ཀྲུང་གོ་བོད་ཀྱི་དྲ་བ།

ཁྲེམས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : རུས་པ།   སྤེལ་དུས། : 2022-08-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སློབ་དཔོན་པདྨ་འབྱུང་གནས་ཀྱི་སྒྲུབ་ཕུག་ཏུ་འབོད་པའི་དུང་རིའི་ར་ལམ་ཉག་ཁར་འབབ་བཞིན་པའི་དཀར་བོང་བོང་གི་ཁ་བ་ལེབ་མོ་དེ་སུམ་སྣ་གྲོང་ཚོ་རུ་སླེབས་དུས་ཆར་བ་ཟམ་ཟིམ་དུ་གྱུར་འདུག སྐར་མས་རླངས་འཁོར་གཞུང་ལམ་ཆེན་པོའི་གཡས་ཕྱོགས་སུ་བཞག་རྗེས་ཞིག་རལ་དུ་གྱུར་པའི་མཁར་ཆག་དེའི་གྱང་རྟིང་ལ་ཇ་ལོ་ཐེ་ཀོན་དབྱིན་གྱི་མདོག་དང་འདྲ་བའི་གཅིན་པ་ལྗང་སེར་ཞིག་གཏོང་ཞོར་མགོ་བོ་ཡར་དགྱེ་ནས་སྨུག་རོག་རོག་གི་ནམ་མཁར་བལྟས་ནས་བསྡད། ནམ་མཁའི་སྐར་ཁུང་ལས་བརྡོལ་བའི་ཆར་ཐིགས་མཁའ་འགྲོ་མའི་མེ་ཏོག་གི་ཆར་བ་བཞིན་དུས་གཅིག་ཏུ་ཁོའི་འཇིལ་ལིར་ཆགས་པའི་སྐྲ་གསེང་དང་སྐམ་རིད་དུ་གྱུར་པའི་ངོ་གདོང་། རྒས་གཉེར་གྱི་ཟབ་སར་བསྐུངས་པའི་མིག་ཟུང་ནས་ངལ་དུབ་ཀྱིས་གཙེས་པའི་ལུས་ལ་སིབ་སིབ་བབས། ཕོ་ལོ་ལྔ་བཅུར་སོན་པའི་སྐར་མའི་སྣང་བར་རང་ཉིད་ཀྱི་དོན་ལྔ་སྣོད་དྲུག་གང་རུང་དུ་ཡུན་རིང་སྐྲངས་ཤིང་སྦས་པའི་གཉན་ཚད་དེ་ཡང་གཞི་ནས་མཁའ་འགྲོ་མ་དེ་དག་གི་ལྷ་ཆབ་སྔོན་མོས་ཁྲུས་སྩེལ་ཐེངས་ཤིག་བྱས་ཟིན་པའི་བག་ཕེབས་ཀྱི་བདེ་སྣང་སྨྲ་མི་ཤེས་པ་ཞིག་སྐྱེས་བྱུང་། “རྒྱབ་རིའི་ནགས་གསེབ་འདིར་ཡུལ་མི་མེད་དམ།” ཆར་བ་ཟམ་ཟིམ་འབབ་བཞིན་པའི་ས་སྲོད་ཅིག་ལ། ཕོ་ལོ་ཉི་ཤུའི་སྒང་གི་སྐར་མས་མེ་ཏོག་སྐྱིད་ཀྱི་ལག་མགོ་ནས་ཁྲིད་དེ་རྐང་འཇབ་ལག་འཇབ་ཀྱིས་སུམ་སྣ་གྲོང་ཚོའི་སློབ་ཆུང་ལྟག་རྒྱབ་ཀྱི་ནགས་གསེབ་དེར་དམིགས་ནས་ཕྱིན། “ངས་ཀྱང་གསལ་བོ་མི་ཤེས། ལན་རེར་རྨོ་མོ་སྒྲོལ་དཀར་ནགས་ཚལ་འདིར་བུད་ཤིང་དང་ལྕི་བ་སྐམ་པོ་སྒྲུག་ཏུ་འགྲོ་བཞིན་པ་མཐོང་བ་ལས་གྲོང་མི་གཞན་དག་འོང་གིན་མེད་པ་འདྲ།”མེ་ཏོག་སྐྱིད་ཀྱིས་མགོ་བོ་བྲང་ཁར་སྨད་ཅིང་སྐར་མའི་མིག་ཟུང་ལ་གཡོལ་བཞིན་གདེང་ཚོད་མེད་མདོག་གིས་བཤད། སྐར་མས་མེ་ཏོག་སྐྱིད་ཀྱི་སྐྲ་འདབས་སུ་འཛག་གིན་པའི་ཆར་ཐིགས་རེ་རེ་མོའི་དཀར་ཞིང་མཉེན་པའི་མཇིང་བ་ཕྲ་མོ་ནས་འགྲིལ་བཞིན་གནས་གང་ཞིག་ཏུ་བཞུར་གྱིན་པར་ཚོད་དཔག་བྱེད་བཞིན་མོའི་ལག་མགོ་ནས་བཟུང་སྟེ་ནགས་གསེབ་ལ་འཐེན་ཙམ་བྱས། སྐར་མས་འཇུས་ཡོད་པའི་སྙི་ཞིང་ནེམ་ལ་ཕྲ་བའི་མེ་ཏོག་སྐྱིད་ཀྱི་ལག་པའི་ཕྱི་ནང་ཀུན་ཚ་བེར་བེར་བྱེད་ཅིང་། དེ་ལྟར་དུས་ཚོད་རིང་པོ་ཞིག་ལ་ཡུན་རིང་རེ་ཞིང་བསྒུགས་པའི་འདོད་འདུན་གྱི་རྣམ་འགྱུར་སུས་ཀྱང་རྗེན་པར་སྟོན་མ་ནུས་པས་ཁོ་གཉིས་ཀྱི་འབྲེལ་མེད་དོན་གཞན་གྱི་ལབ་གླེང་ཐན་ཐུན་ཆར་བ་ཟམ་ཟིམ་གྱིས་ཞུ་ནས་རི་རྩེར་འགྱུ་བའི་སྨུག་པའི་ཁྲོད་ཐིམ། མེ་ཏོག་སྐྱིད་ཀྱིས་སྔར་བཞིན་མགོ་བོ་བྲང་ཁར་སྨད་དེ་རྒྱ་ལྕང་གི་ཡལ་ག་ཕྲ་མོ་ཞིག་ལ་མདུད་པ་རྒྱག་ཞོར་བྱ་གག་གི་མཆུ་ཏོ་དང་འདྲ་བའི་འཇུར་རྟ་རྟིང་ཙོག་གི་རྡོག་སྣེ་ཡིས་ས་ལ་འབྲད་ཀྱིན་བསྡད། དུས་དེར། སྐར་མ་དང་མེ་ཏོག་སྐྱིད་གཉིས་ཀྱི་སྣང་བའི་འཇིག་རྟེན་དུ་སུམ་སྣ་གྲོང་ཚོར་ཏག་ཏག་ཆར་བ་ཟམ་ཟིམ་གྱི་འབབ་སྒྲ་ཁོ་ན་ལས་ཅི་ཡང་ལྷག་མེད་པ་འདྲ། མེ་ཏོག་ལ་མཚོན་ན། འདི་ནི་སྐྱེས་ཕོ་ཞིག་དང་ལུས་འབྲེལ་གྱི་སྟ་གོན་ཐོག་མ་ཡིན་པས་མོའི་དབུགས་ཀྱི་འབྱིན་རྔུབ་ཇེ་མགྱོགས་སུ་ཕྱིན་པ་དང་བསྟུན་ནས་རང་དབང་མེད་པར་འདར་སིག་ཅིག་བརྒྱབ། སྐར་མས་མེ་ཏོག་སྐྱིད་ཀྱི་ལྟག་རྒྱབ་ནས་ལག་པ་གཉིས་མོའི་ཕྲ་ཞིང་ལྡེམ་པའི་རྐེད་པར་འཁྱུད་པ་ན་མེ་ཏོག་སྐྱིད་ཀྱིས་ཡང་བསྐྱར་རང་དབང་མེད་པར་འདར་སིག་ཅིག་བརྒྱབ། མོའི་རང་དབང་མེད་པའི་འདར་སིག་དང་ཁ་རླངས་དྲོན་མོ་དེས་སྐད་ཅིག་ཉིད་ལ་སྐར་མའི་སྤྱི་གཙུག་ནས་རྐང་མཐིལ་ལ་གློག་གིས་བརྒྱབ་པ་ནང་བཞིན་ཡོངས་སུ་སྦྲིད་པར་བྱས་པས་ཁོས་རང་དབང་མེད་པར་མིག་ཟུང་བཙུམས་ནས་མེ་ཏོག་སྐྱིད་ཀྱི་མཇིང་པར་འོ་ཞིག་བྱ་རྩིས་བྱས་པ་ན། གློ་བུར་དུ་ནགས་གསེབ་ནས་གྲག་འགུལ་ཅིག་བྱུང་བས་སྐར་མས་མཆུ་ཏོ་མཉེན་མོ་མྱུར་དུ་ཚུར་བསྐུམས་ནས་གྲག་འགུལ་དེའི་ཕྱོགས་སུ་ཧད་དེ་ལུས། མ་གཞི་དེ་ནི་སུམ་སྣ་སྡེ་བའི་རྨོ་རྨོ་སྒྲོལ་དཀར་མིན་པར་ནགས་ཚལ་དེར་རྒྱུན་ལོབས་སུ་ཕྱིན་པའི་བ་ལང་ཁྱུ་ཞིག་རེད། གཡས་ཕྱོགས་ཀྱི་ནགས་གསེབ་ནས་བ་མོ་ཞིག་གིས་ལྕི་བ་གཏོང་ཞོར་བེའུ་འགའ་ཁྲིད་ནས་སོས་དལ་ངང་ཚུར་སླེབས་བྱུང་། བ་མོ་དེའི་གདོང་ལ་སྙིང་བོ་མེད་པའི་བཟོ་ལྟ་ཞིག་མངོན་བཞིན་འཁང་རའི་ཚུལ་གྱིས་ཁོ་གཉིས་ལ་མིག་གིས་ཕུར་ཚུགས་སུ་ཅེར་ནས་བསྡད་པ་དང་ནགས་གསེབ་ཀྱི་སྔོ་རྩྭ་མུར་པའི་གཤེར་ཁུ་སྔོན་པོ་ཞིག་ཁ་འགྲམ་གཉིས་ནས་ས་རུ་འཛར་གྱིན་འདུག “ཤུ་ཤུ། གདོན་ཟོག་ཚོ་མར་སོང་།” སྐར་མས་དེ་ལྟར་གཤེ་གཤེ་བཏང་ནའང་བ་མོ་དེར་སྣང་དོགས་ཅི་ཡང་མེད་པར་སྔར་བཞིན་རྔ་གཡུག་བྱེད་ཀྱིན་སྡོད་པས། སྐར་མ་ཚིག་པ་གཏིང་ནས་ཟོས་ཏེ་ཐང་ནས་རྡོ་ལོག་ཅིག་བླངས་ཏེ་བ་རྒན་དམར་ལྡང་དེའི་མཇིང་པར་ཤེད་ཀྱིས་གཞུས་ཙ་ན། བ་མོས་རྭ་གཡུག་ཅིག་བྱས་ནས་གྲོང་འདབས་སུ་ཤར་རེར་བརྒྱུགས་པ་དང་བེའུ་ཚོས་ཀྱང་རྔ་འཚུབ་བྱེད་བཞིན་འཕོངས་ཚོས་གནམ་ལ་བསྟན་ནས་ཐག་དིར་རེར་གར་སོང་ཆ་མེད་དུ་གྱུར།

