ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གྲོགས་གླིང་སྨྱོན་འཚོལ་བ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ལྡོང་སྲས་ཨ་བྷེ།   སྤེལ་དུས། : 2022-09-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མཐའ་བ་རྫོང་གི་རླངས་འཁོར་འབབ་ཚིགས་ལས་བབས་རྗེས། གྲོགས་པོ་སུ་ཞིག་ལ་འབྲེལ་གཏུག་བྱེད་དགོས་པ་ཡང་མ་ཤེས་པར་ལུས། སྐབས་དེར་གློ་བུར་དུ་སློབ་གྲོགས་གླིང་སྨྱོན་ཡིད་ལ་དྲན། སློབ་མཐར་ཕྱིན་རྗེས་ཀྱི་ལོ་ངོ་དགུའི་རིང་ལ་འབྲེལ་གཏུག་ཅི་ཡང་བྱས་མ་མྱོང་མོད། སློབ་ཆེན་སྐབས་སུ་འགྲོགས་འདྲིས་ཧ་ཅང་ཆེ་བས་དེ་མ་ཐག་སྐད་འཕྲིན་ལས་སློབ་གྲོགས་གླིང་སྨྱོན་བཙལ། སློབ་ཆེན་སྐབས་སུ་སློབ་གྲོགས་གླིང་སྨྱོན་ནི་སྙན་ངག་འབྲི་རྒྱུར་དགའ་ཞིང་གླིང་སྨྱོན་ནི་ཁོའི་པིར་མིང་སྟེ་མིང་དངོས་ལ་བསོད་ལོ་ཟེར། སྐབས་དེར་ང་ཚོ་ཚང་མས་རང་རང་ལ་པིར་མིང་རེ་བཏགས་ཏེ་ཕན་ཚུན་ལ་པིར་མིང་གིས་འབོད་ཅིང་བསོད་ལོའི་མིང་ལའང་རྒྱུན་པར་གླིང་སྨྱོན་ཞེས་འབོད། སྐབས་དེར་གླིང་སྨྱོན་གྱིས་སྙན་ངག་གཙོས་རང་གི་དགའ་སྐྱོ་ཆགས་སྡང་དང་འཚོ་བ་མཚོན་པའི་སྐད་ཆ་དང་བརྙན་པར་གྱི་རིགས་སྐད་འཕྲིན་རྒྱབ་ལྗོངས་སུ་ཉུང་མཐར་ཡང་ཉིན་གཅིག་ལ་ཐེངས་བཅུ་གྲངས་རེ་སྤེལ་ངེས། སློབ་མཐར་ཕྱིན་རྗེས་ཁོས་སྐད་འཕྲིན་རྒྱབ་ལྗོངས་སུ་སྤེལ་རྒྱུ་དེའང་རྒྱུན་ཆད་ཅིང་སྐད་འཕྲིན་རྒྱབ་ལྗོངས་ལས་ཀྱང་རིམ་གྱིས་བོར། ངས་སྐད་འཕྲིན་ཁ་ཕྱེ་སྟེ་འཚོལ་སྐབས་རྒྱབ་ལྗོངས་ལས་མཐོང་རྒྱུ་ཕར་ཞོག འབྲེལ་ཟིན་ལས་ཀྱང་མ་རྙེད་པས་ང་དངོས་སུ་ཁོ་ཚོའི་ལས་ཁུངས་སྒོ་ཁར་བཙལ་དུ་སོང་བ་ཡིན།

སློབ་ཆེན་སྐབས་སུ། སློབ་གྲོགས་གླིང་སྨྱོན་ནི་ཅི་དང་གང་ལའང་ཐེ་ཚོམ་མེད་པ་ཞིག་སྟེ། སློབ་ཆེན་ལ་ཐོན་པའི་ལོ་དེར་ཁོས་རང་གི་དགེ་རྒན་འཛིན་བདག་མ་བློར་བབས་ཏེ་ཕྱི་ཉིན་བརྩེ་འཕྲིན་བཏང་ཞིང་། དགེ་རྒན་འཛིན་བདག་མའི་དགའ་རོགས་དགེ་རྒན་དེས་ཤེས་རྗེས་ཁོ་བཙལ། ཁོས་ཆུང་མ་རང་ལ་དབང་ཞིང་དགའ་རོགས་ཀུན་ལ་དབང་ཞེས་དགེ་རྒན་དེར་ཕྱིར་ཚིག་ལན་བསློགས་པས་ཁོ་གཉིས་མ་མཐུན་པར་རྡུང་རེས་ཀྱང་བརྒྱབ།

