱུར་ལ།ཡལ་ག་ཡང་ཇེ་རྒྱས་སུ་སོང་སྟེ་ནམ་མཁའི་དབྱིངས་སུ་བསྙེགས། དེ་སྔ་རང་འཛིན་གྲྭའི་སློབ་མ་པྲ་ཚགས་ཚོ་དང་མཉམ་དུ་ཤིང་སྡོང་འདིར་འཛེགས་ཏེ་བྱིའུ་ཚང་བསྔོགས་པ་དང་།བྱ་བྱིའུ་ཡི་སྒོ་ང་རྣམས་ལྕགས་ཀྲིན་ནང་བཙོས་ཏེ་བཟས་པ་སོགས་རྫི་རྣོ་བའི་འཛིན་བདག་རྒན་ལགས་ཀྱིས་མཁྱེན་རྗེས།གཞུང་ལས་ཁང་གི་སྡིངས་ཆའི་ཐོག་གོ་ཐུང་ཕུད་དུ་བཅུག་སྟེ།ཀོ་རགས་དམར་པོ་དེས་རྐུབ་ཆུང་ལ་གཞུས་པ་དག་ལྷང་ངེར་དྲན་པས། ཁོ་ལ་རང་དབང་མེད་པར་ཁོང་དགོད་ཅིག་ཤོར།

བཀྲ་ཤིས་ཀྱིས་མཁྲིག་མའི་ཆུ་ཚོད་ལ་ལྟ་ཙམ་བྱས་རྗེས། རྐང་འཁོར་ཞོན་ནས་ཤར་རེར་རང་ཁྱིམ་གྱི་ཕྱོགས་སུ་ཁ་ལོ་བསྒྱུར། ཁྱིམ་དུ་འབྱོར་རྗེས་ཁ་གདན་འབྲུག་རིས་མ་དེའི་སྟེང་དུ་ཉལ་མ་བསྙེས་སུ་ངལ་གསོས་ནས་བསྡད། བཟའ་ཟླས་ཁོ་སླེབས་པ་མཐོང་འཕྲལ། དངུལ་དཀར་གྱི་ཞབས་ཤན་བཏབ་པའི་ཤིང་ཕོར་དམར་སང་སང་དེའི་ནང་དུ་བོད་ཇ་སྲུབས་མ་ཐུག་པ་འདྲ་བ་ཞིག་བླུགས།ལག་གཉིས་ཀྱིས་ཇ་ཕོར་བཏེགས་ཏེ།འཛུམ་དམུལ་ལེར་བཀྲ་ཤིས་ལ་ཕུལ། ཁོས་ཇ་ཞགས་ལ་ཕུ་འདེབས་ཀྱིན་ཞིམ་མདོག་ཁ་པོས་བཏུངས་རྗེས།ཕོར་བ་སྦག་ཅོག་གྲུ་བཞིའི་ཐོག་བཞག གང་མགྱོགས་དྲི་ཞིམ་འཐུལ་བའི་ཚལ་ཁ་ཤས་ཤིག་ཁོའི་མདུན་དུ་བཤམས།བཟའ་ཟླས་བྲེལ་འཚུབ་ཆེན་པོས་ཡར་རྒྱུག་མར་རྒྱུག་གིས་ནང་ལས་བྱེད་པ་མཐོང་དུས། མོ་ནི་ཨ་མ་དྲིན་མོ་ཆེ་དང་ཅི་འདྲའི་འདྲ་བ་ལ་ཨང་སྙམ། ཨ་མ་འཚོ་བཞུགས་སྐབས་སུ་ཁོང་གིས་ཀྱང་། རོ་བཅུད་ཆེ་ལ་དྲི་ཞིམ་ལྡང་བའི་ཚལ་སྣ་ཚོགས་ཁོའི་མདུན་དུ་བསྒྲིགས་པ་དག་དྲན། དྲིན་ཆེན་ཕ་མ་གཉིས་ད་ལྟ་སྐྱེ་བ་གང་དུ་བླངས་ཡོད་དམ་སྙམ་བཞིན་པའི་སྐབས།“བཀྲ་ཤིས་ལགས། ཞལ་ལག་མགྱོགས་ཙམ་མཆོད་དང་།བུ་ལ་བོད་ཡིག་ཟུར་ཁྲིད་གནང་དགོས”ཞེས་བཟའ་ཟླས་ཐབ་ཚང་ནང་ནས་སྐད་གསང་མཐོན་པོས་སྨྲས་པས། ཁོ་བསམ་གཞིགས་ཀྱི་ཀློང་ལས་སད། ཁོས་ཟ་མ་རྒྱགས་ཚད་ཅིག་བཟས་རྗེས་བོད་ཡིག་སློབ་དེབ་བཟུང་སྟེ་བུའི་འགྲམ་དུ་བསྐྱོད།

