ཀྲུང་གོ་བོད་ཀྱི་དྲ་བ།

བདག་གི་ཨ་ཁུ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : བྱང་སྐྱ་རེངས།   སྤེལ་དུས། : 2024-03-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཉིན་ཤས་གོང་། ཨ་ཁུས་ང་ལ་ཁ་པར་བཏང་བྱུང་། དོན་དག་གཙོ་བོ་ནི། ཁོ་རང་བྱང་ནག་ཆུ་ཁ་རུ་སྡོད་རྩིས་མེད་པ་དང་། ནང་མི་ཚང་མ་ཁྲིད་དེ་དབུས་ཀྱི་ཉི་མ་ལྷ་སར་ཡོང་རྒྱུའི་སྐོར་བཤད་བྱུང་། ཁོང་གི་བུ་མོ་དམའ་རིམ་སློབ་འབྲིང་ནས་ཐོན་ཏེ་ལྷ་སའི་སློབ་གྲྭ་ཞིག་ཏུ་ཚུད་པ་དང་། ད་ནི་ནག་ཆུར་བསྡད་ཀྱང་དོན་དག་དེ་ཙམ་མི་འདུག་ཟེར། ཨ་ཁུ་ཁོང་ནམ་རྒྱུན་ནག་ཆུའི་ལས་ཀ་འགྲོ་ས་དེ་ནས་དོན་ཏེ་ལྷ་སར་ཡོང་བར་འདོད་ཅིང་། མ་ཟད། ང་ལ་ཨ་ཁུ་ལྷ་སར་མ་འབྱོར་གོང་ནས་ཁོང་ལ་ལྷ་སར་ལས་ཀ་འགྲོ་ས་འདྲ་ཨེ་རྙེད་བལྟ་རོགས་ཟེར། གལ་སྲིད། ངས་སྔོན་ལ་ལས་ཀ་མ་རྙེད་ན། ཨ་ཁུ་སླེབས་རྗེས་ང་རང་ཁོང་དང་མཉམ་དུ་ལས་ཀ་འཚོལ་བར་འགྲོ་རྒྱུ་བྱས།

འདི་ནས་ཡར་ལ་བརྩིས་པའི་ཟླ་བ་གསུམ་གྱི་གོང་། གློ་བུར་གྱི་ན་ཚ་ཞིག་གིས་བདག་གི་ཨ་ཁུ་ཁོང་ཏོག་ཙམ་མ་གཏོགས་གཤིན་རྗེའི་ཞགས་པར་ཚུད་ནས་འཇིག་རྟེན་འདི་དང་གཏན་བྲལ་བྱས་སོང་། དེ་དུས་ཨ་ཁུ་ཁོང་ནི་ཚོར་བ་ཡོད་ཡོད་འདྲ་ལ། ཡང་མེད་མེད་ངང་ལུས་ཤུགས་ཡོད་ཚད་ཉམས་ཏེ་རང་ཁྱིམ་གྱི་ཉལ་ཁྲིའི་ཟུར་ཁ་ཞིག་ལ་འགྱེལ་སོང་བ་འདྲ། སྟབས་ལེགས་པ་ཞིག་ལ་དེ་དུས་སྤུན་མཆེད་ཅིག་དེ་རུ་སོང་བས། དེས་དུས་ཐོག་ལ་མཐོང་ནས་སྨན་ཁང་དུ་སྐྱེལ་ཐུབ་ཙམ་བྱུང་འདུག གལ་སྲིད། སྤུན་མཆེད་དེ་དུས་ཐོག་ཏུ་འབྱོར་བ་མིན་ཚེ།བདག་གི་ཨ་ཁུ་ཕལ་ཆེར་འཇིག་རྟེན་འདི་དང་གཏན་དུ་གྱེས་ཟིན་པ་འདྲ་འདུག