ཕྱི་ཉིན་ངེད་གཉིས་ཀྱིས་ཚོང་ཁང་ཞིག་ཏུ་སྐོམ་ཆུ་ཉོས་ནས་ཕྱིར་འབུད་སྐབས། སྦྱིན་བདག་མ་དེས་ཁྱོད་གཉིས་ཀྱིས་དཔེ་ཁུག་ནང་དུ་དངོས་པོ་འགའ་བསྡུས་སོང་། ཁ་ཕྱེ་ནས་སྟོན་ཤོག་ཟེར་བས་ངའི་ངོ་གདོང་ཧྲིལ་པོ་དམར་པོར་གྱུར་ཅིང་མཐའ་འཁོར་གྱི་མི་དག་ལའང་ལྟ་མ་ཕོད་པར་དཔེ་ཁུག་ཁ་ཕྱེ་རྩིས་བྱས། སྐབས་དེར་ཁོས་ང་འགོག་ཞོར། ངེད་གཉིས་ཀྱིས་དཔེ་ཁུག་ཁ་ཕྱེ་ནས་ཞིབ་བཤེར་བྱེད་དུ་བཅུག་ཆོག ཡིན་ཡང་། གལ་ཏེ་ངེད་གཉིས་ཀྱིས་དངོས་པོ་བརྐུས་མེད་ཚེ་ཅི་བྱེད་ཅེས་དྲིས་མ་ཐག སྦྱིན་བདག་མ་དེས་བརྐུས་མེད་ཚེ་འགྲིག་འདུག ངས་དགོངས་དག་ཞུས་པ་ཡིན་ཟེར། ཁྱོད་ཀྱིས་སྟོང་བསམ་མ་བཅང་། ཁྱོད་ཀྱིས་ངེད་གཉིས་ཀྱི་མི་གཞི་དང་རྩིས་ཐང་ལ་རྡོག་རྫིས་བཏང་བ་ཡིན་པས། བརྐུས་མེད་ཚེ་ཁྱོད་ཀྱིས་ཁྲིམས་ལྟར་ངེད་གཉིས་ལ་མཚན་སྙན་སླར་གསོའི་སྐྱིན་ཚབ་གཞལ་དགོས་ཏེ། སྔོན་ལ་ཉེན་རྟོག་པ་བོས་ནས་བདེན་དཔང་བྱེད་དུ་འཇུག་དགོས་ཟེར། སྦྱིན་བདག་མ་དེས་ཀྱང་དེས་ན་ཁྱོད་གཉིས་སོང་ཆོག་ཟེར།