སྣང་ཚུལ་དེས་འདར་ལྕུག་ལྕུག་གི་མེ་ཏོག་ལ་རང་དབང་མེད་པར་དགོད་ཁ་ཞིག་གཏིང་ནས་བསླངས་སོང་། མོས་ཁོང་དགོད་ཀྱི་མིག་ཆུ་འབྱིད་བཞིན་འགྲེངས་ནས་སྡོད་མ་ཚུགས་པར་ལག་པ་གཡས་པས་རྐེད་པ་བསྐྱོར་ནས་མར་ཙོག་པའི་སྐད་ཅིག་མ་དེར། སུམ་སྣ་གྲོང་ཚོའི་སྨུག་རོག་རོག་གི་ནམ་མཁའ་མཁྲེགས་པོ་དེ་ལས་རློན་འཇམ་འཇམ་གྱི་ཆར་བ་ཇེ་ཆེར་གྱུར་ནས་མེ་ཏོག་གི་ཆེས་ཐོག་མའི་དྭངས་གསལ་གྱི་ལང་ཚོ་ཡོངས་སུ་བརླན་པར་བཟོས།སྐར་མས་ཕྱིར་དྲན་གྱི་ཀློང་ནས་སུམ་སྣ་གྲོང་ཚོའི་ནམ་མཁར་ལྟ་བཞིན་རྐང་སྣམ་གྱི་ཁ་འདིག་མདུད། ཁོས་གྱང་ཆག་ཞིག་རོའི་རྩར་བཏང་པའི་གཅིན་རྙིད་དེ་སྔར་བཞིན་གཏོང་ཁག་ལ་གཏོང་ཡུན་རིང་ཞིང་། གཅིན་བཏང་རྗེས་གཅིན་སྦུག་ཏུ་ཡང་ཚ་བེར་བེར་བྱེད་པས་སྨན་པ་བློ་མཆོག་གིས“ཁྱེད་ལ་གཅིན་འགག་གི་ནད་བྱུང་འདུག་པ་འདྲ་མྱུར་དུ་སྨན་བཅོས་བྱས་ན་འགྲིག”ཅེས་པའི་སྐད་ཆ་དེ་དྲན་བྱུང་། སྐར་མའི་སེམས་པ་བློང་བློང་དུ་གྱུར་ཞིང་ཕྱིར་དྲན་ཡོད་ཚད་སྐད་ཅིག་གི་འཇའ་ཚོན་བཞིན་ཡལ་བས་རླངས་འཁོར་གྱི་སྣུམ་སྒོ་ཤེད་ཀྱིས་གནོན་བཞིན་ཟི་ལིང་ཕྱོགས་སུ་བྱ་འཕུར་བ་ལྟར་བརྒྱུགས།

