ཀྲུང་གོ་བོད་ཀྱི་དྲ་བ།

སྒྲུང་ཐུང་འགྲན་སྡུར་ཁྲོད་ཨང་གསུམ་པ་ཐོབ་པའི་བརྩམས་ཆོས། གཡག་གཅིག(1)

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ​ཚེ་རིང་དོན་གྲུབ།   སྤེལ་དུས། : 2023-01-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མཐོ་སྒང་གི་ཡུན་ཐུང་བའི་དབྱར་ཟླ་ནི་ཁ་སྐྱེངས་སླ་བའི་གཞོན་ནུ་མ་ཞིག་གིས་གདོང་མདོག་བརྗེས་པ་ཇི་བཞིན་དེ་མ་ཁད་ནས་ཕར་ལ་འདས་ཤིང་། རྒྱང་དུ་བལྟས་ན་རི་ལུང་ཐང་གསུམ་གྱི་ཁྲ་ཆེམ་མེ་ཏོག་གི་ཚོགས་ནི་ཙད་དང་བ་མོས་རྙིད་ཟིན་ལ། སྐྱེ་སྟོབས་འབར་བའི་རྩྭ་རྩི་ཏོག་གི་རྩེ་མོར་ཡང་སེར་ཐིག་ཀར་ཀོར་ལྷུང་བཞིན་པ་ལས་ད་ནི་ནམ་ཟླ་སྟོན་ལ་སླེབས་ཀྱིན་པ་ཚོར་ཐུབ།

སྤྱིར་མཐོ་སྒང་གི་འབྲོག་སྡེ་འདིར་མཚོན་ན། སྟོན་གཞུང་ནི་རྩྭ་ཆུ་འཛོམས་ཤིང་སྒོ་ཕྱུགས་ཀྱི་ཤ་ཤེད་རྒྱས་པའི་སྐབས་ཡིན་པས། འབྲོག་པ་རྣམས་ཀྱིས་སྦྲ་སྒོ་ནས་དཀར་བོང་བོང་གི་འོ་ཇ་དལ་གྱིས་འཐུང་ཞོར། སྲོད་ཀའི་ཉི་ཟེར་གྱི་ངོགས་ན་ལྷོད་ཀྱིས་བཀྲམ་པའི་སྒོ་ཟོག་ལ་བལྟས་ཏེ། ལོ་འདིའི་རྩྭའི་སྐྱེ་སྟོབས་དང་ཕྱུགས་ཀྱི་འཕེལ་ཁ། མར་ཕྱུར་གྱི་མང་ཉུང་སོགས་གླེང་ནས་ཉི་མ་རིང་བོ་ཕར་ལ་སྐྱེལ་བའི་དུས་ཡིན་མོད། ཨ་ཁུ་རྟ་ལོས་རང་གི་ཟོག་ཁྱུའི་ནང་གི་གཡག་རྒྱ་རྒྱ་ཐོད་པའི་སྟེང་ན་ཚེས་རིས་དབྱིབས་ཀྱི་འཛི་ཅན་དེར་ལྟ་ཞོར་སེམས་ལ་བྲེལ་འཚུབ་ཅིག་ལངས་བྱུང་།

ད་ནི་སློབ་མགོ་ཚུགས་ལ་ཉེ་བས་ཁོང་གི་བུ་གཅིག་པུའང་སློབ་གྲྭར་འགྲོ་རན་སོན། ལོ་གསུམ་གྱི་ཡར་སྔོན་དུ་བུ་ཆུང་གིས་ཟི་ལིང་གི་སློབ་ཆེན་ཞིག་ཏུ་རྒྱུགས་འཕྲོད་པས། བཟའ་ཟླ་གཉིས་དགའ་ནས་ཞག་མ་གསུམ་ལ་གཉིད་མ་ཁུགས་པ་དང་། རུ་སྡེ་བ་དང་ཤ་ཉེ་རིང་དག་གིས་ཀྱང་ཡིད་ཀྱི་སྨོན་ས་དང་མིག་གི་བལྟ་ས་རུ་གྱུར་པ་རེད། ཡིན་ཡང་། ལོ་འདི་འགར་བུའི་སློབ་སྐབས་རེ་རེའི་སློབ་ཡོན་དང་འཚོ་བའི་འགྲོ་གྲོན་ནི་འཁོས་ཀ་ཞན་པའི་ཨ་ཁུ་རྟ་ལོ་ཚང་ལ་མཚོན་ན་གཉའ་ནས་འབོག་ཐབས་མེད་པའི་ཁུར་བོ་ལྕི་མོ་ཞིག་ཏུ་གྱུར་ཡོད་པས། ལོ་རེར་ཨ་ཁུ་རྟ་ལོས་གཡག་རྒོད་རེ་དམིགས་བསལ་གྱིས་གསོས་ཏེ་ཤ་ཤེད་རྒྱས་སུ་བཅུག་པ་དང་། སྟོན་ཁར་འབྲོག་སྡེའི་རི་ལུང་དུ་ཕྱུགས་ཟོག་ཉོ་རུ་ཡོང་བའི་ཧུའེ་རིགས་ཀྱི་ཚོང་བར་བཙོངས་རྗེས་དེའི་རིན་གོང་གིས་བུའི་སློབ་ཡོན་སྤྲོད་བཞིན་ཡོད།