ཁྱོད་ཀྱིས་ངེད་གཉིས་ཀྱི་རྩིས་ཐང་དང་མཚན་སྙན་ལ་རྡོག་རྫིས་བཏང་སོང་། ངེས་པར་དུ་ཉེན་རྟོག་པ་བོས་ནས་ཚོང་ཟོག་བརྐུས་ཡོད་མེད་བདེན་དཔང་བྱས་རྗེས། མི་དམངས་ཁྲིམས་ཁང་ནས་སྐྱིན་ཚབ་གཞལ་དགོས་ཞེས་རྒོལ་བ་ཡང་ཡང་བཏང་མཐར། སྦྱིན་བདག་མའང་ཐབས་ཟད་དེ་ངེད་གཉིས་ལ་སྒོར་ཉིས་བརྒྱ་བྱིན། ཁོས་སྒོར་ཉིས་བརྒྱ་དེ་ཚུར་ལག་ཏུ་བླངས་མ་ཐག་ཐང་ལ་གཡུགས་ཏེ་རྐང་བཅག་ཅིག་བྱས་ཤིང་། ངེད་གཉིས་ལ་མཁོ་བ་སྒོར་མོ་མིན། ཁེ་དབང་དང་རྩིས་ཐང་ཡིན་ཞེས་སྒོར་མོ་བསྐྱུར་ནས་སྒོ་ཕྱིར་བུད། དེ་ནས་བཟུང་ཁོས་ཀྱང་རྒྱུན་པར་གངས་བུ་ཞེས་ང་བཙལ་ནས་ཚུར་འོང་ཞིང་། ངས་ཀྱང་གླིང་སྨྱོན་ཞེས་ཁོ་བཙལ་ནས་ཕར་སོང་བས། ངེད་གཉིས་ཆེས་བཟང་བའི་རྩོམ་གྲོགས་དང་གྲོགས་པོ་རུ་གྱུར། ནམ་རྒྱུན་མཉམ་དུ་རྩོམ་འབྲི་ཞོར་སློབ་སྦྱོང་བྱས། ཡང་མཚམས་རེར་རྒྱུན་དུ་ཆང་འཐུང་ཞོར་རྩོམ་རིག་གླེང་ཞིང་སྙན་ངག་གྱེར། དེ་ནི་ངེད་གཉིས་ཐུན་མོང་གི་དགའ་ཕྱོགས་ཡིན།

ཐེངས་ཤིག་སྐད་ཡིག་དགེ་རྒན་གྱིས་ང་ཚོའི་འཛིན་གྲྭར་རྩོམ་ཡིག་གི་ལས་བྱ་ཞིག་བཞག གླིང་སྨྱོན་གྱིས་ཁ་བྱང་ལ《འཐོམ་སྦྲིད》ཅེས་པ་ཞིག་བྲིས་རྗེས།

“མོས་རང་གི་ཡུམ་ཆེན་གྱི་བཞོ་འབྲི་འཕྲོགས་པའི

ཇག་པ་དེའི་བུ་དང་འཁྲིག་པ་སྤྱད

ཁོས་རང་གི་ཡབ་ཆེན་བཀྲོངས་པའི

ལག་དམར་དེའི་བུ་མོ་དང་གཉེན་སྒྲིག་བྱས”ཞེས་ཐིག་ཕྲེང་བཞི་བྲིས་ནས་སྤྲད་པས་དགེ་རྒན་ཁོང་ཁྲོ་ལངས་ཏེ། ཁྱོད་ཀྱིས་ང་ལ་དམའ་འབེབ་དང་བརྙས་བཅོས་བྱས་པ་རེད། བསྐྱར་དུ་ཡིག་འབྲུ་ཆིག་སྟོང་བརྒལ་བའི་རྩོམ་ཞིག་ཕྲིས་ཤོག་ཟེར། ཁོས་ཕྱིར་ལན་དུ་འདི་ནི་ཁྱོད་ཀྱིས་ངའི་བརྩེ་དུང་གི་འགྱུར་བ་དང་བསམ་བློའི་ཚོར་འདུ་ལ་བརྩི་བཀུར་མ་བྱས་པ་རེད། སྙན་ངག་ཡིག་འབྲུ་ཅི་ཙམ་ཡོང་བ་དང་ཇི་ལྟར་ཡོང་བ་དེ་རྩོམ་པ་པོའི་དགའ་སྐྱོ་ཆགས་སྡང་དང་བརྩེ་དུང་གི་ཚོར་འདུས་ཐག་གཅད་དགོས་པ་ལས། ཁྲལ་དང་འུ་ལག་བགོ་བ་ལྟར་ཐག་གིས་བཅད་ན་ག་ལ་འགྲིག་ཅེས་ཨུ་ཚུགས་བྱས་པས། ཐེངས་དེར་དགེ་རྒན་ཡང་ཨུ་ཐུག་ནས་བསྐྱུར་མོད། རྗེས་སུ་ཁོའི་སྐད་ཡིག་གི་ཡིག་ཚད་ཚང་མ་མི་ལོངས་པར་གྱུར། སྐད་ཡིག་གི་ཆུ་ཚད་ཞན་པའི་སློབ་གྲོགས་རེ་འགའ་ཡིས་ང་ཚོའི་དགེ་རྒན་ལ་ཡུལ་ནས་ཤ་སྐམ་དང་དབྱར་རྩྭ་རེ་ཁྱེར་འོང་ནས་བྱིན་པས་ང་ཚོའི་ཡིག་ཚད་ཀྱང་ལོངས་འདུག ཁྱོད་ཀྱིས་ཀྱང་ཁོར་ཐ་མག་ཅིག་གམ་དངོས་པོ་ཞིག་གིས་མགོ་གཡོགས་ཚེ། སྐད་ཡིག་གི་ཡིག་ཚད་ལོན་པར་འདང་རྒྱག་ཅི་ཡོད་ཟེར། གླིང་སྨྱོན་གྱིས་ལྟག་སྒོ་འཛུལ་རྒྱུ་དེ་བདག་གི་རང་གཤིས་མིན་ཟེར་ནས་རང་གིས་ལྟ་འདོད་པའི་དཔེ་ཆ་དག་ཁོ་ནར་ལྟ་བ་ལས་ཡིག་ཚད་ལོངས་མིན་ལ་ཁ་ཡ་གཏན་ནས་མི་བྱེད།