“བྱིས་པ་དེ་བཙས་ཡོད་ཚེ་ད་ནི་ལོ་བཅོ་བརྒྱད་ལ་སླེབས་ཡོད་སྲིད། ངས་ད་དུང་ཡང་བརྗེད་མི་སྲིད་པ་ནི་སྐབས་དེར་སྤྲུལ་སྐུས་ཕྱག་མོ་གཟིགས་སྐབས་གཟབ་ནན་ངང་གནང་བའི་སློབ་སྟོན་དེ་རེད།”མེ་ཏོག་སྐྱིད་ཀྱིས་རྫོང་འདབས་སུ་རྒྱུ་བའི་རྨ་ཆུ་ལི་མའི་དྭངས་གསལ་གྱི་འབབ་རྒྱུན་ལ་ལྟ་བཞིན་རང་དབང་མེད་པར་དངན་པ་ཞིག་འཐེན། “བདེན། དེ་དུས་ཁྱེད་ཀྱིས་སྤྲུལ་སྐུ་ཚང་གིས་སྦྲུམ་བུ་དེ་བསོད་ནམས་ཅན་ཞིག་ཡིན་པས་བདེ་བླག་ངང་བཙའ་ཐུབ་ན་ཤིན་ཏུ་ལེགས་ཞེས་ཁ་ཏ་གནང་མྱོང་ཞེས་བཤད་པ་ངས་ད་དུང་ཡང་བརྗེད་ག་ལ་སྲིད།”

“ད་མ་བཤད། བུ་གཅིག་གིས་ག་ལ་ཚད། དེའི་རྗེས་སུ་ད་དུང་སྲིད་ཐེངས་གཅིག་ལ་བཤིག་པ་མ་ཡིན་ནམ།” མེ་ཏོག་སྐྱིད་ཀྱི་ན་ཟུག་དང་བློ་འགྱོད་ཀྱིས་གཙེས་པའི་མིག་ཀོང་ལ་ཡང་བསྐྱར་རྨ་ཆུ་ལི་མའི་མདངས་ཀྱི་མིག་ཆུ་ཚ་མོ་ཞིག་འཁྱིལ་བྱུང་། རྨ་འགྲམ་གྱི་ཁོ་ར་ཁོར་ཡུག་ཀུན་རླུང་བུ་འཇམ་པོ་ཞིག་ཐག་རིང་ནས་ཐག་ཉེ་དང་ཐག་ཉེ་ནས་ཐག་རིང་ལ་ལྡང་བའི་སྒྲ་ལས་ཡོད་ཚད་ཁུ་སིམ་མེར་འདུག མེ་ཏོག་སྐྱིད་ཀྱི་རེ་ཐག་ཆད་པའི་ཤུགས་རིང་དང་ལས་འབྲས་ལ་བསླུ་བ་མེད་པར་ཡིད་ཆེས་ཀྱི་བཟོ་ལྟ་དེས། ཏར་ཅིག་ལ་བཟི་ཁབ་བརྒྱབ་པ་བཞིན་ཧོན་ནས་སྡོད་པའི་སྐར་མས་ཀྱང་ཅི་བྱ་གཏོལ་མེད་ཀྱིས་བརླ་ཁུག་ལས་མེ་ཆ་ཞིག་བླངས་ནས“ཐག”ཅེས་ཐ་མག་རྐང་གཅིག་མེར་བསྒྲོན། སྐར་མས་ཐ་མག་ཧབ་རྔུབ་བྱེད་བཞིན་མེ་ཏོག་གི་ཕྲག་གོང་ནས་མཐོང་པའི་སྲིན་པོ་རྫ་རིའི་སྨུག་སྤྲིན་གྱིས་གཡོགས་པའི་དབུ་རྩེ་ལ་ལྟ་བཞིན་བློ་འགྱོད་རྟས་མི་ཟིན་པ་ཞིག་བྲང་འོག་ནས་ཚེར་མ་བཞིན་ན་ཟུག་གིས་སྐྱེས།

“མེ་ཏོག་སྐྱིད། ཁྱེད་ཆ་མེད་ཅིག་ཏུ་གྱུར་འདུག་ཨང་།”

“རྒས་སོང་ནི་རེད།”མེ་ཏོག་སྐྱིད་ཀྱི་ན་སོ་གཞོན་ནའང་ད་ཆ་མོའི་ཕྱི་ལུས་ཀྱི་ཉམས་སྣང་ལས་གཞོན་རྟགས་ཀྱི་ཁྱད་ཆོས་ཤིན་ཏུ་འཚོལ་དཀའ་ཞིང་ཅུང་ཟད་ལྐོག་ཏུ་ལྷུང་བའི་མཁུར་ཚོས་གཉིས་སུ་གསལ་ལ་མི་གསལ་བའི་རྒས་གཉེར་སྐྲ་ཉག་ལྟ་བུ་ཁ་ཤས་བབས་འདུག སྔར་གྱི་དྲང་ཞིང་ལྡེམ་པའི་གཟུགས་གཞི་སྨྱུག་མ་འདྲ་བའི་རུས་སྒྲོམ་ཡང་ད་ནི་ཅུང་ཟད་ལྷོད་འདུག་ཅིང་། མངོན་གསལ་གྱི་རྒས་རྟགས་ནི་མཇིང་པ་དང་ལག་པའི་སྐྱི་མོའི་ངོས་སུ་ས་ཁྲ་བཞིན་བསྣོལ་བའི་སྒྱིད་ལུག་གི་གཉེར་རིས་དེ་དག་རེད། སྣང་ཚུལ་དེ་ལས་མོ་ནི་དེ་སྔའི་སློབ་གླིང་གི་མེ་ཏོག་ཏུ་འབོད་པའི་མེ་ཏོག་སྐྱིད་རེད་ཟེར་ན་སུས་ཀྱང་གཏན་ནས་རྣར་མི་འགྲོ་བ་ཞིག་ཏུ་ཆགས་འདུག