ད་ལོར་ཡང་། ཨ་ཁུ་རྟ་ལོས་ནམ་རྒྱུན་དང་འདྲ་བར། གཡག་རྒྱ་འཛི་ལ་རྩྭ་ཆས་གང་བཟང་བྱིན་ཏེ་གསོས་ཡོད་པས་ད་ལྟ་ཁོང་གི་ཟོག་ཁྱུ་ན་ལྷང་ངེར་འདུག་ལ། ད་ལྟའི་ཚོང་རའི་གོང་ཚད་ལྟར་ན་སྒོར་ཁྲི་ལྷག་ཁུག་ཐག་ཆོད་རེད། ཕར་ལྟོས་དང་། གཡག་དེའི་རྣོ་ལ་འོད་འཁྱུག་པའི་རྭ་རྩེ་དང་སྙོམས་ལ་ཁོད་ཡངས་པའི་རྒྱབ་ཞེང་། སྦོམ་ཞིང་མཁྲེགས་པའི་སུག་བཞི། ཤམ་ཤམ་གཡོ་བའི་ཞོལ་རྩིད་ཀྱི་ཁ་ཆུ། རྫུབས་མཐུག་ཅིང་གྱེན་དུ་གཟེངས་པའི་རྔ་མ་སོགས་ཆ་ཐམས་ཅད་ནས་བལྟས་ཀྱང་དར་ལ་བབས་ཤིང་ཤ་དར་ཁྲག་དར་གྱི་གཡག་རྒོད་ཅིག་ཏུ་གྱུར་འདུག་ཨང་། ཡིན་ཡང་། ཨ་ཁུ་རྟ་ལོའི་སེམས་ཁྲལ་ཆེ་ཤོས་ནི་ཧུའེ་རིགས་ཚོང་བ་ཚོ་ཡོང་རྒྱུ་མ་བྱུང་བ་དེ་རེད། ལ་ལས་བཤད་ན། ཞིང་ཆེན་ནང་ཁུལ་གྱི་ས་ཆ་གང་སར་པྲོག་གསར་གློ་ཚད་ལ་འཛེམས་ནས་འགྲོ་འོང་བཀག་སྡོམ་བྱས་ཡོད་པས་ཚོང་བ་ཚོ་ཡོང་ཐུབ་ཀྱིན་མི་འདུག་ཟེར། ཡང་ལ་ལས་བཤད་ན། ཧུའེ་རིགས་ཚོས་ལོ་སྔོན་མར་ཉོས་པའི་ཕྱུགས་ཟོག་རྣམས་ཕྱུགས་རར་གསོ་སྐྱོང་དང་སྐྱེ་འཕེལ་བྱས་ཏེ་ཕྱིར་འཚོང་བྱེད་བཞིན་ཡོད་པས། འབྲོག་པའི་ཟོག་གི་དགོས་མཁོ་ཇེ་ཆུང་དུ་སོང་ལ་རིན་གོང་ཡང་མར་ཆགས་འདུག་ཟེར། གཏམ་ཡན་སྣ་ཚོགས་ཇི་ལྟར་བཤད་ཀྱང་། གང་ལྟར་ཧུའེ་རིགས་ཚོང་བ་འབྲོག་ཁུལ་དུ་ཡོང་རྒྱུ་མ་བྱུང་བ་ནི་དོན་དངོས་རེད་ལ། ཨ་ཁུ་རྟ་ལོའི་སེམས་ཁྲལ་ཡང་ཇེ་དྲག་རེད།

བུ་སློབ་གྲྭར་འགྲོ་བའི་དུས་ཚོད་ཉེ་བར་བཅར་བ་དང་བསྟུན་ནས། ཨ་ཁུ་རྟ་ལོའི་སེམས་སུ་འདི་ལྟར་ཚོང་བ་ཡོང་བར་བསྒུགས་ནས་སྡོད་པ་ལས། གཡག་དེ་གྲོང་རྡལ་དུ་ཁྲིད་སོང་ནས་ཉོ་བདག་རེ་ཨེ་རྙེད་བལྟས་ན་བཟང་བསམ་སོང་། ནུབ་ཕྱོགས་ཀྱི་རི་རྩེར་ཞོགས་པའི་ཉི་ཟེར་གྱིས་གཡོགས་ཤིང་ལུང་གཞུང་དུ་བ་མོ་སྲབ་མོ་ཞིག་འོ་གསར་གྱི་སྤྲིས་མ་ལྟར་ཆགས་པའི་ཞོགས་པ་དེར། ཁོས་ལྷས་འདབས་སུ་ཉལ་བའི་གཡག་རྒྱ་འཛིའི་སྐེ་ལ་ཐག་པ་ཞིག་བསྐོན་ཏེ་གྲོང་རྡལ་ཕྱོགས་སུ་ཤར་རེར་ཁྲིད་སོང་། རྒྱབ་ཕྱོགས་ནས་བལྟས་ན། ཨ་ཁུ་རྟ་ལོའི་ཐུང་ཞིང་མངོན་གསལ་གྱིས་ནང་དུ་སྒུར་བའི་གཟུགས་པོ་དང་གཡག་རྒོད་ཀྱི་ཤ་ཤེད་དར་ཞིང་བོངས་ཆེ་བའི་ཕུང་བོ་དང་རྒོད་བག་ཚ་བའི་འཚུབ་སྤྱོད་ལས་ཁོས་གཡག་ཅིག་ཁྲིད་ནས་འགྲོ་ཟེར་བ་ལས་གཡག་རྒོད་ཅིག་གིས་ཁོ་དྲུད་ནས་འགྲོ་བཞིན་འདུག་ཟེར་ན་འོས་ཤིང་འཚམ་པ་ཞིག་རེད། གཞུང་ལམ་ཁར་སླེབས་པ་ནས་བཟུང་། ལམ་འགྲོ་རླངས་འཁོར་རྒྱུན་མི་ཆད་པ་དང་།