སྨན་པས་བཤད་ན། ཨ་ཁུས་ནམ་རྒྱུན་ནས་ཨ་རག་དཀར་པོ་འཐུང་གི་ཡོད་པས། དེས་ལན་པ་རེད་ཟེར། གཤིན་རྗེའི་སྒོ་ཁར་མྱུལ་ཙམ་བྱས་ནས་སླར་ཡང་མི་ཡུལ་འདི་རུ་མུ་མཐུད་ནས་འཚོ་རྒྱུ་བྱུང་བ་ནི་ལས་ཀྱི་བསོད་ནམས་ཆེན་པོ་ཞིག་ཅི་ལ་མིན་ཨང་།

ཨ་ཁུ་ཁོང་ང་ལ་མཚོན་ན་ཆེས་སྙིང་ཉེ་བའི་མི་ཞིག་ཡིན། ང་རང་གི་དྲན་པའི་མེ་ལོང་ངོས་སུ། ང་རང་ཆུང་ངུའི་དུས་སུ། ཁོང་གིས་ང་རང་ཁོང་གི་ཁྱིམ་ལ་བསུ་བའི་ཆེད་དུ་དགུན་གྲང་ངར་གདོང་གིས་བསུས་ཤིང་། དབྱར་ཆར་པས་ལུས་ཡོངས་བཀྲུས་མྱོང་། ང་རང་དང་ཐུག་པའི་ཕྱིར་དུ་མདུན་སྐྱོད་ཀྱི་དཔའ་སྤོབས་ཞུམ་མྱོང་མེད་ཨང་། ཁོང་གིས་ང་ལ་ཧ་ཅང་བྱམས་པོ་བྱེད་ཀྱི་ཡོད་པས། ང་ཡང་ཁོང་ལ་ལྷག་ཏུ་དགའ་པོ་ཡོད། ཁོང་ནི་བདག་གི་ནང་མི་དང་ཁྱད་པར་སྤུ་ཙམ་མེད། གལ་སྲིད། བདག་གི་བྱིས་དུས་སྒྲུང་གཏམ་ཞིག་ལ་དཔེ་བཞག་ན། སྙིང་ནས་བརྩེ་བའི་ཨ་ཁུ་ཁོང་ནི་སྒྲུང་གཏམ་ནང་གི་མི་སྣ་གལ་ཆེན་ཞིག་ཡིན། ངའི་འཇིག་རྟེན་དུ་ཨ་ཁུ་ཁོང་གིས་གོ་གནས་གལ་ཆེན་ཞིག་ཟིན་ཡོད་ལ། ངའི་ནང་སེམས་ཀྱི་གཏིང་རུམ་ནས་ཨ་ཁུ་ཁོང་གི་གཟུགས་བརྙན་ནམ་ཡང་བརྗེད་དུ་མེད། མི་སུ་འདྲ་ཞིག་ཡིན་རུང་། རང་ཉིད་ཀྱི་སྙིང་ནས་བརྩེ་ཤོས་ཀྱི་མི་ལ་མི་འདོད་རྐྱེན་དང་བར་ཆད་བྱུང་ན། དེས་ཡིད་ཀྱི་མཁའ་རུ་སེམས་སྡུག་དང་འཇིགས་སྐྲག་གི་སྤྲིན་ནག་ཅི་ཙམ་ཞིག་འཁྲིགས་སུ་འཇུག་པ་ནི་སྨྲ་ཤེས་ཤིང་དོན་གོ་བའི་འུ་ཅག་གི་སེམས་ན་གསལ་ལེར་ཡོད་པས་ན། ང་ཡང་ངང་ཚུལ་དེ་ལས་མ་འདས། ཨ་ཁུ་སྨན་ཁང་དུ་ལུས་པའི་དོན་དེས། ངའི་སེམས་ལ་ན་ཟུག་དང་སེམས་ཁྲལ། སྐྱོ་བ་ལ་སོགས་ཚད་མེད་པ་ཞིག་བཞག་ཡོད་པ་ནི་སྨོས་ཅི་ལ་དགོས།