བཀྲ་ཤིས་ཀྱིས་ཡིག་འབྲུ་རེ་རེ་བཞིན་སྦྱོར་ཀློག་དང་བསྡུས་ཀློག་ཟུང་འབྲེལ་ངང་ཐེངས་མང་བསླབས་ཀྱང་། བུ་དོན་གྲུབ་ཀྱིས་གོ་འཛོལ་ཁོ་ན་ཐེབས་པས། ཁོ་ཁོང་ཁྲོ་རབ་ཏུ་ལངས་ཏེ། ཕ་ཙན་དན་གྱི་སྡོང་པོ་ལ་བུ་སྐྱག་གཟན་གྱི་སྦྲང་མ་སྐྱེས་ཞེས་འགྲམ་ལྕག་ཚ་ཐག་ཆོད་པ་ཞིག་གཞུས། བུ་དོན་གྲུབ་ཀྱིས་བོད་ཡིག་སློབ་དེབ་རང་སར་གཡུགས་ཏེ། “ཨུམ།ང་བོད་ཡིག་སྦྱོང་གི་མིན། ཨུམ། ཨུམ”ཞེས་ངུ་བཞིན་དུ་ཨ་མ་འཚོལ་བར་སོང་།ཁོས་མིག་ཤེལ་ཕུད་དེ་མིག་ཟུང་གཉིས་ལ་འཕུར་འཕུར་ལན་འགའ་བྱས་རྗེས།མགོ་བོ་སྤྲུགས་ཀྱིན་མིག་ཤེལ་རྣ་ཅོག་གཉིས་ཀྱི་སྟེང་དུ་བཀལ་ཏེ།“བོད་ཡིག་མ་སྦྱངས་ན།ང་ལ་ཁྱོད་འདྲ་བའི་ཕྲུ་གུ་ཞིག་མི་དགོས་ཁོ་ཐག་ཡིན”ཞེས་སྐད་ཆེན་པོས་གཤེ་གཤེ་བཏང་།

བཀྲ་ཤིས་ཀྱིས་སྐད་གསང་མཐོ་ཞིང་ཉམས་འགྱུར་ལྡན་པའི་སྒོ་ནས་སློབ་ཚན་ཀློག་སྟངས་འཁྲིད་པ་དང་། ཁམ་རིས་རེ་རེ་བཞིན་དུ་ཡིག་གཟུགས་འབྲི་སྟངས་སློབ་པ། མིང་ཚིག་རེ་རེ་དང་རྗོད་པ་རེ་རེ་བཞིན་འགྲེལ་བཤད་རྒྱག་པ། དུམ་ཚན་རེ་རེ་བཞིན་དབྱེ་ཞིབ་ཁ་གསལ་བྱེད་པ་དང་བསྟན་དོན་ཕྱོགས་བསྡུས་བྱས་རུང་། སློབ་མ་རེ་འགའ་གཉིད་ལྕོག་རྒྱག་པ་དང་། རེ་འགས་སློབ་ཚན་གཞན་གྱི་སྦྱོང་ཚན་འབྲི་བ། ད་དུང་འགའ་རེས་སྒྲོག་ཙེའི་འོག་ཏུ་རི་མོ་ཅན་གྱི་སྒྲུང་ཐུང་ལྟ་བ་ལས། ནན་ཏན་ངང་སློབ་ཁྲིད་ལ་ཉན་མཁན་ཧ་ཅང་ཉུང་། ཁོས་སྣང་ཚུལ་དེ་དག་མཐོང་དུས། ཁོང་ཁྲོས་ཁེངས་པའི་མིག་ཟུང་རྣམ་གཡེང་ཅན་གྱི་སློབ་མ་ཚོར་ལྡིར་ཞིང་། དབྱུག་པས་བཤད་ཁྲིད་སྒྲོག་ཙེ་བརྡུངས་ཏེ།“ང་ཚོ་ཆུང་དུས་ཇ་ཐང་སྤགས་རྐྱང་ལས་མེད་རུང་སྙིང་རུས་ཆེན་པོས་ཤེས་ཡོན་སྦྱོང་གི་ཡོད།དེང་སང་འགན་ལེན་གསུམ་གྱི་དམིགས་བསལ་སྲིད་ཇུས་བཟང་པོའི་འོག་ཟས་གོས་སྡོད་གསུམ་གང་ཅིར་སེམས་ཁྲལ་མེད་ཅིང་། སློབ་སྦྱོང་བྱེད་སའི་ཁོར་ཡུག་ཡག་ལ་ཆ་རྐྱེན་འཛོམས་པོ་འདི་འདྲ་ཞིག་ཡོད་རུང་། ལས་ཀྱི་བྱེད་པོར་གྱུར་པའི་སློབ་མ་ཁྱོད་ཚོས་ལེ་ལོ་དང་རྣམ་གཡེང་ཁོ་ནར་གཡེངས་ཏེ་བསྡད་ན་ག་ལ་འགྲིག ཆུང་དུས་ཡོན་ཏན་མ་སྦྱངས་ན།ཆེ་དུས་ངུས་དང་མ་ངུས་མེད་ཅེས་པའི་དཔེ་བཞིན་ད་ལྟ་སློབ་སྦྱོང་ལ་འབད་བརྩོན་མ་བྱས་ན། རྗེས་སུ་འགྱོད་པ་སྐྱེས་ཀྱང་འཕྱིས་དྲགས་པ་རེད”ཅེས་སྐད་ཤུགས་ཆེན་པོས་སྨྲས། ཡིན་ནའང་མོས་པའི་མགོ་བོ་ལྕོག་ལྕོག་བྱེད་མཁན་གཅིག་ཀྱང་མ་བྱུང་བས། བཀྲ་ཤིས་འུ་ཐུག་ཐབས་ཟད་ངང་སློབ་ཁང་ལས་ཐོན།