ཁ་ལོ་པ་ལ་ལས་སྒེའུ་ཁུང་ལས་མགོ་བོ་ཕྱིར་བཏོན་ཏེ་མཚར་ཉམས་ཀྱིས་ཁོ་ལ་པར་ལེན་པར་བྱེད་ལ།ཡང་ལ་ལས་ཅི་ཞིག་གི་རྗེས་ཆོད་ཀྱིན་མེད་པ་ལྟར་གང་མྱུར་གྱིས་སྐྱོད་ཅིང་། གསལ་དྲག་ལ་རྔམ་ཟིལ་ཆེ་བའི་རླངས་འཁོར་གྱི་དུང་བརྡ་གྲག་ཐེངས་རེར། གཡག་རྒོད་འདྲོགས་ཏེ་ཐག་པ་ལག་ནས་འཆོར་ལ་ཁད་བྱེད་པས། ཨ་ཁུ་རྟ་ལོས་ལམ་ཧྲིལ་པོར་རྣམ་རིག་ལྕགས་སྐུད་ལྟར་སྒྲིམ་བཞིན་ཤེད་ཤུགས་ཡོད་རྒུ་བཏོན་ནས་འགྲོ་དགོས་པ་བྱུང་སོང་།

འདི་ལྟར་གཡག་ཁྲིད་ནས་གྲོང་རྡལ་དུ་འགྲོ་བའི་ལམ་ཁར། ཨ་ཁུ་རྟ་ལོའི་སེམས་སུ་ལོ་མང་སྔོན་གྱི་དོན་དག་ཅིག་ཡིད་ལ་གསལ་ལེར་འཁོར་བྱུང་། དེ་དུས་ཁོ་ནི་ལོ་བཅུ་ལ་སོན་ཙམ་གྱི་བྱིས་པ་ཞིག་ཡིན། ཉིན་ཞིག་སྡེ་དཔོན་རྟ་ར་ར་ཞིག་ལ་བཞོན་ཏེ་ཁོ་ཚང་ལ་སླེབས་བྱུང་། ཁོ་ཁྱིམ་གྱི་ཡ་ལོགས་སུ་བསྡད་དེ་འོ་ཇ་འཐུང་ཞོར་དུ་ཨ་ཁུ་རྟ་ལོའི་ཕ་རྒན་ལ“ད་ལོར་གྲོང་རྡལ་དུ་གསར་དུ་བཙུགས་པའི་གཞུང་གི་སློབ་གྲྭས་སློབ་མ་སྡུད་བཞིན་ཡོད་པ་དང་། སྡེ་བ་རེ་རེར་མ་མཐར་ཡང་སློབ་མ་བཅུ་ཡི་འགན་ཁུར་བབས་འདུག་པས། སྡེ་བའི་མགོ་ཁྲིད་ཚོས་གྲོས་ཐག་བཅད་པ་བཞིན་ཁྱེད་ཚང་གི་བུ་རྟ་ལོ་སློབ་གྲྭར་འགྲོ་དགོས་འདུག”ཅེས་ལབ་པ་ཐོས་འཕྲལ། ཨ་ཁུ་རྟ་ལོའི་ཕ་རྒན་བློ་ཕམ་དང་བཅས“ང་ལ་བུ་འདི་གཅིག་པུ་ལས་མེད། ན་ནིང་དགོན་པའི་སྤྲུལ་སྐུ་ཚང་གིས་གྲྭ་བ་སྡུད་པའི་ཚེ་ནའང་ང་རང་འཐད་པ་མ་བྱུང་། བུ་འདི་ནི་ངེད་བཟའ་ཟླ་གཉིས་ཀྱི་ལ་གྱེན་ལ་འགྲོ་བའི་ལག་རྟེན་དང་ཚེ་ཕྱི་མར་འགྲོ་ཁའི་ཡུལ་སྲུང་ཡིན་པས། སློབ་གྲྭར་འགྲོ་རུ་འཇུག་ག་ལ་རུང་།”ཞེས་ནན་ཏན་གྱིས་བཤད་པར། སྡེ་དཔོན་གྱིས“འདི་ནི་གྲོང་རྡལ་གྱི་སྒྲིག་ལམ་དང་སྡེ་བའི་ཐག་བཅད་ཡིན་པས་ངེས་པར་དུ་དང་ལེན་བྱེད་དགོས།”ཞེས་ནན་བཤད་བྱས་རྗེས་གོ་ཁ་ནས་ཡར་ལངས་ཏེ་སྒོ་ཕྱིར་བུད་སོང་། སྤྱིར་ན་ཨ་ཁུ་རྟ་ལོ་ལ་མིང་སྲིང་དྲུག་ཡོད་མོད། ཁོ་གཅིག་པུ་ལས་བུ་མེད་པས་ཕ་མ་གཉིས་ཀྱི་ཡ་ཐོད་ཀྱི་མིག་དང་ཡ་ཁོག་གི་སྙིང་ཡིན་ལ། ལྷག་པར་ཁོ་རང་ཆུང་དུས་ནས་རྟ་ཞོན་པ་དང་ཕྱུགས་འཚོ་རྒྱུར་དགའ་བོ་ཡོད་པས། རུ་སྐོར་རྣམས་ཀྱིས་ཀྱང་རྒྱུན་པར་ཁྱེད་ཚང་གི་རྟ་ལོ་མ་འོངས་པར་ཟོག་རྫི་དགའ་ཞིག་ཏུ་འགྱུར་ངེས་ཞེས་ཡིད་ཚིམ་པའི་བསྟོད་པ་ཡང་ཡང་བྱེད། ད་ལྟ་རྟ་ལོ་སློབ་གྲྭར་འགྲོ་དགོས་ཟེར་བ་ནི་ཁྱིམ་ཚང་འདིར་མཚོན་ན་གློ་བུར་བའི་ཆག་སྒོ་ཞིག་མགོ་ལ་ལྷུང་བ་དང་ཁྱད་པར་གཞན་ཅི་ཡང་མི་འདུག