ལོ་དེར་ཁོས་ད་དུང་མིག་གསུམ་པ་ཞེས་པའི་རྩོམ་རིག་ཚོགས་པ་ཞིག་བཙུགས་ཤིང་། ང་ཚོ་སློབ་གྲོགས་གང་མང་ཞིག་དེར་ཞུགས་ནས་དཔྱད་གླེང་སྣ་ཚོགས་བྱས། རྣམ་དཔྱོད་དང་ཤེས་རབ་འགྲན། བསམ་གཞིག་དང་བརྗེ་རེས་བྱས། སྐྲ་རིང་བོ་བཞག་ཅིང་གསར་རྩོམ་མང་དུ་བྱས། སློབ་གླིང་གཞན་པའི་སློབ་གྲོགས་ཚོས་ང་ཚོར་གཡག་ཚོགས་ཞེས་འབོད། ཐེངས་ཤིག་སློབ་གྲྭའི་ནང་དུ་སྐྲ་བཞར་བའི་ལས་འགུལ་ཞིག་ཐོན་པས། སློབ་གྲོགས་ཕལ་ཆེར་གྱིས་སྐྲ་བཞར་ནས་སྐྱི་མགོར་བཏང་བར་མ་ཟད་ངའང་དེའི་གྲས་སུ་ཚུད།ཡིན་ནའང་གླིང་སྨྱོན་གཅིག་པུས་སྐྲ་མ་བཞར། དེ་བས། ཚང་མས་གླིང་སྨྱོན་ཨུ་ཚུགས་ཆེ་ཨང་ཞེས་བཤད་ཀྱང་། ཁོས་ཕྱིར་དེ་ནི་ཨུ་ཚུགས་མ་རེད་དེ་ཡོན་ཏན་གྱིས་བསྲུངས་པའི་གཏན་ཚིགས་རེད་ཅེས་ཀུ་རེ་བྱས།

ཁོས་ནམ་ཡང་གནས་ཤིག་ཏུ་ཁ་རོག་གེར་དཔེ་ཀློག་ལ་བརྩོན་པའི་བརྟན་བརླིང་གི་རང་གཤིས་དང་། དཔའ་ཞིང་སྤོབས་པའི་རང་ཚུགས་དེས་ང་ཚོའི་སློབ་གྲོགས་བདེ་སྐྱིད་ཀྱི་ཡིད་སེམས་ཀྱང་བཀུགས་ཏེ་ཁོ་གཉིས་དགའ་རོགས་སུ་གྱུར། ཁོས་དུས་རྒྱུན་དུ་ང་ལ་སློབ་མཐར་ཕྱིན་རྗེས་ངས་ངེས་པར་དུ་བདེ་སྐྱིད་དང་གཉེན་བསྒྲིག་རྒྱུ་ཡིན་ཟེར། ངས་ཀྱང་གླིང་སྨྱོན་གྱི་སྐད་ཆ་དེར་སེམས་གཏིང་ནས་ཡིད་ཆེས་བྱ་ཐུབ། ད་དུང་ཁོས་བདེ་སྐྱིད་ལ་སྙན་ངག་ཅིག་ཀྱང་བྲིས་མྱོང་སྟེ། ཇི་བཞིན་ཡིད་ལ་དྲན་དཀའ་མོད། ནང་དོན་ཕལ་ཆེར་འདི་ལྟར་ཡིན།