ཁ་སང་ཞོགས་པར་ཨ་ཁུ་དང་ཁོང་གི་བུ་མོ་གཉིས་མེ་འཁོར་ལ་བསྡད་དེ་དབུས་ཀྱི་ཉི་མ་ལྷ་སར་འབྱོར། ཁོང་ཚོ་འབྱོར་བ་དང་ང་ཚོ་ར་མོ་ཆེ་གཙུག་ལག་ཁང་གི་མདུན་དུ་ཐུག་རྒྱུ་བྱས་ཤིང་། དུས་བཏབ་པ་ལྟར་ང་ཚོ་ལྷན་དུ་འཛོམས་བྱུང་།

ཨ་ཁུའི་ལུས་ཀྱི་སྟངས་སྟབས་དང་གདོང་གི་གཉེར་མ། ཕྱི་ཡི་རྣམ་པ་སོགས་མཐོང་བ་དང་ལྷན་དུ་ང་རང་གི་ནང་སེམས་འདས་སོང་གི་ཕྱོགས་སུ་དབང་མེད་ཤོར་སོང་། དེ་ཡང་བགྲང་བྱ་མང་པོའི་གོང་སྟེ། དེ་དུས་བདག་གི་ཨ་ཁུ་བདག་དང་འདྲ་བར་ལོ་གཞོན། བདག་གི་ཨ་ཁུ་ནི་ཁ་མཚར་གཏམ་ལ་སྤྲོ་ཞིང་གླུ་དང་ཞབས་བྲོར་མོས་པ། དེ་དུས་ཀྱི་ཨ་ཁུའི་ལུས་པོ་དྲང་ཞིང་བདེ་ཐང་ཡིན་ལ། དེ་དུས་ཀྱི་ཨ་ཁུའི་གདོང་ལ་ད་ལྟ་བཞིན་གྱི་སྐྱིད་ལ་སྡུག་པའི་མི་ཚེའི་ལ་མོ་ཕྱེད་ཡན་བརྒལ་ཟིན་པའི་བདེན་དཔང་མཚོན་བྱེད་ལྟ་བུའི་ལོ་ཟླའི་གཉེར་མ་འཁོར་མེད་ཅིང་། དེ་དུས་ཀྱི་ཨ་ཁུའི་ཕྱི་ཡི་རྣམ་པ་ཡང་ད་ལྟ་ལྟ་བུ་ཞིག་གཏན་ནས་མིན། མ་ཟད། དེ་དུས་ཀྱི་ཨ་ཁུ་ནི་སྣང་བའི་ལ་རྩེ་འགྲིམ་སྒང་དང་། དེ་དུས་ཀྱི་ཨ་ཁུའི་ངོ་མདོག་ཤིན་ཏུ་ལེགས། མཚམས་ལན་རེར། གོམ་ཁ་ལྷོད་མི་སྲིད་པའི་དུས་ཚོད་ལ་འཁང་ཚིག་གི་མདའ་མོ་རེ་དང་། ང་ལ་ལྷད་མེད་ཀྱི་བརྩེ་བ་དང་སེམས་ཁྲལ་གནང་མཁན་གྱི་བདག་གི་ཕ་དང་ཁྱད་པར་ཅི་ཡང་མེད་པའི་ཨ་ཁུ་འདི་ལྟར་རྒས་འགྲོ་ཡང་། ངས་ད་དུང་ཨ་ཁུའི་དྲིན་ལན་གྱི་དོན་དུ་དཀའ་ལས་ཅུང་ཟད་ཙམ་ཡང་བརྒྱབ་མྱོང་མེད་དེ། རྒྱུ་འབྲས་ཀྱི་ཆོས་ཉིད་ལས་ཡོངས་སུ་འགལ་བའི་ཟློས་གར་འཁྲབ་པ་འདི་ལ་ནོངས་འགྱོད་ཀྱི་འདྲི་རྟགས་དམར་པོ་མང་དག་ཅིག་ཡིད་ཀྱི་དཀྱིལ་ལ་ཡང་ཡང་དུ་འཁོར་ཡོང་།