མཚན་མོ་དེར་ཨ་ཁུ་རྟ་ལོའི་ཕ་རྒན་ཞག་གང་བོར་གཉིད་མ་ཁུགས། འདང་བརྒྱབ་ཀྱིན་བརྒྱབ་ཀྱིན་སྡེ་དཔོན་འགྲོ་ཁའི་སྐད་ཆ་ཞིག་ཡིད་ལ་ཝ་ལེར་ཤར་བྱུང་། “རང་གི་བུ་ཕྲུག་སློབ་གྲྭར་མངགས་མི་བསམ་ན་མ་མཐའ་ཡང་ཚབ་ཏུ་བུ་ཕྲུག་གཞན་ཞིག་བཙལ་དགོས”ཟེར་བ་དེ་རེད། ཡིན་ཡང་། ཁོའི་སེམས་སུ་ཧ་ཅང་གསལ་ཏེ། ཕྱུགས་ཟོག་མ་གཏོགས་ངོ་མི་ཤེས་པའི་འབྲོག་སྡེ་འདིར་མཚོན་ན། རང་གི་བུ་ཕྲུག་གི་ཚབ་ཏུ་སློབ་གྲྭར་འགྲོ་བའི་སློབ་མ་ཞིག་བཙལ་བ་ནི་མ་གཉིད་པར་རྨི་ལམ་རྨི་བ་དང་གཉིས་སུ་མ་མཆིས།

དེ་ལྟར་བསམ་བློ་གཏོང་བཞིན་པའི་སྐབས་སུ། ཨ་ཁུ་རྟ་ལོའི་ཕ་རྒན་གྱི་སེམས་སུ་ལཱོ་ལི་ཚང་དྲན་སོང་། ལཱོ་ལི་ནི་ང་བརྒྱད་ཀྱི་སྐབས་སུ་ནང་ལོགས་ནས་འཁྱམ་ལྡོམ་བྱས་ནས་ཡོང་བའི་རྒྱ་མི་ཞིག་ཡིན་ལ། རྗེས་ནས་ཕ་ཁྱིམ་སྟོང་བའི་བུ་མོ་དྭ་ཕྲུག་ཅིག་དང་ལྷན་དུ་བསྡད་ཅིང་། གྲོང་རྡལ་དུ་སྲང་ལམ་ཕྱགས་པ་དང་ལྷམ་ལ་རྙིང་བཅོས་རྒྱག་པ་སོགས་ཀྱི་ལས་ཀ་བྱས་ནས་འཚོ་བ་སྐྱེལ་བཞིན་ཡོད། གྲོང་རྡལ་གྱི་མི་ཚོས་རྒྱུན་པར་ཁོ་ལ་ལྷམ་འཚེམ་ལཱོ་ལི་ཞེས་འབོད་ཅིང་། ཨ་ཁུ་རྟ་ལོའི་ཕ་རྒན་གྲོང་རྡལ་དུ་འགྲོ་ཐེངས་རེར་ལཱོ་ལིས་སྲང་དཀྱིལ་དུ་ལྷམ་བཟོ་བྱེད་ཀྱི་ཅ་ལག་དག་གམ་དུ་བཞག་སྟེ་ཙོག་པུར་སྡོད་པའི་སྣང་བརྙན་མཐོང་ཡོང་ལ། ས་རྡུལ་ཆགས་པའི་ངོ་གདོང་ལས་ཁོའི་མ་གཞིའི་ངོ་མདོག་གང་འདྲ་ཡིན་པའང་བཤད་དཀའ་བ་ཞིག་ཏུ་གྱུར་ཡོད། སྐབས་རེར་ཁོའི་ནར་མ་སོན་པའི་བུ་ཆུང་ཞའོ་ལི་ཡིས་ཀྱང་སེར་ཀ་གས་པའི་ལག་པ་ཆུང་ཆུང་གཉིས་ཀྱིས་ལྷམ་རྙིང་ལ་སྣུམ་ཕྱིས་རྒྱག་པ་སོགས་རང་གི་ཨ་ཕ་ལ་རོགས་གང་ཐུབ་བྱེད་པ་མཐོང་ཐུབ་པས། ཨ་ཁུ་རྟ་ལོའི་ཕ་རྒན་གྱིས་ཁོ་ཚང་ལ་སྙིང་རྗེ་སྐྱེས་པ་དང་། ཐེངས་ཤིག་ཁོས་རང་ཉིད་ཀྱི་ལྷམ་ལ་རྙིང་བཅོས་བྱེད་པའི་གླགས་དང་བསྟུན་ནས་ལཱོ་ལི་ལ་མར་ཕྱུར་ཉུང་ཙམ་བྱིན་པར་ཁོ་རང་དགའ་སྤྲོ་ཆེན་པོ་སྐྱེས་ཏེ། རྗེས་ནས་ལྷམ་རྙིང་བཙེམ་དགོས་ན་ཁྱེར་ཤོག་དང་རིན་མི་དགོས་ཞེས་བཤད་པ་སེམས་ལ་དྲན།