“ཕལ་ཆེར་ལོ་ངོ་ཉི་ཤུའི་རིང་ལ་ངེད་གཉིས་ཕན་ཚུན་འབྲེལ་འདྲིས་མ་བྱུང་པས་ཁྱེད་ཕྱོགས་ཀྱི་གནས་ཚུལ་ཅི་ཡང་ཐོས་མ་བྱུང་། ད་ལྟ་ཡུལ་བ་ཚང་མ་བདེ་མོ་ཡིན་ནམ།” རྨ་ཆུ་སྔོན་མོས་སེམས་ཅན་ཐམས་ཅད་ཀྱི་བྱུང་བ་ཡོད་ཚད་རླབས་ཁུད་དུ་རྡོག་ཁྲེས་བརྒྱབ་ནས་རྒྱང་རིང་དུ་སྐྱེལ་གྱིན་འདུག སྐར་མས་མེ་ཏོག་སྐྱིད་ཀྱི་དེ་སྔའི་ཡིད་དུ་འོང་བའི་ལང་ཚོར་ཕྱིར་དྲན་བྱེད་བཞིན་དངན་པ་རིང་མོ་ཞིག་འཐེན། “ངེད་ཀྱི་ཨ་ཕ་ཚེ་ལས་འདས་ཟིན། ཨ་མས་ད་དུང་ཡང་ཁྱེད་རང་གླེང་ནས་དབུ་སྐྲ་དཀར་པོར་གྱུར་འདུག དེ་དུས་ཁྱེད་རང་གྲོང་ཁྱེར་ནས་སླེབས་ཐེངས་རེར་ཨ་མ་དང་ངེད་གཉིས་ཀྱིས་ཁྱེད་ལ་པེན་ཤུ(ཆུ་མོག)བཅོས་ནས་བསྒུགས་བསྡད་པ་དེ་དྲན་ནམ།”མེ་ཏོག་སྐྱིད་ཀྱི་མིག་ཆུ་བརྡོལ་དྲགས་པས་མིག་ལྕིབས་གཉིས་དང་འོད་མདངས་ཉམས་པའི་མཁུར་ཚོས་ཀྱི་ངོས་ཀུན་དམར་པོར་བསྒྱུར་འདུག ད་རེབ་ཡང་བསྐྱར་བརྡོལ་བའི་དྭངས་གསལ་གྱི་མིག་ཆུ་དྲོན་མོ་སྲོད་ཀྱི་མཁུར་ཚོས་ངོས་སུ་འབབ་དབང་མ་བྱིན་པར་རླུང་བུ་འཁྱར་པོ་ཞིག་གིས་ཁུར་ནས་རྨ་ཆུའི་སྔོ་དྭངས་ཀྱི་ཡེར་མོར་འཐིམ། གཞི་ནས་སྐར་མའི་མིག་གི་རྒྱལ་མོའི་མཐའ་འཁོར་ཡང་མིག་ཆུས་ལྟེམས་ཤིང་ཁོས་ཐད་ཀར་སྙིང་ཉེ་བའི་མེ་ཏོག་སྐྱིད་ལ་གདོང་ཕྱོགས་མི་ཕོད་པར་མགོ་བོ་དགྱེ་ནས་དམིགས་མེད་ཀྱི་སྟོང་བའི་ནམ་མཁར་ཅི་ཞིག་འཚོལ་བཞིན་མཆི་མའི་རིལ་བུ་དག་ཁོག་པར་མིད་ཅི་ཐུབ་བྱས། “མེ་ཏོག་སྐྱིད། ད་ལྟ་ངས་ཁྱེད་ལ་ཇི་ལྟར་དགོངས་དག་ཞུ་དགོས་པའང་མི་ཤེས།ཡང་གཅིག་བཤད་ན། མི་ཚེ་ཞིག་གི་རྨ་ཁ་དགོངས་དག་གི་རླངས་པ་ཁོ་ན་ཞིག་གིས་ག་ལ་གསོ་ཐུབ།” སྐར་མས་བྲང་སྟོད་དུ་འཚངས་པའི་ཤུགས་རིང་དེ་དབུགས་ཐེངས་གཅིག་གིས་ཕྱིར་དབྱུང་མ་ནུས་པར་ཧ་ཅང་སེམས་ཆུང་གིས་དུམ་བུ་དུམ་བུ་བྱས་ནས་སྟོང་བའི་དབྱིངས་སུ་བཏབ། སྲོད་དུས་ཀྱི་ཉི་འོད་འཇམ་པོས་ཁོ་གཉིས་ཀྱི་གྲིབ་གཟུགས་དེ་ས་ངོས་སུ་རིང་དུ་འཐེན་ནས་གཟུགས་འགྱུར་མེ་ལོང་ནང་གི་དགོད་བྲོ་བའི་སྣང་བརྙན་ཞིག་ཏུ་སྒྱུར་གྱིན་གདའ། སྐར་མས་རང་ཁྱིམ་དུ་བཟོས་པའི་དཔེ་སྒྲོམ་གསར་པར་དཔེ་ཆ་སྒྲིག་སྐབས《གཟུགས་ཀྱི་ཉི་མའི་རྣམ་ཐར》གྱི་ཤོག་གསེབ་ནས་རྙེད་པའི་མེ་ཏོག་སྐྱིད་ཀྱི་ཚོན་མེད་འདྲ་པར་རྙིང་པ་དེ་ལས། ཁོ་གཉིས་སོ་སོར་གྱེས་ནས་ལོ་ངོ་ཉི་ཤུ་འགོར་རྗེས་ཀྱི་སྟེས་དབང་གི་ཐུག་འཕྲད་དེར་ཕྱིར་དྲན་བྱེད་བཞིན་ཉི་འོད་མགྲོན་ཁང་དུ་སླེབས་མ་ཐག ཆུང་མས་གཡོས་ཁང་ནས་དགོང་ཆུ་འཐུང་དུ་ཤོག་ཅེས་པའི་སྐད་གསང་གིས་མུ་འབྲེལ་གྱི་ཕྱིར་དྲན་དེ་རེ་ཞིག་སིལ་བུར་གཏོར།

སྐར་མས་སློབ་ཆེན་སྐབས་སུ་ལྷན་སྐྱེས་ཀྱི་ལང་ཚོ་དང་སློབ་སྦྱོང་གི་གྲུབ་འབྲས་སོགས་ཕྱོགས་སྒོ་མོ་ནས་སློབ་གླིང་གི་མཛེས་རྒྱན་དུ་འབོད་པའི་མེ་ཏོག་སྐྱིད་ལ་དགའ་རོགས་ཀྱི་འབྲེལ་བ་ཐོག་མར་འཛིན་དུས། མེ་ཏོག་སྐྱིད་ཐོབ་ཆེད་དུ་ཁོ་དང་འགྲན་རྩོད་བྱེད་མཁན་གྱི་ཕོ་གསར་སྟག་འདྲ་གཟིག་འདྲ་ཤིན་ཏུ་མང་ཡང་ལས་དང་ཐོད་པའི་ཁ་ཡིག་ནང་བཞིན་མེ་ཏོག་སྐྱིད་གཞི་ནས་རང་ཉིད་ཀྱི་དགའ་རོགས་སུ་གྱུར་པ་རེད།སྐར་མ་མེ་ཏོག་སྐྱིད་ལས་ལོ་རིམ་གཉིས་ཀྱིས་མཐོ་བས་སློབ་མཐར་ཕྱིན་རྗེས་ཐད་ཀར་གྲོང་ཁྱེར་དུ་བྱ་བ་བསྒྲུབས་པར་ཕྱིན་པ་དང་། མེ་ཏོག་སྐྱིད་སྔར་བཞིན་སློབ་ཆེན་སློབ་མ་ཡིན་ལ་ལོ་རབས་དགུ་བཅུ་པའི་སྐབས་སུ་ད་ལྟ་ནང་བཞིན་ལག་ཁྱེར་ཁ་པར་དང་སྐད་འཕྲིན་སོགས་ཅི་ཡང་མེད་པས། ཁོ་གཉིས་ཀྱིས་ཕན་ཚུན་ལ་བཅངས་པའི་གཞོན་པའི་ཞེ་འདང་ཟབ་མོ་དང་དྲན་ཤིང་གི་དུངས་བརྗོད་རིང་མོ་སྦྲག་ཁང་བརྒྱུད་དེ་འཕྲིན་ཡིག་གི་ལམ་ནས་སྐུར་བཞིན་ཡོད། མེ་ཏོག་སྐྱིད་སློབ་ཆེན་ལས་སློབ་མཐར་ཕྱིན་སྐབས། མོས་དཔེ་ཆ་སྒྱེ་མོ་གཅིག་དང་བརྩེ་འཕྲིན་རྒྱབ་ཁུག་གཉིས་ཁྱེར་ནས་ཡུལ་དུ་ལོག་པའི་སྣང་ཚུལ་དེ་ནི་སྐབས་དེའི་སློབ་ར་ཡོངས་སུ་ཚ་ཚ་འུར་འུར་གྱི་གསར་འགྱུར་ཞིག་ཏུ་གྱུར།