ཨ་ཁུ་ཁྲིད་དེ་བདག་གི་ཚོང་ཁང་དུ་སོང་ཞིང་། ཨ་ཁུས་བདག་གི་ཚོང་ཁང་མཐོང་བ་དང་སེམས་དགའ་བའི་སྐད་ཆ་མང་པོ་ཞིག་བཤད་བྱུང་། ཨ་ཁུས་བཤད་ན། ཚོང་གཉེར་པ་ཞིག་ལ་ཆ་མཚོན་ན། རྣམ་འགྱུར་ཡག་པོ་ཡོད་རྒྱུ་ནི་ཤིན་ཏུ་གལ་འགངས་ཆེ་ཞིང་། རྣམ་འགྱུར་ཡག་པོས་གཞན་ལ་བག་ཆགས་བཟང་པོ་སྟེར་ཐུབ་པ་དང་། དེ་ལ་བརྟེན་ནས་དྲི་ཞིམ་མེ་ཏོག་རྒྱང་རིང་ཡང་།བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར་བའི་དཔེ་ཟླར་འོས་ཟེར། ད་དུང་། ཨ་ཁུ་ཁོང་ནག་ཆུ་ལ་ཡོད་པའི་ལས་ཀ་ནས་ཕྱིར་དོན་འགྲོ་དུས། ཁོང་གི་ལས་རོགས་མང་པོས་སེམས་སྡུག་གི་སྐྱེལ་མ་བྱེད་ཞོར། ཁྱེད་མེད་པ་ནི་དོན་དུ་ང་ཚོ་ལ་རེ་ས་ཞིག་མེད་སོང་བ་ཡིན་ཞིང་། ཁྱེད་ནི་མིན་སྤངས་པའི་མི་ཞིག་རེད་ཅེས་བཤད་ཀྱི་འདུག་ཟེར། གཏམ་འདི་ཐོས་དུས། ངས་སྙིང་ཉེ་བའི་ཨ་ཁུ་ཁོང་ལ་སེམས་ཁྲལ་དྲག་པོ་བྱེད་མགོ་ཚུགས་ཤིང་། ཁོང་ལ་གཞན་གྱི་མཐོང་ཆུང་དང་དཀའ་ལས་ག་ཚོད་བཀོལ་མྱོང་ཡོད་དམ་སྙམ། མིག་མདུན་གྱི་བདག་གི་ཨ་ཁུའི་སྐད་ཆའི་ནང་དུ་རང་རྒྱལ་གཞན་ཕམ་གྱི་སྐད་ཆ་མི་འདུག་ཅིང་། ཁོང་གི་སྐད་ཆའི་ནང་དུ་ཡོད་པ་ནི་བྱམས་བརྩེ་དང་བདེ་སྐྱིད། ཕན་སེམས་སོགས་རེད་འདུག བདག་གིས་ཨ་ཁུའི་བསླབ་བྱ་སེམས་ལ་ལེགས་པར་ཉར་ནས་ཚོང་ལས་ཀྱི་ལམ་བུའི་ཐོག་ཏུ་རྣམ་འགྱུར་ཡག་པོ་བྱེད་རྒྱུ་དང་། རང་གི་ནུས་ཚོད་ཀྱིས་ཨ་ཁུ་ལ་ཕན་པ་ཅུང་ཟད་བསྐྲུན་ཐུབ་པའི་ཕྱོགས་ལ་འབད་བརྩོན་ལྷོད་མེད་གནང་གི་ཡིན། ཨ་ཁུ་ལགས།བཀའ་དྲིན་ཆེ། ཁྱེད་ཀྱིས་ང་ལ་གནང་བའི་བརྩེ་བ་དང་སེམས་ཁྲལ་ནི། བདག་གིས་དུས་ནམ་ཡང་བརྗེད་མི་སྲིད། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།