མཚན་ལམ་རིང་མོར་ཨ་ཁུ་རྟ་ལོའི་ཕ་རྒན་གྱིས་དོན་དག་འདི་ལ་འདང་བརྒྱབ་སྟེ་གཉིད་མ་ཁུགས་པ་དང་། ཞོགས་པར་སྔ་མོ་ནས་ཡར་ལངས་ཏེ་ནངས་ཇའང་མ་འཐུང་པར་རྟར་ཞོན་ནས་གྲོང་རྡལ་དུ་ལཱོ་ལི་བཙལ་དུ་སོང་། ཁོ་རང་ལཱོ་ལི་ཚང་ལ་ཐོན་རྗེས་ཚམ་ཚོམ་མེད་པར“ལཱོ་ལི། གལ་ཏེ་ཁྱོའི་བུ་ཞའོ་ལི་ངའི་བུ་རྟ་ལོའི་ཚབ་ཏུ་གཞུང་གི་སློབ་གྲྭར་མངག་རྒྱུར་འཐད་པ་བྱུང་ན། ངས་ཁྱོད་ལ་གཡག་གཅིག་སྟེར།”ཞེས་རེ་བ་བཏོན་པར། ལཱོ་ལི་ནི་རྨ་བྱའི་རྣ་ལ་འབྲུག་སྒྲ་ཐོས་པ་ལྟར་དགའ་དྲག་ནས་ཡུད་ཙམ་ལ་སྐད་ཆའང་ཅི་བཤད་དགོས་པ་མ་ཤེས་པར་ལུས་པ་དང་། དེ་ནས་བརྗོད་ཐབས་མེད་པའི་དགའ་མགུ་དང་བཅས་དེ་མ་ཐག་ཁས་བླངས་བྱུང་།

ཕྱི་ཉིན། ཨ་ཁུ་རྟ་ལོའི་ཕ་རྒན་གྱིས་ཟོག་ཁྱུ་ནས་གཡག་རྒོད་རྒྱ་རྒྱ་ཞིག་ཐགས་པས་བཟུང་ནས་ཁྲིད་པ་དང་། བུ་ཆུང་རྟ་ལོས་རམ་འདེགས་བྱས་ཏེ་གྲོང་རྡལ་དུ་སོང་། དེ་ཡང་སྟོན་ཁའི་ཉིན་མོ་ཞིག་ཡིན་ཏེ། ཨ་ཁུ་རྟ་ལོའི་ཕ་རྒན་ལ་ཅི་ཞིག་གི་རྒྱལ་ཁ་ཐོབ་སོང་བ་ལྟར་སེམས་ཁམས་རབ་ཏུ་དྭངས་པ་དང་། ལམ་ཧྲིལ་པོར་སྣ་གླུ་ལེན་བཞིན་སོང་། ཨ་ཁུ་རྟ་ལོར་མཚོན་ནའང་ཐེངས་དང་པོར་གྲོང་རྡལ་དུ་སོང་བ་ཡིན་པས། སེམས་སུ་མཚར་སྣང་དང་སྤྲོ་སྣང་གིས་ཁེངས་ཡོད་ལ། གྲོང་རྡལ་དུ་ཕ་རྒན་གྱིས་ཁོ་ལ་ཀོ་ལྷམ་ཆུང་ཆུང་ཆ་གཅིག་ཉོས་པ་ནི་ཁོའི་བརྗེད་ཐབས་མེད་པའི་ཕྱིར་དྲན་དུ་གྱུར་ཡོད།ཨ་ཁུ་རྟ་ལོས་གཡག་ཁྲིད་ནས་གྲོང་རྡལ་དུ་ཐོན་དུས། སྐྲ་འདབས་ནས་ཐོན་པའི་རྔུལ་ནག་གིས་ཟ་འགྲམ་དུ་ས་ཁྲ་ལྟ་བུའི་རི་མོ་མང་པོ་ཕབ་འདུག་ལ། མགྲིན་པའི་སྟེང་གི་རྔུལ་ཆུ་ཡིས་རྙིང་ཞིང་ཚི་དྲེག་ཆགས་པའི་སྟོད་ལྭའི་གོང་བ་ཡང་ལྗན་ལྗིན་དུ་བཏང་འདུག དེ་ལས་ཀྱང་ཁོའི་ལམ་གྱི་དཀའ་ངལ་མཚོན་བྱེད་ཀྱི་ཟིན་ཐོ་ལྟ་བུར་གྱུར་པ་ནི་ཐགས་པས་བསྡམས་དྲག་པའི་ལག་མཐིལ་གཉིས་ཀྱི་དམར་ཤུར་ཤུར་དུ་མངོན་པའི་རྨ་ཤུལ་གསལ་པོ་དེ་དག་རེད།