“ངེད་གཉིས་ཁ་ཁར་ཕྱིན་ནས་ཏག་ཏག་ལོ་ངོ་ཉི་ཤུ་འདས་པ་རེད། རིང་རྒྱུ་མེད་ལ་ཐུང་རྒྱུ་ཡང་མེད་པའི་མི་ལོ་ཉི་ཤུའི་རིང་ལ་ངས་ཀྱང་ནམ་ཞར་དུ་ཁྱེད་ཀྱི་གནས་སྟངས་ལ་རྩད་འདྲི་དང་སེམས་ཁུར་བྱས་པ་ཡིན།”སྐར་མས་འབྱུང་རྐྱེན་མག་མོག་གི་བྱས་ཉེས་ཤིག་རང་ཐོག་ཏུ་འགེལ་གྱིན་མེ་ཏོག་སྐྱིད་ལ་དེ་ལྟར་ལབ། མེ་ཏོག་སྐྱིད་ཀྱིས་སྐམ་ཞིང་སྙིགས་རོ་འདྲེས་མའི་མིག་མདངས་ཀྱིས་མྱ་ངམ་གྱི་རང་མདངས་ལྷག་པར་མངོན་ཞིང་གསལ་ལ་མི་གསལ་བའི་ཁོར་ཡུག་གི་རི་རྒྱུད་དག་ལ་མིག་ཉུལ་བྱེད་བཞིན་རེ་ཆད་དང་ཡིད་སྨོན་འདྲེས་མས“གོ་ཐོས་ལྟར་ན། ད་ལྟ་ཁྱེད་ལ་བུ་དང་བུ་མོ་གཉིས་ཡོད་ཟེར་ཨང་།”མེ་ཏོག་སྐྱིད་ཀྱིས་ཧ་ཅང་སེམས་ཆུང་གིས་འཇུར་རྟ་རྟིང་ཙོག་ག་ལེར་ཕུད་རྗེས་དཀར་ཞིང་འཇམ་པའི་མལ་ཁྲིའི་སྟེང་གན་རྐྱལ་དུ་ཉལ་ནས་བསྡད།

“ངས་རྟག་པར་བྱིས་པ་དེ་གཉིས་ཀྱི་ཨ་མ་ཁྱེད་རང་ཡིན་ཚེ་ཅི་མ་རུང་སྙམ་པ་ཡིན། ”སྐར་མས་ངག་འདར་འདར་གྱིས་མི་ལོ་ཉི་ཤུར་ཡིད་ཀྱི་ཟབ་སར་བསྙལ་བའི་གསང་རྒྱ་ཐ་མག་གི་དྲི་མ་ཁ་མོ་དང་མཉམ་པོར་ལུད་རྗེས་མེ་ཏོག་སྐྱིད་ལ་དམ་པོར་འཁྱུད་ནས་མོའི་དཀར་ཞིང་ནེམ་པའི་མཇིང་པ་ཕྲ་མོར་འོ་ཞིག་བྱས། སྐར་མའི་ཚ་དྲོད38℃སླེབས་པའི་འོ་དེས་མེ་ཏོག་སྐྱིད་ལ་ཐོག་མར་དངངས་འདར་ཅིག་བརྒྱག་ཏུ་བཅུག བར་དུ་ཟ་འཕྲུག་ཅིག་ལངས་སུ་བཅུག ཐ་མར་བཟི་སྨན་བཙན་པོ་ཞིག་བླུད་སོང་པ་འདྲ་བས་མེ་ཏོག་གིས་ཀྱང་རང་དབང་མེད་པར་སྐར་མའི་སེར་ཀ་གས་ནས་སྐྱ་བོར་གྱུར་ཡོད་པའི་མཆུ་འདབ་མཐུག་པོ་དེར་མི་ལོ་ཉི་ཤུའི་དྲན་གདུང་གི་ན་ཟུག་མཚོན་བྱེད་དུ་སོ་འབྲད་འགའ་བརྒྱབ་ནས་མོ་སྐར་མའི་ཁོག་པའི་ནང་གི་སྲིན་བུ་ཕྲ་མོ་ཞིག་ཡིན་ཚེ་ཅི་མ་རུང་སྙམ། མཚན་མོའི་མཁའ་དབྱིངས་སུ་སྐར་ཚོམ་མུ་ཏིག་བཞིན་བརྡལ་ཡོད་ནའང་བཅོ་ལྔའི་ལྷ་ཟླ་དཀར་པོ་ནམ་ཡང་ཁེར་རྐྱང་གིས་བགྲོད་ཀྱིན་འདུག རི་རྒྱུད་ཡོད་ཚད་མུ་འབྲེལ་དུ་བསྟར་ཡོད་ནའང་དེའི་ནང་གི་རི་རྩེ་གཅིག་ནི་ནམ་ཡང་ཁེར་རྐྱང་ཁྲོད་མཐོ་རུ་འཕགས་འདུག མི་ཡུལ་འདིའི་མཐར་ཐུག་གི་ལས་འབྲེལ་ཡོད་ཚད་སྐད་ཅིག་གི་ལྷན་འཛོམས་དང་དུས་གཏན་གྱི་ཁེར་རྐྱང་ཁྲོད་རྒས་ཀྱིན་འདུག་ཨང་། སྐར་མས་མགྲོན་ཁང་གི་དྲ་མིག་ལས་མཐོང་བའི་བཅོ་ལྔའི་ཟླ་བར་ལྟ་བཞིན་དེ་ལྟར་བློས་བསླངས་ཤིག་བྱས་རྗེས་ཡང་བསྐྱར་ལག་པ་གཡོན་པ་མེ་ཏོག་གི་མཇིང་འོག་ཏུ་བཅུག་ནས་མོའི་སྲ་མཁྲེགས་ཀྱི་ནུ་བུམ་ཆུང་ཆུང་གཉིས་རང་གི་བྲང་ལ་གླན་ནས་དགོས་འདོད་ཇི་བཞིན་འཇོ་བའི་རེག་བྱ་ལ་རོལ་སྐབས། མེ་ཏོག་གིས་ཀྱང་བསམ་བཞིན་དུ་སྐར་མའི་བསྣོལ་མར་འཛིངས་པའི་བྲང་སྤུ་ལ་མཆུ་འདབས་དང་སྣ་རྩེས་འཕུར་འཕུར་བྱེད་བཞིན་གློ་བུར་དུ་སོ་འབྲད་ཅིག་བྱས་པས་སྐར་མའི་ངག་ལས“ཨ་ཚ”ཞེས་ཤོར་པས་མེ་ཏོག་སྐྱིད་བགད་ནས་དྲལ་ལ་ཁད་ཅིག་བྱས། “ཁྱེད་ལའང་ཚ་རྒྱུ་ཞིག་ཡོད་དམ།”མེ་ཏོག་སྐྱིད་གཏིང་ནས་དགོད་རྒྱུ་ཞིག་འོང་བ་དང་གློ་བུར་དུ་འདས་དོན་གང་ཞིག་ལ་བློས་མ་དཔོག་པའི་ཚུལ་གྱིས་མོའི་ངོ་མདངས་གཞན་ཞིག་ཏུ་འགྱུར་ནས་སྐར་མ་ལ་དེ་ལྟར་གཟབ་ནན་གྱི་དྲི་བ་ཞིག་འཕངས། མེ་ཏོག་སྐྱིད་ཀྱི་ཉིན་མོའི་ཕྱི་ལུས་ཀྱི་ཉམས་ལས་ཉི་ཤུའི་སྐབས་ཀྱི་ཡིད་འཕྲོག་གི་ལང་ཚོ་ཡོངས་སུ་ཟད་ནས་བགྲེས་མོའི་བཟོ་ལྟ་འདྲ་ཞིག་ཆགས་བསྡད་ཡོད་ནའང་། མོའི་ཕྱི་གོས་ནང་རོལ་གྱི་མཚན་མོའི་ལང་ཚོ་ནི་སྔར་བཞིན་དཀར་ཞིང་ནེམ་ལ་འཚོ་བཅུད་ཀྱིས་རབ་ཏུ་རྒྱས་འདུག “སྙིང་ཉེ་བའི་མེ་ཏོག་ལགས། ངེད་གཉིས་དུས་གཏན་དུ་སྒོ་དང་སྒེའུ་ཁུང་མེད་པའི་ཁང་མིག་ཅིག་ལས་འདི་ལྟར་ཕན་ཚུན་ལ་དམ་དུ་འཁྱུད་ནས་ཚེ་ཡི་མཐའ་མ་རྫོགས་ཚེ་དེ་ནི་ཅི་འདྲའི་བསོད་བདེ་ཞིག་ཡིན་ཨང་།”སྐར་མས་མེ་ཏོག་སྐྱིད་ཀྱི་བསིལ་ཞིང་དྭངས་ལ་སྙི་ཞིང་འཇམ་པའི་བྱིས་པ་རློན་ནུའི་སྐྱི་པགས་ལྟ་བུའི་བྲང་ཁ་དང་བརླ་སྒང་ལ་ལག་པས་བྱིལ་བྱིལ་བྱེད་བཞིན། འདོད་པའི་འོ་ཡི་ལྗགས་རྩེ་ཡང་དང་བསྐྱར་གྱིས་མེ་ཏོག་ལ་བསྣུན། “གློག་བརྙན་ཡིན་ཚེ་དེ་ལྟར་འཁྲབ་ཆོག་ཆོག་ཡིན་ནི་རེད།”མེ་ཏོག་གིས་སྐར་མའི་རྒས་གཉེར་གྱི་གདོང་ལ་ཤུགས་རིང་དང་ངལ་དུབ་འདྲེས་མའི་འོ་ཞིག་བྱས་རྗེས་ཁོ་གཉིས་ཀྱི་སྙིང་གི་འཕར་ལྡིང་ལ་ཉན་བཞིན་གཉིད་དུ་ཡུར།