ཁོས་སློབ་དེབ་དང་གྲབས་དེབ་བཅུག་པའི་དཔེ་ཁུག་སྔོ་ནག་དེ་གཞུང་ལས་སྒྲོག་ཙེའི་ཐོག་གཡུགས་ཤིང་། རྐུབ་སྟེགས་ལ་བསྙེས་ཏེ་གདོང་པ་རྫ་རི་འདྲ་བ་ཞིག་བསྡུས། དབུགས་རིང་ཞིག་བཏང་ནས། “ད་ཡིན་ན་དཔེ་བསགས་པ་འདུག དེང་སང་གི་སློབ་མ་འདི་ཚོས་སློབ་སྦྱོང་བྱེད་འདོད་རྩ་བ་ནས་བྱེད་ཀྱི་མི་འདུག ད་ཆ་སློབ་མཇུག་ཡིག་ཚད་ཀྱང་གཏོང་ལ་ཉེ”ཞེས་མགོ་བོ་གཡུགས་གཡུགས་ངང་སྨྲས།སློབ་ཁྲིད་ཀྱི་བྱ་བར་ཞུགས་ནས་ལོ་གསུམ་བཞི་ཙམ་ལས་མ་སོང་རུང་། ལོ་ལྟར་ཕུལ་བྱུང་དགེ་རྒན་གྱི་མཚན་སྙན་ཐོབ་མཁན་གྱི་དགེ་རྒན་སྒྲོལ་མའི་གཞུང་ལས་སྒྲོག་ཙེ་ནི་བཀྲ་ཤིས་ཀྱི་ཁ་སྤྲོད་དུ་ཡོད།མོས་ཡ་མ་ཟུང་གི་མིག་གཉིས་ཀྱིས་ཁོའི་གདོང་ལ་ཟིམ་ཟིམ་ངང་ལྟ་བཞིན། “ཁྱོད་ནང་བཞིན་མིད་པ་འཛེར་འཛེར་གྱིས་ཀློག་སྦྱོང་བྱེད་པ་དང་། རྫོགས་པ་མེད་པའི་དབྱེ་ཞིབ་བྱེད་རྒྱུར་མགོ་འཁོར་ནས་སྡོད་པ་ལས་མིང་ཚིག་དག་དཔོད་བྲིས་མང་ཙམ་གཏོང་བ་དང་། སྦྱང་གཞིའི་ནང་དོན་དེ་དག་ངག་སྐྱོར་གཏོང་བ་དང་ངག་བྲིས་རྩིས་བླངས་ན། གཅིག་གྱུར་ཡིག་ཚད་ཁྲོད་རྩེར་སོན་གྱི་སྦྱངས་འབྲས་ཐོབ་རྒྱུ་གཏན་འཁེལ་རེད།ཁྱོད་ཚོ་འདི་འདྲའི་ལྐུགས་པ་ལ་ཨང”ཞེས་ཁྲེལ་དགོད་ཤིག་ཤིག་ངང་སྨྲས།

བཀྲ་ཤིས་ཀྱི་ཁོག་ན་ཁོང་ཁྲོའི་མེ་ལྕེ་འབར་རུང་། ཁ་ནས་དུ་བ་མི་ཐོན་པའི་ངང་། “ང་ཚོ་དགེ་རྒན་ཚོས། རྒྱུགས་ཚད་ཁོ་ན་ལ་ཁ་གཏད་གཅོག་ཆེད་སྦྱང་གཞི་ཁོ་ན་སྐྱོར་དུ་བཅུག་ན། མེས་པོས་བཅོལ་བའི་རེ་བ་ཇི་ལྟར་བསྐང་། ཏང་དང་རྒྱལ་ཁབ་ཀྱིས་སྤྲད་པའི་འོས་འགན་ཅི་ལྟར་བསྒྲུབ། མ་ཟད་རྗེས་རབས་པ་ཚོར་ངོ་གནོངས་དགོས་པའི་ནག་ཉེས་བསགས་པ་མ་རེད་དམ”ཞེས་ངག་འཇམ་པོས་སྨྲས།