“འབྲེལ་བ།

མགོ་ཐོག་གི་ནམ་མཁའ

ང་ལ་འབྲེལ་བ་མེད

རྐང་འོག་གི་ས་གཞི

ང་ལ་འབྲེལ་བ་མེད

ཡིན་ཡང་ཁྱོད་ཁོ་ན

ང་དང་འབྲེལ་བ་ཡོད་དོ”

ཁོ་ཚོའི་ལས་ཁུངས་སྒོ་ཁར་ལུས་རྒྱགས་ཤིང་ཀླད་པ་སྐྱི་ཐེར་དུ་གྱུར་པའི་རྒད་པོ་ཞིག་ལས་ཚོགས་གྲོལ་ནས་སྒོ་ཕྱི་རུ་ཐོན། ང་ཁོའི་སྔོན་དུ་སོང་ནས་གླིང་སྨྱོན་ལས་ཚོགས་སུ་ཡོད་དམ་ཞེས་དྲིས་པས། ཁོས་ཡ་མཚན་པའི་མིག་མདངས་ཀྱིས་ང་ལ་ལྟ་ཙམ་བྱས་རྗེས། གླིང་སྨྱོན་ཟེར་བ་མི་ཞིག་རེད་དམ་ཟོག་ཅིག་རེད་ཅེས་སྣ་དགོད་ཅིག་བྱས་རྗེས་མགོ་བོ་གཡུག་ཞོར་རླངས་འཁོར་ནང་བསྡད་ནས་བུད་སོང་། ཨེན་ཙམ་བསྒུགས་རྗེས་དྲ་ངོས་ནས་ཁོ་ཚོའི་ལས་ཁུངས་དེའི་གཞུང་ལས་ཁང་གི་ཨང་གྲངས་རྙེད་དེ་ཁ་པར་བཏང་། ཕ་རོལ་བར་གླིང་སྨྱོན་ལས་ཚོགས་སུ་ཡོད་དམ་ཞེས་དྲིས་པས། བུ་མོ་དེས་ལས་ཁུངས་འདིར་དེ་འདྲའི་མི་ཞིག་མེད་ཅེས་བཤད་རྗེས་ཁ་པར་གྱི་སྒོ་ཁྲོག་གེར་གཏན་སོང་།