རྨ་འགྲམ་གྱི་ཞོགས་པའི་མཁའ་དབྱིངས་སུ་ཆར་བ་ཟམ་ཟིམ་ཞིག་སེར་སྣའི་ཚུལ་གྱིས་འབབ་ཅིང་ཆར་བའི་ཁྲོད་དུ་རླུང་ཡང་མོ་ཞིག་ཀྱང་རྒྱུ་བཞིན་འདུག མེ་ཏོག་སྐྱིད་གཉིད་ལས་སད་དེ་ཡུན་རིང་འགོར་ནའང་ལུས་སེམས་གཉིས་ཀ་གཟུགས་མེད་ཀྱི་རྟོད་ཐག་ཅིག་གིས་དམ་པོར་བཏགས་འདུག་པས་ཏོག་ཙམ་ཡང་འཕག་འགུལ་བྱ་མ་འདོད། མོས་གདངས་ལྕི་ཞིང་འགྲོས་མི་སྙོམས་པའི་སྐར་མའི་ངལ་དུབ་ཀྱི་སྔུར་བ་ལ་ཉན་བཞིན་ཉི་འོད་མགྲོན་ཁང་གི་ཁང་མིག315ཡི་ཤེལ་དྲའི་ངོས་སུ་འཛར་པའི་རང་གི་སྐྲ་ཡི་ཉག་མ་དང་ཆ་འདྲ་བའི་ཆར་ཐིགས་ཕྲ་མོར་ཧན་ཏང་ནས་བསྡད། ཉི་འོད་མགྲོན་ཁང་གི་སྒེའུ་ཁུང་ལས་ལྕང་སྡོང་ཁེར་སྐྱེས་ཤིག་མཐོང་ཐུབ། ལྕང་སྡོང་དེའི་ཡལ་ག་སུམ་ཚེབ་ཀྱི་སྟེང་དུ་བབས་ཡོད་པའི་སྐྱ་ཀ་ཁྲ་མོ་གང་ཞིག་ལ་འཕུར་གྲབས་ཀྱི་རྔ་སྒྲོ་ལེབ་མོ་ལྡེམ་ལྡེམ་བྱེད། མེ་ཏོག་གི་སེམས་སུ་ཞོགས་པ་འདིའི་སྐྱ་ཀ་ཁྲ་མོ་ནི་ཁྱིམ་ལ་མགྲོན་གསར་སླེབས་པའི་སྔོན་བརྡ་མིན་པར་མོ་སྐར་མ་དང་ཁ་འབྲལ་བར་སེམས་གཅོང་གི་གྱེས་བརྡ་གཏོང་དུ་ཡོང་བ་ཡིན་ཨང་སྙམ། མེ་ཏོག་སྐྱིད་ཀྱི་སྣང་བར་སྐར་མ་དང་ཁོ་གཉིས་ལ་ཁྱིམ་གཅིག་གི་བཟའ་ཟླའི་ལས་བསོད་སྟོང་ནས་ལོ་ངོ་ཉི་ཤུའི་རྗེས་ཀྱི་ཆེས་ཐོག་མའི་སླར་འཕྲད་ཀྱི་གོ་སྐབས་འདི་ནི་ཕལ་ཆེར་ཚེ་འདིའི་ཆེས་མཇུག་མཐའི་ཤ་དྲོད་ཡིན་པའི་རྣམ་རྟོག་གསལ་ཞིང་དྭངས་པ་ཞིག་མེ་ལོང་ནང་གི་གདོང་རིས་བཞིན་སེམས་ཀྱི་ཟབ་ས་ནས་ཅིག་ཅར་མངོན་འོངས་པས།མོས་སྒེའུ་ཁུང་གི་དྲ་ཡོལ་དམ་པོར་བརྒྱབ་ནས་མི་ཡུལ་གྱི་མུན་ནག་ཡོད་ཚད་ཉི་འོད་མགྲོན་ཁང་གི315ཁང་མིག་ནང་དུ་བསྐྱིལ་རྗེས་དངངས་མ་འཚུབ་ཀྱིས་སྐར་མའི་རུམ་ཁོང་དུ་འཛུལ།