“ཀླད་རྙིང་མཁྲེགས་འཛིན་ཅན་ཁྱོད། ད་ལོ་ཡང་ཉེས་ཆད་འཁུར་མཁན་བྱེད་དམ”ཞེས་སྨྲས་པས། བཀྲ་ཤིས་ཀྱིས་བཟོད་སྒོམ་ཡེ་ནས་མ་ཐུབ་པར། “ངས་ལྷག་བསམ་རྣམ་དག་གིས་སློབ་ཁྲིད་བྱེད་ཀྱི་ཡོད། ཉེས་མེད་ཉེས་འགེལ་བྱས་ཀྱང་འགྱོད་པ་མེད། ཁྱོད་ལྟ་བུའི་སྡིག་ཉེས་ཅན་ཚོའི་ཕྱི་མཛེས་ཁོག་སྟོང་གི་འབྲས་བུར་གཟེངས་བསྟོད་ཐོབ་རུང་། ལས་རྒྱུ་འབྲས་ཀྱི་གཉའ་ཤིང་འོག་ནས་ཐར་མི་སྲིད”ཅེས་མོའི་གདོང་ལ་སྡིགས་བཞིན་སྨྲས་པས། དེ་མ་ཐག་ཏུ་སྒྲོལ་མའི་གདོང་མདོག་དམར་པོར་གྱུར། མོས་མཛུབ་མོ་ཁོའི་སྣ་ལ་གཏད་དེ།“ལྟས་ངན་ཁྱོད་ཀྱིས་སྒུག་ཨང”ཟེར་གྱིན་སློབ་དཔྱོད་ཁང་ནས་ཕྱིར་ཐོན།

སྒྲོལ་མས་སློབ་སྤྱིའི་པང་དུ་མིག་ཆུ་ཁྲུམ་ཁྲུམ་ངང་ངུ་ངག་འདོན་བཞིན།བཀྲ་ཤིས་ཀྱི་ལན་པ་བརྒྱ་དང་ནོར་བ་སྟོང་གི་ལོ་རྒྱུས་དྲངས་པས། སློབ་སྤྱིས་སྒྲོག་ཙེ་རྡེབ་ཀྱིན“དགེ་རྒན་ཚང་མ་ད་ལྟ་རང་གྲོས་ཚོགས་ཁང་དུ་འཛོམས་དགོས”ཞེས་རྒྱང་སྒྲོག་ནང་ནས་བཀའ་བཏང་། དགེ་རྒན་ཚོས་ས་སྨྱུག་དང་སློབ་དེབ་རྣམས་མགར་བ་ཤི་བའི་ལག་ཆ་ལྟར་ཅམ་སྟེ་བཞག་ནས། ཚོགས་འདུའི་ཟིན་དེབ་ཐོགས་ཏེ་གྲོས་ཚོགས་ཁང་གི་ཕྱོགས་སུ་སུ་མགྱོགས་འགྲན་པ་ལྟར་བརྒྱུགས།