བར་སྐབས་དེར་ལས་ཁུངས་དེའི་རྒྱ་སྒོའི་ནང་ཡར་འཛུལ་བ་ན། གྱང་ངོས་སུ་ལས་བཟོ་བ་ཡོངས་ཀྱི་འདྲ་པར་སྦྱར་ཡོད་པ་མཐོང་ཞིང་། དེའི་ནང་ཞིབ་ཏུ་བལྟས་པས་ད་གཟོད་འདྲ་པར་དེ་དག་གི་མར་གཤམ་དུ་གླིང་སྨྱོན་གྱི་པར་ཞིག་སྦྱར་ཡོད་པ་ངོས་ཟིན། དེའང་པར་གཤམ་དུ་བསོད་ལོ་ཞེས་བྲིས་མེད་ཚེ་ངོས་ཟིན་ཐབས་མེད་པ་འདྲ། བར་དེར་སྒོ་སྲུང་རྒད་པོ་དེ་ཚུར་ཡོང་ནས་ཁྱོད་ཀྱིས་ཅི་བྱེད་ཀྱིན་ཡོད་ཟེར། ངས་གླིང་སྨྱོན་གྱི་པར་བསྟན་ནས་མི་ཞིག་འཚོལ་བཞིན་ཡོད། ཕལ་ཆེར་ཁོ་ཡིན་པ་འདྲ་ཞེས་བཤད། འོ་བསོད་ལོ་འཚོལ་བཞིན་ཡོད་དམ། ཁྱོད་ཁོའི་ཅི་ཞིག་ཡིན་ཟེར། ངས་ང་ནི་ཁོའི་སློབ་གྲོགས་ཡིན་ཞེས་སྨྲས་པ་ན། རྒད་པོ་དེས་ཡར་ལྟ་མར་ལྟ་ཞིག་བྱས་ཤིང་ཡུད་ཙམ་ལ་བསམ་བློ་བཏང་རྗེས། གདོང་ལ་འཛུམ་ཞིག་ལངས་ཞོར། ཁྱོད་ཀྱི་སློབ་གྲོགས་འདི་དང་ཐོག་ལས་ཁུངས་འདིར་ཡོང་དུས། སྐྲ་ཧ་ཅང་རིང་། ཡིག་རྒྱུགས་ལ་ཨང་དང་པོ་བླངས་ནས་ཨང་གཉིས་པ་དང་བར་ཁྱད་ཆེན་པོ་ཞིག་ཡོད་པ་དེས་མིན་ཚེ། སྐྲ་རིང་བ་རྒྱུ་མཚན་དུ་བྱས་ཏེ་ལས་ཁུངས་འདིས་སྡུད་ལེན་མ་བྱས། ཧ་ཧ་ཧ། དེ་དུས་ཁོ་དངོས་གནས་མི་དགོད་སྤྱད་ཅིག་ཡིན། ལས་གནས་སུ་ཞུགས་མ་ཐག་པའི་སྐབས་དེར། ལས་ཁུངས་ནང་ནས་མགོ་ཁྲིད་ལ་ཐུག་ནའང་གུས་བཀུར་བྱེད་མི་ཤེས། ཡིད་ལ་ཅི་དྲན་ཁ་རི་ཁ་ཐུག་གིས་བཤད་ཅིང་། ཁོས་བྲིས་པའི་ཡིག་ཚགས་ལ་མགོ་ཁྲིད་ཀྱིས་བཟོ་བཅོས་བྱས་ནའང་བསམ་འཆར་བཤད་ནས་དང་ལེན་མི་བྱེད། ལས་ཁུངས་ཀྱི་མི་རྣམས་འཛོམས་པའི་གསོལ་སྟོན་སོགས་ཀྱི་སྟེང་ནས་ཀྱང་སྙན་ངག་ཟེར་བ་ཞིག་བཏོན་ནས་འུར་བརྒྱབ་སྟེ་སུན་དུ་བཅུག་འགྲོ། ཡིན་ཡང་། ད་ལྟ་ཡར་རྒྱས་ཆེན་པོ་བྱུང་སྟེ་མགོ་ཁྲིད་ཀྱི་བློར་ཡང་བབས་ཡོད་ཚོད་འདུག་ཟེར།

དེ་ལྟར་སྒོ་སྲུང་རྒད་པོ་དེའི་ཁ་ནང་ལ་ཅེར་སྡོད་སྐབས། གློ་བུར་དུ་རྒྱབ་ཕྱོགས་ནས་མི་ཞིག་གིས་སྟོབས་ལྡན་ཞེས་བོས་པས་ངའང་ལྷབ་སེར་བཏང་། ཁ་ཕྱིར་འཁོར་ནས་ལྟ་དུས་མགོ་ཡི་སྐྲ་ལོ་སྲབ་བུར་བྲེགས་ཤིང་ནུབ་ལྭ་ནག་པོ་གྱོན་པའི་མི་ཞིག་ངའི་ཁ་གཏད་དུ་ལངས་འདུག ཅི་རེད།མི་ཤེས་སམ། ཨ། གླིང་སྨྱོན། ཕེ་ཕེ་ཕེ། དེ་ལྟར་མ་འབོད། ང་ངོ་ཚ་ཡི་འདུག་ཟེར་ནས་ང་ཟུར་ཞིག་ཏུ་དྲུད་དེ། གཞུང་ལས་ཁང་ནང་དུ་ཁ་པར་གཏོང་མཁན་དེ་ཁྱོད་ཡིན་ནམ། ངས་སུ་ཞིག་ཡིན་ནམ་བསམས་སོང་། ཁྱོད་དེ་དུས་གཞུང་ལས་ཁང་དུ་ཡོད་དམ། འོ་ན།བུ་མོ་དེས་མེད་ཟེར་བའི་རྒྱུ་མཚན་ཅི་རེད།