ཁོས་གཡག་རྒྱ་འཛི་ལམ་འགྲམ་གྱི་གློག་སྡོང་ཞིག་ལ་བཏགས་རྗེས། རྡོ་ཐེམ་ཞིག་ལ་ཨོང་ཤ་འཕངས་ནས་ངལ་གསོ་ཞོར་ཉོ་བདག་ཅིག་ཡོང་བར་རེ་ལྟོས་བྱས་ནས་བསྡད། འབྲོག་ས་ནས་ཕྱུགས་ལས་བསྐྱུར་ནས་གྲོང་རྡལ་དུ་ཐོན་ཞིང་། ཉི་མ་རྟག་པར་ལས་ཀ་ཅི་ཡང་མེད་པར་སྟེགས་གྲུག་ཁང་དང་ཇ་ཁང་ཆང་ཁང་སོགས་ཉུལ་ནས་ཉི་མ་འཁྱོལ་ཐབས་བྱེད་པའི་འབྲོག་པའི་གསར་བུ་ཁ་ཤས་དང་། ཁ་ནས་མ་ཎི་ཟློ་ཞོར་དང་ལག་ནས་ཕྲེང་བ་འདྲེན་ཞོར་མི་ཚོགས་ཀྱི་འདུ་འཛི་ལ་གཡེང་པའི་རྒད་པོ་ཁ་ཤས་རིམ་གྱིས་གཡག་ཅིག་མཐོང་མ་མྱོང་བ་ལྟར་ཁོའི་གམ་དུ་འདུས་བྱུང་། དེ་ཡང་རྒྱུ་མཚན་མེད་པ་མིན་ཏེ། མཐོ་སྒང་གི་གྲོང་རྡལ་ཆུང་ཆུང་འདིར་མཚོན་ན། དེ་རིང་བར་དུ་སྒོ་ཕྱུགས་རྒྱ་སྲང་དུ་ཁྲིད་ཡོང་ནས་ཚོང་ཟོག་ལྟར་ཕྱིར་འཚོང་བྱེད་པའི་གོམས་སྲོལ་མེད་ལ། ཨ་ཁུ་རྟ་ལོའང་ཐབས་ཟད་པ་མ་གཏོགས་འདི་ལྟ་བུའི་སྲོལ་གསར་པ་ཞིག་འཛུགས་འདོད་པ་ག་ལ་ཡིན་ཏེ་མ་ཡིན་ནོ། །

“གཡང་ལ་བོ། གཡག་རྒོད་ཟེར་བ་རེད། ཡིན་ཡང་གོང་ཅུང་ཟད་དཀའ་འདུག”རྒད་པོ་ཞིག་གིས་ཁ་ཏོན་འདོན་ཞོར་གཡག་རྒྱ་འཛི་ལ་ཕུ་ཞིག་བཏབ།

“རིན་གོང་ལོ་ཕྱེད་ཙམ་རིང་ཆད་ལ་འཇོག་ན་ངས་ཉོ་ཆོག”ཀུ་ཤུའི་ཁ་པར་གསར་པ་བཟུང་བའི་གསར་བུ་ཞིག་གིས་ཉམས་ཚོད་ལེན་པའི་རྣམ་འགྱུར་གྱིས་དེ་ལྟར་བཤད།