གྲོས་ཚོགས་ཁང་གི་གྲལ་མགོ་ན་སློབ་སྤྱིས་མིག་སྤུ་གྱེན་དུ་གཟེངས།མིག་འབུར་ཚུགས་ངང་ལྟ་བཞིན “རྐང་འདྲེན་པ་ཁྱོད་ཚོ། སྦྱངས་འབྲས་རྗེས་ལུས་འདི་འདྲ་ཐེབས་པའི་རྒྱུ་མཚན་རེ་རེ་བཞིན་དྲངས་དགོས”ཞེས་སྨྲས། བཀྲ་ཤིས་ཀྱིས་མགོ་བོར་འཕུར་འཕུར་ལན་འགའ་བྱས་རྗེས། “དགེ་རྒན་རྒན་པ་རྣམས་སློབ་གྲྭའི་རྐང་འདྲེན་ག་ལ་ཡིན། དེ་སྔ་ང་ཚོས་ཀྱང་རྫོང་ཡོངས་ཀྱི་གཅིག་གྱུར་ཡིག་ཚད་ལ་ཨང་དང་པོ་གཉིས་པ་ཤ་སྟག་བླངས་ནས། སློབ་གྲྭའི་སྦྱངས་འབྲས་མཐོན་པོར་བཀྱགས་ཡོད། ཉེ་ཆར་སྦྱངས་འབྲས་ཞན་དུ་སོང་བ་ལས་སློབ་མའི་ཆུ་ཚད་དམའ་རུ་རྩ་བ་ནས་ཕྱིན་མེད།ང་ཚོས་སློབ་ཁྲིད་ལ་ཁྲལ་སེལ་སླ་བཅོས་བྱས་མྱོང་མེད་ལ། རྣམ་ཀུན་ཞོགས་ཚོགས་སྔ་ཤོས་འཚོགས་མཁན་དགེ་རྒན་རྒན་པ་ཚོ་རེད་ལ། མཚན་ཚོགས་རིང་ཤོས་འཚོགས་མཁན་དེ་ང་ཚོ་ཡིན། གྲེ་བ་འཛེར་འཛེར་ངང་ཀློག་སྟངས་སློབ་མཁན་དེ་ཡང་ང་ཚོ་ཡིན་ལ། གྲབས་དེབ་ཡག་ཤོས་འབྲི་མཁན་དང་སྦྱོང་ཚན་ལ་བཅོས་མང་ཤོས་རྒྱག་མཁན་དེ་ཡང་དགེ་རྒན་རྒན་གྲས་ཚོ་མ་ཡིན་ནམ”ཞེས་སྐད་གསང་མཐོན་པོས་སྨྲས། དེ་འཕྲལ་སློབ་སྤྱིས་དམ་དུ་བསྒོངས་པའི་མུར་ཙོག་ཅོག་ཙེ་ནར་མོའི་ཐོག་བརྡབས་ནས། “བྱས་ན་ཁྱོད་ཚོས་ད་ལོའི་རྫོང་ཡོངས་ཀྱི་གཅིག་གྱུར་ཡིག་ཚད་ལ་ཨང་ག་ཚོད་བླངས་ཡོད། རྫོང་སློབ་གསོ་ཅུས་དང་རྫོང་མི་དམངས་སྲིད་གཞུང་ནས་གནང་བའི་སྦྱངས་འབྲས་ཀྱི་ཆོ་ལོ་རག་བྱུང་ངམ”ཞེས་སྨྲས་མ་ཐག མེ་ཚ་བའི་ཐོག་ལ་ཤིང་གཤགས་པ་དང་།རྟ་འདྲོགས་པའི་ཐོག་ལ་ཀི་སྒྲ་ཟེར་བ་བཞིན་སློབ་སྟོན་ཀྲུའུ་རེན་གྱིས། “ང་ཚོའི་སློབ་གྲྭའི་སྦྱངས་འབྲས་ཀྱི་ཨང་རིམ་ཟགས་པ་དེ། གཙོ་བོ་བཀྲ་ཤིས་ལྟ་བུའི་དགེ་རྒན་རྙིང་པ་ཚོ་ལན་འདུག ཡིག་གཟུགས་མཛེས་པོ་འབྲི་ཐུབ་པ་དང་།ཉམས་འགྱུར་ལྡན་པོས་འབྱོང་ཀློག་ཐུབ་པ། དེ་བཞིན་ནང་དོན་ལ་གོ་བ་བླངས་ནས་དབྱེ་ཞིབ་ཐུབ་པ་སོགས་ཀྱིས་ཅི་ལ་ཕན། རྒྱུགས་ཤོག་སྟེང་གི་སྦྱངས་འབྲས་རྡོག་རྡོག་དེ་སྟོན་རྒྱུ་མེད་ན་ཡོད་ཚད་ཀླད་ཀོར་རེད། ང་ཚོ་སློབ་གྲྭ་དང་རྫོང་སློབ་གསོ་ཅུས་ལ་དགོས་པ་དེ་རྒྱུགས་གྲངས་རེད།རྒྱུགས་གྲངས། ལྐུགས་པ་ཚོ”ཞེས་རྔ་ལ་འཚམ་པའི་འཆམ་ལྟར་སློབ་སྤྱིའི་བཤད་འཕྲོར་མཐུད་དེ་ལག་ངར་བསྒྲེངས་ནས་སྨྲས། ཞེད་ནས་འདར་བཞིན་པའི་བཀྲ་ཤིས་དང་དགེ་རྒན་རྒན་པ་ཚོ་ནི་དབུགས་ཀྱང་གཏོང་མི་ནུས་པར་མགོ་བོ་སྒུར་ཏེ་སྡོད།