ཨ་ཨ་ཨ། མིང་དེ་མ་འབོད། ང་དངོས་གནས་ངོ་ཚ་ཡི་འདུག མོར་ཁག་མི་འདུག ཁྱོད་ཀྱིས་དེ་ལྟར་བོས་ན་མོས་ཇི་ལྟར་ཤེས། ལས་གྲོགས་ཤིག་ཡིན་ན་ལོས་ཤེས། དེ་ཁྱོད་ཀྱི་པིར་མིང་མིན་ནམ། ཧ་ཧ་ཧ། ངས་ཀྱང་ངའི་མིང་དེ་ཕལ་ཆེར་བརྗེད་ལ་ཉེ། ཁྱོད་ཀྱིས་ཟ་མ་ཟས་ཡོད་དམ། ཅི་ཞིག་འཐུང་འདོད་ཀི ཤོད་དང་ཟེར། ངས་དུས་མཉམ་དུ་ཁོའི་གམ་དུ་བྱིས་པ་ཞིག་ཀྱང་འགྲེངས་ཡོད་པ་མཐོང་བས། ཅི་ཡིན་ཡང་ཆོག འདི་ཁྱོད་ཀྱི་བྱིས་པ་ཡིན་ནམ། ཡིན་ལགས། ཁྱོད་གཉེན་སྒྲིག་བྱས་སོང་ངམ། འོ་ལེ། འོ་ན་གཉེན་སྟོན་ལ་མི་འབོད་དོན་ཅི་ཡིན། བདེ་སྐྱིད་བོས་དང་མཉམ་དུ་ཟ་མ་བཟའ་རུ་འགྲོ། ཁོའི་ངོ་མདོག་འགྱུར་བཞིན་ངས་བདེ་སྐྱིད་དང་གཉེན་བསྒྲིགས་པ་མིན་ཟེར། ངའང་ཅུང་ཟད་ཙམ་ལ་ཅི་བྱ་གཏོལ་མེད་དུ་གྱུར་རྗེས་ཁོས་བསྐོར་བའི་རླངས་འཁོར་དེའི་ནང་བསྡད་ནས་ཟ་མ་བཟའ་རུ་ཕྱིན།

ངས་ཁོར་གླིང་སྨྱོན་ཁོམ་པ་ཡོད་དམ། ཁོམ་པ་ཡོད་ཚེ་དོ་དགོང་འུ་སྤུན་ཟླ་གཉིས་ཀྱིས་མཉམ་དུ་ཆང་འཐུང་ཞོར་སླར་ཡང་རྩོམ་རིག་དང་རྩིས་ཐང་། ལ་རྒྱ་བཤད། རང་གི་ལང་ཚོ་དང་སློབ་ཆེན་གྱི་ལོ་ཟླར་ཕྱིར་དྲན་བྱ། ཧ་ཧ། ཞེས་བཤད། ཁོས་ཅུང་ཐེ་ཚོམ་དང་བཅས་ཉེ་ལམ་ངའི་ཨ་མ་སྨན་ཁང་དུ་བསྡད་ཡོད་པས་དོ་ནུབ་ཅུང་མི་ཁོམ་ཞེས་ཟེར་སྐབས། བྱིས་པས་མཚམས་ནས་བླངས་ཏེ། ཨ་ཕ། དགེ་རྒན་གྱིས་ཤོབ་གཏམ་མི་རུང་ཟེར། ཨ་ཕྱི་ལ་ན་ཚ་ཅི་ཡང་མེད་པར་ཕྱུགས་ལས་སུ་ཡོད་པ་མིན་ནམ། དོ་ནུབ་ཨ་མ་དང་འུ་གསུམ་པོ་ཨ་ཁུ་ཅུས་ཀྲང་གིས་རླངས་འཁོར་གསར་པ་ཉོས་པའི་གསོལ་སྟོན་སྟེང་འགྲོ་རྒྱུ་བྱས་ཡོད་པ་མིན་ནམ་ཞེས་བཤད་མ་ཐག བསོད་ལོའི་ངོ་མདངས་དམར་པོར་འགྱུར་བཞིན་བྱིས་པ་ཞིག་གིས། ཉག་ཉོག་མ་བཤད། ཁ་རོག་གེར་སྡོད་ཅེས་བཤད་རྗེས། དོགས་མི་བདེ་བའི་མིག་ཟུང་གིས་ངའི་གདོང་ལ་ལྟ་ཙམ་བྱེད།