དེར་འདུས་ཀྱི་མི་ལ་ལས་གཡག་གི་བཟང་ངན་ལ་དཔྱད་པ་གཏོང་བ་དང་། ལ་ལས་གཡག་གི་གོང་ཚད་འདྲི་བ། ཡང་ལ་ལས་ད་ལོའི་ཕྱུགས་ཟོག་གི་ཚོང་རའི་སྤྱིའི་གནས་ཚུལ་མི་བཟང་ཚུལ་སོགས་གླེང་བཞིན་འདུག ཡང་ཁོའི་ངོ་ཤེས་ཁ་ཤས་ཀྱིས་ཤ་ཚའི་ཚུལ་དུ་ད་ལྟ་ཟོག་གི་རིན་གོང་མི་བཟང་བས་བརླག་འཚོང་བྱེད་མི་ཉན་པའི་ཁ་ལ་བྱེད། གང་ལྟར་ཕར་བལྟས་ཚོད་ཀྱིས་ཉོ་བསམ་མཁན་ཡོད་པ་ལས་ཉོ་ཐུབ་མཁན་མེད་པ་འདྲ། ཨ་ཁུ་རྟ་ལོས་ལག་གཡས་པས་གཡག་གི་སྒལ་གཞུང་ལ་བྱིལ་བྱིལ་གཏོང་ཞོར། སྒོར་ཁྲི་གཅིག་མིན་ན་མི་བཙོང་བའི་བཟོ་ལྟ་ནན་མོ་བསྟན། ཡིན་ཡང་ཉོ་མི་རྣམས་ཀྱིས་ཁོ་ལ་སྒོར་མོའི་དགོས་མཁོ་ཆེ་བ་ཤེས་ནས་གོང་གཅོག་ཅི་ཐུབ་བྱེད། དེ་ལྟར་ཀླད་པ་ད་ར་དང་ཁ་ལྕེ་ཝུ་བས་ཕར་བཤད་ཚུར་བཤད་བྱས་བྱས་མཐར་གྲོས་ཁ་གཅིག་ལ་འཇོག་མ་ཐུབ་པས། ཨ་ཁུ་རྟ་ལོ་ཡང་ཅུང་ཡི་མུག་སྟེ་སླར་ཡང་སྔར་གྱི་རྡོ་ཐེམ་དེ་ལ་ལྗིད་ཏིག་གེར་བསྡད་ཅིང་རུམ་ནས་ཐ་མག་རྐང་ཞིག་ཕྱིར་བཏོན་ནས་མེ་རུ་བསྒྲོན།

སྐབས་དེར། ཧྥིན་ཐེན་རྟགས་ཅན་གྱི་རླངས་འཁོར་ཞིག་མི་ཚོགས་ཀྱི་མཐའ་ནས་ཏན་སེར་བསྡད་པའི་མོད་ལ། ཁ་ལོ་པའི་གཡས་ཕྱོགས་ཀྱི་སྒོ་ནང་ནས་ནུབ་ལྭ་ནག་པོ་གྱོན་པའི་མི་རྒྱགས་པོ་ཞིག་མར་བབས་བྱུང་། མི་ཚོགས་ཀྱིས་དེ་ནི་ཀྲིན་ཀྲང་ལི་ཡིན་པ་ཤེས་ནས་ཁ་འཕྲོག་རེས་ངང་གུས་གུས་ཞུམ་ཞུམ་གྱིས“ཀྲིན་ཀྲང་བདེ་མོ། ཀྲིན་ཀྲང་བདེ་མོ།”ཞེས་འཚམས་འདྲི་ཞུས། ཀྲིན་ཀྲང་ལི་ཡིས་མཐའ་འཁོར་གྱི་མི་རྣམས་ལ་འཛུམ་ཞལ་སྟོན་ཞོར་མགོ་བོ་ལྡེམ་ཙམ་བྱས་པ་དང་། གཡག་དེ་ལ་མིག་གིས་འཁྱུག་ཙམ་བལྟས་རྗེས། སྨྲ་མི་དག་པའི་བོད་སྐད་ཀྱིས“གཡག་འདི་བཙོང་རྒྱུ་ཨེ་རེད།”ཅེས་དྲིས་བྱུང་། “རེད། རེད།”ཨ་ཁུ་རྟ་ལོས་ཁ་མ་གྲག་སྔོན་ལ་ཁ་མགྱོགས་པ་ཅན་ཞིག་གིས་ལན་བཏབ་ཚར། ཀྲིན་ཀྲང་ལི་ཡིས“དེས་ན་འགྲིག་གི ཉིན་འགའི་རྗེས་སུ་ཁུལ་རིམ་པའི་མགོ་ཁྲིད་ཁ་ཤས་ང་ཚོའི་གྲོང་རྡལ་དུ་མྱུལ་ཞིབ་ལ་ཡོང་འཆར་ཡོད་པས། དེ་རིང་ཆེད་དུ་རང་ས་གནས་ཀྱི་སྐམས་ཤ་ཚད་ལྡན་ཞིག་གྲ་སྒྲིག་བྱེད་དུ་ཡོང་བ་ཡིན། ད་འབྲོག་ས་རུ་འགྲོ་མ་དགོས་པ་རེད། གོང་ག་ཚོད་དགོས།”ཞེས་ལྷོད་བག་གི་ཉམས་དང་བཅས་དེ་ལྟར་དྲིས། ཨ་ཁུ་རྟ་ལོས་གོ་སྐབས་འདི་བཟང་བས་གོང་ཅུང་ཟད་ཇེ་མཐོར་གཏོང་བསམ་མོད། ཀྲིན་ཀྲང་གི་གཟི་ཉམས་བཟོད་དཀའ་བའི་སྟེང་ལ་རང་གིས་སྔོན་ནས་མཐའ་འཁོར་གྱི་མི་ལ་གོང་ཚད་བཤད་ཚར་བས་གློ་བུར་དུ“སྒོར་ཁྲི་གཅིག་དགོས།”ཞེས་ཁ་ནས་ཤོར། ཀྲིན་ཀྲང་ལི་ཡིས་གཡག་དེར་ཞིབ་ལྟ་ཞིག་བྱས་པའི་མོད་ལ། མཐའ་འཁོར་དུ་རུབ་རུབ་བྱེད་པའི་མི་རྣམས་ཀྱི་རྣམ་འགྱུར་ལ་བརྟགས་ཙམ་བྱས་རྗེས་ཉོ་རྒྱུར་ཐག་བཅད།