སློབ་སྤྱིས་ཤེལ་ཕོར་ནང་གི་ཆུ་ཧུར་སྒྲ་དང་བཅས་རྔམ་འཐུང་འགའ་བྱས་རྗེས། གློ་བསངས་ཤིག་བརྒྱབ་ནས། “ལྷག་པར་བཀྲ་ཤིས་ཟེར་བའི་མི་ཁྱོད། མི་དགོས་པའི་ལྕེ་བདེ་པོ་ཡོང་། རྒྱལ་ཁབ་ཀྱི་གླ་ཕོགས་མང་པོ་འདི་འདྲ་བླངས་ཏེ། རྒྱལ་ཁབ་ཀྱི་ཤུལ་འཛིན་པ་ཚོར་སྦྱངས་འབྲས་ཐོབ་ཏུ་མི་འཇུག་པ་ཅི་ཡིན། ཁྱོད་ཀྱིས་ནག་ཉེས་འདིའི་ཚབས་ཆེ་ཆུང་ཤེས་སམ། སློབ་མའི་མདུན་ལམ་ལ་བཀག་རྒྱ་ཚད་མེད་བཟོས་པས། མི་དམངས་ཤོག་སྒོར་ཁྲི་གཉིས་ཀྱི་ཉེས་ཆད་གཅོད་རྒྱུ་ཡིན་ལ། ད་དུང་ཉེས་ཆད་ཡོད་པའི་དགེ་རྒན……”ཞེས་ཚིག་ཐག་ཆོད་པོས་སྨྲས། བཀྲ་ཤིས་ཀྱིས་འོག་མིག་ཅེར་བཞིན་མཆུ་ཏོ་ཀྲབ་ཙམ་ཀྲབ་ཙམ་བྱས། “འདི་དག་སློབ་གྲྭའི་ལམ་ལུགས་ནང་གསལ་པོར་འཁོད་ཡོད། མ་ཟད་སློབ་དུས་འདི་མགོ་ཚུགས་མཚམས་སུ། ཁྱོད་ཚོ་མི་རེ་ངོ་རེས་སྦྱངས་འབྲས་གན་རྒྱའི་ཐོག་མིང་རྟགས་ནག་པོ་བཀོད་རྗེས། མཛུབ་ཐེལ་དམར་པོ་བརྒྱབ་པ་མིན་ནམ། དེ་མིན་གྱི་བསམ་འཆར་ཡོད་ན། ཅུས་ཀྲང་དང་རྫོང་དཔོན་འཚོལ་བར་རྒྱུགས”ཞེས་སློབ་སྤྱི་གཞོན་པས་ཁ་གཉེར་གཉེར་གྱིས་བཀྲ་ཤིས་ལ་སོགས་པའི་དགེ་རྒན་རྒན་པ་ཚོའི་གདོང་ལ་མཛུབ་མོ་བཙུགས་ཏེ་སྨྲས། སློབ་སྤྱིས་ཀླད་དམར་དུ་གྱུར་པའི་མགོ་བོར་འཕུར་འཕུར་གཏོང་བཞིན་ཇི་མི་སྙམ་པའི་ངང་། “ད་དུང་ཡང་སྦྱངས་འབྲས་མཐོར་འདེགས་སུ་གཏོང་མ་ཐུབ་ན། ངེད་སློབ་གྲྭ་ནས་ཕྱིར་འབུད་གཏོང་རྒྱུ་ཡིན”ཞེས་ཁོ་ལ་བལྟས་ཏེ་སྐད་ཆེན་པོས་ཐ་ཚིག་བསྒྲགས།

བཀྲ་ཤིས་ཀྱི་མིག་ལ་མཆི་ཞགས་འཁོར་ཞིང་། ངས་དཀའ་སྤྱད་སྡུག་རུས་དང་ངལ་འཁང་གཉིས་བཟོད་ཀྱིས་སློབ་གསོ་སློབ་ཁྲིད་ཀྱི་བྱ་བར་འབད་འབུངས་བྱས་ཀྱང་།བོང་བུ་བསླངས་པའི་དགའ་ཚོར་མེད་པར། མཇུག་མ་བཀོག་པའི་ཡ་ལ་ཟེར་བ་ཅི་མ་བདེན་སྙམ།

སྒྲོལ་མ་ལྟ་བུ་འགྱེལ་བའི་སྟེང་ལ་རྡོག་བརྫིས་གཏོང་མཁན་གྱི་ན་གཞོན་འགས་ཁྲེལ་དགོད་ཤིག་ཤིག་བྱེད་པ་ཕུད།དེ་བྱིངས་དགེ་རྒན་མང་ཆེ་བས་ཁོ་ལ་སེམས་གསོ་གཏོང་བཞིན་མགོ་བོ་གཡུགས་གཡུགས་ངང་། “ཁྱི་རྒན་ལྟ་བུའི་གསོན་འདྲེ་འགས། ཁ་ཤུགས་དང་དབང་ཤུགས་ཀྱིས་དཀར་པོར་དུ་དྲེགས་བྱུགས་ནས་ནག་རྐྱང་བཟོ་ཡི་འདུག”ཅེས་ཤབ་ཤུབ་ཀྱིས་སྨྲས།