སུམ་སྣ་གྲོང་ཚོ་ནི་མེ་ཏོག་སྐྱིད་ཀྱི་ཕ་ཡུལ་ཡིན། སྐར་མ་ཕ་ཡུལ་དུ་ཕར་འགྲོ་ཚུར་འོང་བྱེད་ཐེངས་རེར་སུམ་སྣ་གྲོང་ཚོ་བརྒྱུད་ནས་འགྲོ་དགོས། སུམ་སྣ་གྲོང་ཚོ་བརྒྱུད་ཐེངས་རེར་སྐར་མས་རླངས་འཁོར་གཞུང་ལམ་གྱི་ཟུར་ཞིག་ཏུ་བཞག་སྟེ་ཐ་མག་རྐང་གཅིག་འཐེན་ནས་ངལ་གསོ་བའི་གོམས་སྲོལ་ཞིག་གྲུབ་ཡོད། སྐར་མ་ཕ་ཡུལ་དུ་བསྐྱོད་ནས་ཕྱིར་ཟི་ལིང་དུ་ལོག་ཁར་ས་སྲོས་སུ་སླེབས་འདུག ཁོས་ཏག་ཏག་གོམས་སྲོལ་ལྟར། རླངས་འཁོར་སུམ་སྣ་གྲོང་ཚོ་མཐོང་བའི་གཞུང་ལམ་གྱི་ཟུར་ཞིག་ཏུ་བཞག་རྗེས་ཐ་མག་རྐང་གཅིག་མེར་བསྒྲོན། གཞུང་ལམ་དེ་ནས་སུམ་སྣ་གྲོང་ཚོར་ཞེང་ཅུང་ཟད་ཆུང་བའི་སྣུམ་ལམ་བདེ་མོ་ཞིག་ཤར་སེ་འཐེན་ཡོད། སུམ་སྣ་གྲོང་ཚོར་འཐེན་པའི་སྣུམ་ལམ་གྱི་ལོགས་གཉིས་སུ་ཐུར་དུ་འཕྱང་པའི་རྒྱ་ལྕང་གི་ཡལ་ག་ཕྲ་མོ་རླུང་བུ་བསིལ་མོས་གཡོ་སྒུལ་ཨེན་ཙམ་བྱས་པ་ལས་ལྡང་པའི་དྲི་ངད་དེ་ནི་མེ་ཏོག་སྐྱིད་ཀྱི་ལུས་སྟེང་གི་དྲི་མ་དང་གཉིས་སུ་མེད་པས་སྐར་མའི་ནག་རོག་རོག་གི་སྣ་ཁུང་ཆེན་པོ་གཉིས་ཀྱིས་སྟོང་བའི་དབྱིངས་སུ་འཁྱིལ་བའི་བསུང་ཞིམ་དེ་འདྲེན་ཅི་ཐུབ་བྱེད། “སྐར་མ། དེ་རིང་ནི་ལུགས་རྙིང་གི་ཚེས་པ་བཅོ་ལྔ་ཡིན་པས་སྤྲུལ་སྐུ་ཚང་གི་ལུང་བསྟན་ལྟར། ང་རང་བྲག་བྱ་ཁྱུང་འཕགས་མོའི་སྐུ་མདུན་དུ་བུ་ཞིག་སློང་བར་བུད་སོང་། ཕལ་ཆེར་དུས་ཡུན་རིང་པོ་ཞིག་ལ་དེ་རུ་ཕྱག་དང་བསྐོར་བ་ཁྲི་གྲངས་ཁ་ཤས་བསོག་དགོས་ལ་ཁྱོ་ག་ཡང་མི་འགྱངས་པར་རྫོང་ཐོག་ཏུ་སླེབས་སྲིད་པས་ངས་ཁྱེད་རང་རྨི་ལམ་ལས་དཀྲོག་མ་བཟོད་པར་ལམ་ལ་ཆས་སོང་། རྣམ་ཀུན་ཁྱེད་ཉིད་དྲན་ཐེངས་རེར་ང་ཁྱེད་ཀྱི་སྟེང་ལ་ཞེ་འཁོན་ཟད་མི་ཤེས་པ་ཞིག་གཏིང་ནས་ལངས་ཤིང་ངས་ཁྱེད་ཀྱི་བྱས་ཉེས་ཡོད་ཚད་ལ་རྩ་བ་ནས་བཟོད་སྒོམ་བྱ་མི་སྲིད་པའི་དམ་བཅས་ཡོད་ཀྱང་། ཁྱེད་དང་དངོས་སུ་འཕྲད་ཚེ་ང་ལ་འཁང་ར་དང་བློ་འགྱོད་ཐན་ཐུན་ཞིག་ལས་ཅི་ཡང་ལྷག་མི་འདུག ང་ལ་བློ་འགྱོད་རྟས་མི་ཟིན་པ་ཞིག་ཡོད་པ་ནི་ལང་ཚོ་རབ་ཏུ་རྒྱས་པའི་སྒང་ལ་ཁྱེད་ཀྱི་ཐག་གཅོད་ལྟར་བྱིས་པ་གཉིས་ཀྱི་སྲིད་བཤིག་པ་དེ་ཡིན། གལ་ཏེ་དེ་དུས་བློ་རྨོངས་ནས་བུ་ཕྲུག་དེ་གཉིས་མངལ་ཁོག་ནས་བཙན་གྱིས་ཕྱུང་མེད་ཚེ་ཆེ་ཤོས་ནི་མཐོ་འབྲིང་དང་ཆུང་ཤོས་ནི་དམའ་འབྲིང་སློབ་མ་ཡིན་སྲིད་ལ། ང་ལ་ཨ་མ་ཞེས་འབོད་ཀྱིན་སྔོན་ནས་ཁྲིད་མཁན་ཞིག་དང་རྒྱབ་ཏུ་སྐྱོར་མཁན་ཞིག་ཡོད་པ་མ་ཡིན་ནམ། ད་ནི་དེའི་སྐོར་ཇི་ལྟར་གླེང་ཡང་བྱེ་མའི་འཆིང་བུའི་ངང་ཚུལ་ལས་མ་འདས་ནའང་འདི་ལྟར་དབང་མེད་ཐལ་སོང་། ཨ་ཡོ་ཤུ། མི་ཚེ་གཅིག་གི་དྲན་ཤིང་དུ་འཁོར་བའི་ལོ་དེ། འཚོ་བ་དེ། བརྩེ་གདུང་དེ། འཛུམ་མདངས་དེ། མིག་ཆུ་དེ། དམ་བཅའ་དང་རེ་ཆད་དེ་ལ་སོགས་པ་ལོ་ཟླའི་ངེས་མེད་ཀྱི་རླུང་གིས་ཐག་ཟིན་ནའང་ཁྱེད་ཀྱི་གདོང་ལས་ད་དུང་ཡང་རྗེས་ཤུལ་མག་མོག་ཙམ་མཐོང་ཐུབ། མཇུག་ཏུ་ཁོ་མོས་ཁྱེད་ལ་ནན་སྐུལ་གྱི་རེ་བ་ཉག་ཅིག་གདོན་རྒྱུ་ནི་ངེད་གཉིས་ཀྱི་ཆེས་དྭངས་གསལ་དང་གཉོམ་ཞན་གྱི་བརྩེ་འཕྲིན་དེ་དག་ཁྱེད་ཀྱིས་སྒྲུང་གཏམ་ཞིག་ཏུ་ཕབ་ནས་ཡི་གེ་ལས་གཏན་དུ་གསོན་པར་གྱིས་དང་ང་ལ་དེ་ལས་ལྷག་པའི་དགོངས་དག་ཅིག་ལར་ནས་མི་དགོས། མེ་ཏོག་སྐྱིད་ནས་ཉི་འོད་མགྲོན་ཁང་དུ་བྲིས།”