ཨ་ཁུ་རྟ་ལོས་ཤོག་སྒོར་ཁྲི་གཅིག་པོ་དེར་གཟབ་ནན་གྱིས་ཞིབ་རྩིས་ལན་གསུམ་བྱས་པ་དང་། དེ་ནས་སྟོད་ལྭའི་ཁུག་མའི་ནང་དུ་དམ་པོར་བཅུག་སྟེ་ཡར་དགྱེ་སྐབས། ཉེ་འཁོར་གྱི་མི་རྣམས་ཧྥིན་ཐེན་རྟགས་ཅན་གྱི་རླངས་འཁོར་གྱི་མཐར་རུབ་སྟེ་ཀྲིན་ཀྲང་ལི་ལ་སྐྱེལ་མ་བྱེད་བཞིན་ཡོད་པས། ཁོའང་མི་ཚོགས་ཀྱི་ཁྲོད་དུ་ཞུགས། རླངས་འཁོར་དེ་མཐོང་ལམ་ནས་ཡལ་རྗེས། རྒད་པོ་ཞིག་གིས་ཡིད་སྨོན་གྱི་མིག་མདངས་དང་བཅས“མི་རེ་རེའི་ལས་དབང་ནི་ངོ་མ་བཤད་དཀའ་བ་ཞིག་རེད། ཀྲིན་ཀྲང་ལི་ན་སོ་ཆུང་དུས་ཁོ་ཚང་ནི་གྲོང་རྡལ་འདིའི་ཆེས་དབུལ་ཤོས་ཀྱི་ཁྱིམ་ཚང་ཡིན་པས། ལྷམ་འཚེམ་ལཱོ་ལི་ཟེར་ན་མི་ཚང་མས་མཐོང་ཆུང་དང་དམའ་འབེབ་བྱེད་ས་ཞིག་ཏུ་གྱུར་ཡོད། ད་ལྟ་ལྟོས་དང་། ཁོའི་བུ་ང་ཚོའི་གྲོང་རྡལ་འདིའི་མི་བརྒྱའི་མགོ་ནས་གཏམ་བཤད་མཁན་དང་རྟ་བརྒྱའི་གོང་ནས་ལྕག་གཡུག་མཁན་དུ་གྱུར་སོང་པ་རེད། སྔོན་ཆད་སུ་ཞིག་གི་སེམས་ལ་དྲན་སྲིད་དམ།”ཞེས་གམ་གྱི་མི་ལ་བཤད་པའམ་ཁེར་བཤད་ལྟ་བུ་ཞིག་བྱས་བྱུང་ལ། ཡང་ཆེད་དུ་ཨ་ཁུ་རྟ་ལོ་ལ་ཅོ་འདྲི་བ་དང་འདྲ།

སྐད་ཆ་འདི་ནི་ཨ་ཁུ་རྟ་ལོ་ལ་མཚོན་ན་གློ་བུར་བ་ཞིག་ཡིན་ལ། ཡང་ན་ད་ལྟའི་རང་ཉིད་དང་འབྲེལ་བ་སྤུ་ཙམ་མེད་པའི་རྒྱང་རིང་གི་གནའ་གཏམ་ཞིག་ཀྱང་ཡིན། ཁོ་རང་ཕ་རྒན་དང་ལྷན་དུ་ཐེངས་དང་པོར་གྲོང་རྡལ་དུ་ཡོང་བའི་ཉིན་མོ་དེའི་དགའ་སྤྲོ་དང་ཡིད་ཚིམ་པའི་སྣང་བ་ཡིད་ལ་རེ་ཞིག་འཁོར་བའི་མོད་ལ། རང་ཉིད་ཀྱི་ད་ལྟའི་འུ་ཐུག་པའི་རྣམ་པར་ཁྲེལ་དགོད་དང་ངུ་མ་དགོད་ཀྱི་བྲོ་བ་ཞིག་ཀྱང་བཅོས་མིན་དུ་སྐྱེས་བྱུང་། ཡིན་ཡང་ད་ནི་ཉིན་འདིའི་བྱ་བ་བདེ་བླག་ངང་འགྲུབ་སོང་བས། ཁོས་འདང་མང་པོ་རྒྱག་མི་འདོད་ལ་རྒྱག་དོན་ཡང་མེད་པས་ཨོང་ཤའི་སྟེང་གི་ས་རྡུལ་རྣམས་སྤྲུག་སྤྲུག་ལན་འགའ་བྱས་རྗེས་ཕྱིར་རང་ཁྱིམ་དུ་ལོག་པའི་ལམ་དུ་ཞུགས། །

微信图片_20230109092126.png

རྩོམ་པ་པོ་ངོ་སྤྲོད།

ཚེ་རིང་དོན་གྲུབ། 1995ལོར་སྐྱེས། མཚོ་སྔོན་མཚོ་ལྷོའི་མི། ད་ལྟ་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་འབུམ་རམས་པའི་བསླབ་གནས་གཉེར་བཞིན་ཡོད་ལ། རྒྱུན་པར་དཔེ་ཀློག་དང་རྩོམ་འབྲིར་དགའ་བོ་ཡོད།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།