ཚ་དྲོད་མེད་པའི་དགོང་དྲོའི་ཉི་འོད་ཆུ་ལྷང་ལྷང་དེ་གཞུང་ལས་ཁང་གི་སྒེའུ་ཁུང་བརྒྱུད་དེ། མིག་ཟུང་བཙུམས་ནས་རྐུབ་སྟེགས་ལ་བསྙེས་ཏེ་སྡོད་པའི་བཀྲ་ཤིས་ཀྱི་གདོང་ལ་ཐད་ཀར་འཕྲོས། ཟང་ཟིང་དུ་གྱུར་པའི་རང་སེམས་དེ་ལེགས་སྒྲིག་བྱེད་བཞིན་པའི་སྐབས་གློ་བུར་དུ་དགེ་རྒན་དུས་ཆེན་གྱི་ཉིན་དེ་ལྷང་ངེར་དྲན། སྤྱི་ཟླ་དགུ་པའི་ཚེས་བཅུ་ཉིན་གྱི་ཞོགས་པ་སྔ་མོ་ནས་དགེ་རྒན་ཚང་མས་ལུས་ལ་བོད་ཆས་གྱོན་ཞིང་། བཞིན་ནས་དགའ་བའི་འཛུམ་མདངས་ཕྱུང་སྟེ།འཚམས་འདྲིར་ཕེབས་མཁན་གྱི་གོང་རིམ་དབུ་ཁྲིད་རྣམས་ཕེབས་སྒུག་ཞུས་ནས་བསྡད། རྫོང་མི་དམངས་སྲིད་གཞུང་གི་དབུ་ཁྲིད་དང་། སློབ་གསོ་ཅུས་ཀྱི་ཅུས་ཀྲང་ཕེབས་ནས། གཅིག་གྱུར་ཡིག་ཚད་ཀྱི་ཨང་རིམ་ཁོ་ན་མདུན་གྲལ་དུ་སླེབས་པའི་ན་གཞོན་དགེ་རྒན་ཁ་ཤས་ལ་ཁ་བཏགས་གཡོགས་པར་མ་ཟད།ཕུལ་བྱུང་དགེ་རྒན་གྱི་གཟེངས་བསྟོད་རྟགས་མ་དང་། བརྒྱ་ལོར་བླུགས་པའི་ཁུག་དམར་རེ་རེའང་སྤྲད།སློབ་སྤྱིས་ཀྱང་ལག་གཡོན་མས་འབུར་དུ་ཐོན་པའི་གྲོད་པར་འཕུར་འཕུར་གཏོང་གིན། ལག་གཡས་པས་སྦི་རག་པི་ཙི་མཐོན་པོར་བཏེགས་ཏེ། ཁྱེད་རྣམས་ནི་ངེད་ཚོའི་སློབ་གྲྭར་མཚན་སྙན་གཏོད་མཁན་གྱི་དཔའ་བོ་རང་ཡིན་ཞེས་ཟེར་གྱིན་སྦི་རག་བཀྱགས། བཀྲ་ཤིས་སོགས་ལོ་མང་ཁ་ཞེ་གཉིས་མེད་ངང་བརྩོན་པ་བརྒྱ་དང་འབད་པ་སྟོང་གིས་སློབ་ཁྲིད་བྱེད་མཁན་ཚོ་ནི།བཞུགས་གྲལ་གྱི་མཇུག་ཏུ་ཁ་ཡ་ཙམ་ཡང་བྱེད་མཁན་མེད་པར་ལུས།

ཁོས་རྐྱོང་ཤད་ཅིག་བྱས་རྗེས་ཁོང་འཛུམ་ཞིག་བགད་དེ། “ལས་རྒྱུ་འབྲས་མི་རྟོགས་མཁན་བྱོལ་སོང་ལྟ་བུའི་མི་དེ་ཚོར་བཟོད་སྒོམ་བྱེད་དགོས”ཞེས་ཆིག་ལབ་བརྒྱབ།

བཀྲ་ཤིས་ཀྱི་མགོ་སྐྲ་སྐྱ་ཕྱེད་སྔོ་ཕྱེད་དུ་གྱུར་ཞིང་། མིག་གིས་ཡི་གེ་མི་ཟིན་ལ་ཁ་ནང་གི་འགྲམ་སོ་དག་ཀྱང་ལ་ཕུག་བཀོག་པ་བཞིན་བུད་པས། འགྲམ་པ་གཡས་གཡོན་གཉིས་བརྡིབས་པར་མ་ཟད་སློབ་ཁྲིད་བྱེད་དུས་ཁ་ཤ་ལྷུག་ལྷུག་བྱེད་པས། ཁོས་ཀྱང་རང་ཉིད་རྒས་བཞིན་པ་རྟོགས། སེམས་རྒས་པ་མེད་མོད་འཁྱུག་ཙམ་ཞིག་ལ་ལུས་རྒས་སོང་། ད་ཆ་སེམས་བསམ་པས་བར་སྣང་ལ་རྟ་རྒྱུགས་དགོས་བསམས་ཀྱང་། ལུས་གོག་པོས་སྦར་མཐིལ་ལ་སོ་ཐེབས་པ་མི་འདུག་པས། ད་ཆ་དགོངས་པ་ཞུ་དགོས་སྙམ་ནས་ལས་འཁྱུར་ངལ་གསོའི་ཞུ་ཡིག་ཕུལ།