རྨ་ཆུ་སྔོན་མོས་སྔར་བཞིན་ཁུ་སིམ་མེར་མི་ཡུལ་གྱི་དུས་སྐད་ཅིག་མའི་ནང་བྱུང་དང་འབྱུང་བཞིན་པའི་སྐྱིད་སྡུག་གི་རྩ་ལག་ཡོད་ཚད་རྡོག་ཁྲེས་བརྒྱབ་ནས་རྒྱང་རིང་ལ་སྐྱེལ་བཞིན་འདུག ཡང་བསྐྱར་མི་ལོ་བཅུ་ཕྱིན་པའི་རྗེས་སུ་སྐར་མས་སུམ་སྣ་གྲོང་ཚོ་མཐོང་བའི་གཞུང་ལམ་དེ་བརྒྱུད་སྐབས་སྔར་བཞིན་རླངས་འཁོར་སྔར་མལ་དུ་བཞག་ཅིང་ན་ཟུག་བསྐྱེད་པའི་གཅིན་པ་ཞིག་གཏོང་ཞོར་སྔོ་བསངས་ཀྱི་ནམ་མཁའ་ལས་ཆར་སྤྲིན་ཞིག་འཁྲིགས་པར་བསྒུགས།ལོ་ཁ་ཤས་སྔོན་དུ་ཟི་ལིང་གྲོང་ཁྱེར་གྱི་ཇ་ཁང་ཞིག་ནས་ཁོ་རང་མེ་ཏོག་དང་གྲོང་ཚོ་གཅིག་པའི་བུ་མོ་ཞིག་གི་ཁྱོ་ག་ཡིན་ཟེར་བ་ཞིག་དང་འཕྲད། གསར་བུ་དེ་ཅུང་ཟད་བཟི་འདུག་པས་སྐར་མས་མེ་ཏོག་སྐྱིད་ཀྱི་གནས་ཚུལ་ཕར་འདྲི་མི་དགོས་པར་ཆུ་རགས་ཤོར་བ་བཞིན་ཚུར་ལབ་བྱུང་། མེ་ཏོག་སྐྱིད་ཀྱིས་བྱ་ཁྱུང་འཕགས་མོའི་སྐུ་མདུན་ནས་སྡིག་ལྟུང་གི་སྐོར་ཕྱག་གྲངས་མེད་ཅིག་ཕུད་ནས་བུ་ཞིག་བསླངས་ཀྱང་སྨོན་ལམ་འབྲས་མེད་དུ་གྱུར་པ་དང་། དེ་ནས་སྔ་ཕྱིར་མོ་སྐྱེས་ཕོ་གསུམ་ལ་བཟའ་འཐོར་བྱུང་རྗེས་བློ་རྩེ་གཅིག་གིས་རབ་ཏུ་བྱུང་ནས་འཁོར་བར་རྒྱབ་ཀྱིས་ཕྱོགས་ཏེ་གནས་དང་དུས་ངེས་མེད་ཀྱི་འབྲོག་དགོན་འགྲིམ་རྩིས་བྱས་པར་བརྒྱད་ཅུའི་ཨ་མ་བགྲེས་པོས་འགོག་རྒོལ་བྱས་ཏེ་དོན་ཐོག་ཏུ་མ་འཁྱོལ། མོའི་ཨ་ཅེ་ལྷ་མཛེས་ལའང་ནུ་མའི་འབྲས་སྐྲན་བྱུང་ནས་ཚེ་ལས་འདས་ཤུལ་དུ་ཨ་ཅེའི་ཁྱོ་གས་གཅེས་ཕྲུག་གསུམ་ཡོད་པ་ཤུལ་དུ་བསྐྱུར་ནས་གར་སོང་ཆ་མེད་དུ་གྱུར་བ་རེད།མེ་ཏོག་གི་ཨ་མས་ལན་ཆགས་ཀྱི་མནར་སྡུག་མ་ཐེག་པར་ན་ནིང་ཚེ་ལས་འདས་ཟིན་པ་དང་མེ་ཏོག་སྐྱིད་ཀྱང་ད་ཆ་རྒས་ནས་རྣར་མི་འགྲོ་བ་ཞིག་ཏུ་ཆགས་འདུག ཁྱེད་ལ་མེ་ཏོག་སྐྱིད་ཀྱི་སྐད་འཕྲིན་དགོས་ན་ཁོས་རང་གི་ཆུང་མའི་ལག་ནས་བླངས་ཆོག་ཟེར། སྐར་མས་སུམ་སྣ་གྲོང་ཚོ་མཐོང་མ་ཐག་གསར་བུ་དེའི་ཇ་ཁང་ནས་བཤད་པའི་མེ་ཏོག་སྐྱིད་ཀྱི་སྐྱོ་གར་རང་བཞིན་གྱི་འཚོ་བ་དེ་དྲན་བྱུང་། ཁོས་རང་དབང་མེད་པར་ནམ་མཁའ་སྟོང་བ་ལ་ལག་གཡུག་འགའ་བྱས། བྱེ་ཟེགས་སྤར་མོ་གང་ལག་མཐིལ་དུ་བླངས་ཏེ་སྣ་རྩེས་སྣོམ་ཙམ་བྱས་པ་ན་བྱེ་ཟེགས་ཀྱི་དྲི་ངད་དེས་ཁོ་ལ་རང་དབང་མེད་པར་འདར་སིག་ཅིག་བརྒྱག་ཏུ་བཅུག སྐར་མ་སྙུང་གཞི་ཐེབས་པའི་ནད་པ་ལྕི་མོ་ཞིག་དང་འདྲ་བར་གོམ་སྟབས་འཁྱར་འཁྱོར་གྱིས་རླངས་འཁོར་དུ་བུད། དུས་འདིར་ཁོ་རང་ལྷིང་འཇགས་ལ་ཤིན་ཏུ་ཞེད་པས་ཁོས《གངས་སྐོར》ཞེས་པའི་གཞས་དེའི་སྒྲ་གདངས་ཤུགས་ཀྱིས་ཇེ་མཐོར་བཏང་།སྤྲིན་པ་བཞིན་དལ་གྱིས་ལྡིང་བའི་རོལ་དབྱངས་ཀྱི་འགྱུར་ཁུགས་ལས་ཁོའི་དབུགས་ཀྱི་འབྱིན་རྔུབ་ཀྱང་གཞི་ནས་རྒྱུན་ལྡན་དུ་གྱུར།

ས་མཐའི་སྤྲིན་པ་ལང་ལོང་།

ཆར་ཆུའི་ཐིགས་པ་ཟམ་ཟིམ།

རྟིང་མའི་ལོ་དང་ཟླ་བ།

ཁ་ཕྱོགས་མེད་པའི་མི་ཚེ།

ན་ཆུང་སེམས་ཀྱི་རྨི་ལམ།

སྐྱིད་སྡུག་བར་ནས་ཡལ་སོང་།

གངས་རི་དཀར་པོ་ཡ།

བསྐོར་བ་ལན་གསུམ་བརྒྱབ་ཡོད།

ཚེ་འདིའི་སྨུག་པ་སངས་རོགས།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།