ཟ་ཁང་ཞིག་ཏུ་ཟ་མར་སྒུག་སྐབས། ངས་སློབ་གྲོགས་བསོད་ལོའམ་གླིང་སྨྱོན་ལ་མགོ་མཇུག་མེད་པར་ཞིབ་ལྟ་ལན་འགའ་བྱས་ཀྱང་། ཁོ་ངའི་སྔོན་ཆད་ཀྱི་སློབ་གྲོགས་བསོད་ལོའམ་གླིང་སྨྱོན་ཡིན་པའི་ཆ་ཅི་ཡང་མཐོང་རྒྱུ་མེད་པར་གྱུར། བར་དེར་ཟ་ཁང་གི་ཞབས་ཞུ་པས་ཀྱང་ཟ་མ་བསྐྱལ་འོང་སྟེ་སོ་སོར་ངེད་གཉིས་ཀྱི་སྔོན་དུ་ཐུག་པ་དཀར་ཡོལ་གང་རེ་བཞག ངས་བསོད་ལོའི་སྔོན་དུ་བཞག་པའི་དཀར་ཡོལ་དེར་ཁ་ཤོ་ཆེན་པོ་ཞིག་ཡོད་པ་མཐོང་སྟེ། དཀར་ཡོལ་འདི་བརྗེ་རོགས་ཞེས་བཤད། སྦྱིན་བདག་དེས་ཅི་བྱུང་ཟེར། ངས་དཀར་ཡོལ་གྱི་ཁ་ཤོ་འདུག་ཅེས་བཤད། སྦྱིན་བདག་གིས་ཕྱིར་ལན་དུ་གང་ལྟར་འཐུང་ཐུབ་པས་བརྗེ་དགོས་དོན་ག་རེ་ཡིན་ནམ་ཞེས་མི་དགའ་བའི་རྣམ་འགྱུར་སྟོན་པར་བྱེད། བར་དེར་བསོད་ལོས་སྐྱོན་མི་འདུག སྐྱོན་མི་འདུག སྟོབས་ལྡན་ཟེར། སྔོན་ཆད་ཁོས་གང་ནས་འཕྲད་ཀྱང་གངས་བུ་ཞེས་ངའི་པིར་མིང་གིས་འབོད་པ་ལས་དངོས་མིང་གིས་ཡེ་ནས་བོས་མྱོང་མེད། ཡིན་ཡང་། དེ་རིང་གློ་བུར་དུ་ངའི་དངོས་མིང་གིས་ཐེངས་གཅིག་གིས་མི་ཚད་གཉིས་ལ་བོས་པས། ངའི་ཁ་གཏད་ཀྱི་སློབ་གྲོགས་བསོད་ལོའམ་གླིང་སྨྱོན་འདི་མི་ཆ་ཡོད་ཅིག་ནས་ཆ་མེད་ཅིག་ཏུ་གྱུར་སོང་བའི་སྣང་བ་ཞིག་ངང་གིས་སྐྱེས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།