ཏང་གི་སྲིད་ཇུས་བཟང་པོའི་འོག་ཕ་མ་གཉིས་པོས་རང་ཉིད་བྱམས་དང་བརྩེ་བས་བསྐྱངས་ཤིང་། དགའ་སྐྱིད་ལྡན་པའི་སློབ་གྲྭར་ཤེས་ཡོན་སྦྱོང་དུ་བཏང་བ་དང་། དགེ་བའི་བཤེས་གཉེན་རྣམས་ཀྱི་གསོ་སྐྱོང་འོག་རང་ཉིད་ཀྱིས་འབད་འབུངས་ཧུར་ལེན་བྱས་པས། འབྲས་བཟང་ཐོབ་སྟེ་མི་དམངས་ཀྱི་དགེ་རྒན་དུ་གྱུར་པར་མ་ཟད། བཤད་ཁྲིད་སྟེགས་བུར་འཛེགས་པ་ནས་ད་བར་ལྷག་བསམ་རྣམ་དག་དང་། དཀའ་སྤྱད་འབད་བརྩོན་གྱིས་སློབ་ཁྲིད་བྱས་པ་སོགས་རེ་རེ་བཀྲ་ཤིས་ཀྱི་སེམས་ཀྱི་ཡོལ་རས་སུ་བརྙན་རིས་བཞིན་ལྷང་ངེར་འཁོར་ཞིང་། རང་ཉིད་ཀྱི་མི་ཚེ་ཐུང་ཐུང་འདིར་གཞན་ལ་ཕན་པའི་བྱ་བ་ཁོ་ན་བསྒྲུབས་པ་ལས། སྤྱི་སྒེར་སུ་ལའང་ངོ་གནོངས་དགོས་པའི་ལས་ཀ་རྩ་བ་ནས་བྱས་མེད་སྙམ་པའི་བློ་ཞིག་ངང་གིས་འཁྲུངས།

སྐབས་དེར། ལ་ཕུག་དང་ཙོང་གི་དྲི་ཞིམ་པོ་ཞིག་ལྡང་བས། ཁོས་མིག་ཟུང་དལ་བུར་གདངས། ལྷ་མོས་ལ་ཕུག་བརྒྱབ་པའི་ཐུག་པ་བག་ཐུག་ཞིམ་མདོག་ཁ་པོ་ཞིག་ཕོར་བའི་ནང་ལྡུག་བཞིན་པ་མཐོང་། ཡ་རབས་གུས་ཞབས་ལྡན་པའི་བུ་དོན་འགྲུབ་ཀྱི་མནའ་མ་ལྷ་མོས་ཡར་རྒྱུག་མར་རྒྱུག་ངང་ཁྱིམ་ལས་ཧུར་ཐག་བྱེད་པ་མཐོང་དུས། བཀྲ་ཤིས་ཀྱིས་འདས་ཟིན་པའི་བཟའ་ཟླ་མ་སེམས་ལ་འཁོར་བཞིན་བུ་ཡིས་མི་ལ་སྨོན་མི་དགོས་པའི་མནའ་མ་བཟང་མོ་ཞིག་བསུས་འདུག་སྙམ་ཞིང་། གཉེར་མས་ཁེངས་པའི་བཞིན་ལ་བློ་ཡིད་ཚིམས་པའི་འཛུམ་མདངས་ཤིག་རྒྱས།

གློ་བུར་དུ་ལེགས་བཤད་ལྗོན་པའི་དབང་པོ་སྐྱོར་སྦྱོང་བྱེད་པའི་སྒྲ་དབྱངས་གསལ་པོ་ཞིག་རྣ་བར་ལྷུང་བྱུང་། ཁོས་འཛུམ་དམུལ་དམུལ་ངང་མིག་ཟུང་དལ་བུར་ཕྱེ་བས། སྐུ་བསངས་ཀྱི་དུ་བས་ཡོངས་སུ་བསྒྲིབས་པའི་ཁྲོད་དུ། ཡངས་ཤིང་དཀར་ཆ་དོད་པའི་སློབ་ཁང་ཞིག་རབ་རིབ་ཏུ་མངོན་ཞིང་།བཤད་ཁྲིད་སྟེགས་བུའི་ཐོག་ཏུ་ཕ་འདས་པོས་སྐད་གསང་མཐོན་པོས་སུམ་ཅུ་པ་སྐྱོར་ཁྲིད་བྱེད་བཞིན་པ་མཐོང་། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།