ཀྲུང་གོ་བོད་ཀྱི་དྲ་བ།

སྐྱོ་ཡུས་ཤིག་གི་ཟིན་ཐོ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཐ་སྐར།   སྤེལ་དུས། : 2022-06-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཕྱི་དྲོའི་ཆོས་དུང་གི་རྒྱང་འབོད་གྲག་བྱུང་། རྣམ་རྒྱལ་དགོན་གྱི་གྲྭ་པ་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་འདུ་ཁང་དུ་རུབ་ཡོང་། ཅང་མ་འགོར་བར་དཀྱིལ་གྱི་གྲལ་མགོའི་སྨིན་མཚམས་སུ་སྨེ་བ་ནག་པོ་ཞིག་ཡོད་ཅིང་། སྨ་ར་དཀར་ལ་སྟུག་པ་དེས་གདོང་གི་ཕྱེད་ཀ་ཏག་ཏག་ཁེབས་ཙམ་ཡོད་པའི་གྲྭ་རྒན་རབ་བརྟན་གྱིས་སྒྲོབ་ཉམས་དང་བཅས་ལག་གཡས་པས་དྲིལ་སིལ་ཞིག་བྱས་ཏེ་འདོན་པ་འདོན་མགོ་བརྩམས་བྱུང་། ངས་སྐེ་བསྲིངས་ནས་གཡོན་གྲལ་གཉིས་པར་འདུག་གནས་ཡོད་པའི་ནུ་བོ་ཡོད་མེད་ལ་བལྟས། གདོང་པ་ཅུང་ཟད་ནག་པའི་གདུགས་དཀར་ལས་མཐོང་མ་སོང་། གདུགས་དཀར་ནི་ནུ་བོའི་འདུག་གནས་ཀྱི་དྲང་ཐད་ཀྱི་རྒྱབ་ཏུ་བསྡད་འདུག གདུགས་དཀར་ནི་དགོན་པའི་ནང་གི་ཡིན་མདོག་ཁ་བོ་བྱེད་པའི་གྲྭ་པ་དེའི་རིགས་མིན། འདྲིས་སླ་བོ་ཡོད་ཅིང་གཤིས་ཀ་དང་སྤྱོད་ལམ་ཡང་དགའ་ཡལ་ལེར་ཡོད་པ། འཁང་ར་དང་སྡུག་ཡུས་མི་འཐེན་པའི་མི་སྐྱིད་ཤོས་ཀྱི་རིགས་ཡིན། དགེ་བསྐོས་ང་དམིགས་ནས་ཡོང་གིན་གདའ། དེའི་མུར་གྲྭ་རྒན་རབ་བརྟན་གྱི་འདོན་འགྲོས་དང་མཐུན་པའི་སྒོས《གསོལ་འདེབས་བསམ་པ་མྱུར་འགྲུབ་མ》ལྕེ་ཐོག་ནས་གཡུགས་པ་ཡིན།

དུས་ཚོད་རིང་ཙམ་འགོར་ནའང་། ནུ་བོ་ད་དུང་སླེབས་རྒྱུ་མ་བྱུང་།

ད་ནི་ཉི་མ་ནུབ་རིའི་རྩེ་རུ་འགོས་ཏེ་ངུར་སེར་སྡུག་གུར་འཕྲོ་བའི་ཉི་འོད་ནི་འདུ་ཁང་གི་སྒེའུ་ཁུང་ལས་གཡས་ཀྱི་ཀ་ངོས་སུ་བབས། ང་འདུག་བཟོད་མེད་པར་ཆགས་ཏེ་ཕྱི་རོལ་དུ་འགྲོ་རྩིས་བྱས། ལག་གཡོན་པས་སྟེང་དུ་ཆོས་འཁོར་གཙགས་ཡོད་པའི་སྒོ་ཡོལ་དེ་ཡར་བཀྱགས་མ་ཐག མི་རིང་བའི་སར་གྲྭ་པ་གཉིས་ཀྱིས་ལས་ཀ་ཞིག་བྱེད་ཀྱི་འདུག ལས་ཀ་ཅི་ཡིན་ཆ་མ་འཚལ་མོད། ངས་གཟུགས་པོ་རིང་ཞིང་ལུས་པོ་རྒྱགས་པ་ཡོད་པ་དེར་དོ་སྣང་བྱུང་། སྟབས་ལེགས་པ་ཞིག་ལ་དེས་ཀྱང་སྒོ་འགྲམ་གྱི་ང་ལ་དོ་སྣང་བྱུང་། ཕར་སོང་བ་ན་དེ་ནི་ནུ་བོའི་གྲོགས་པོ་ཡག་ཤོས་ཏེ། གྲྭ་པ་མདོ་སྡེ་རེད། ཁོས་ང་ཚུར་ཡོང་བ་མཐོང་འཕྲལ“གང་དུ་འགྲོ ”ཟེར།

ངས་ཁོའི་དྲི་བར་ལན་མ་བཏབ་པར་འཚབ་འཚུབ་ངང“དེ་རིང་ཕྱི་དྲོར་ངའི་ནུ་བོ་མཐོང་ངམ”ཞེས་དྲིས།

“མ་རིག ཚོགས་ལ་ཞུགས་མི་འདུག་གམ”ཟེར།

ངས་ས་ལྟ་ཡུལ་ལྟ་བྱས། འོན་ཀྱང་ངའི་མིག་ལམ་དུ་དགོན་པའི་ནང་གི་ཁྱི་རྒན་བདག་མེད་དེ་དག་ལས་ཅི་ཡང་རིག་རྒྱུ་མི་འདུག་ལ། རྔ་སྒྲ་ཆེམ་ཆེམ་དུ་གྲག་འོང་བ་ལས་གཞན་ཐོས་རྒྱུ་མི་འདུག ཡང་སྙིང་ནུ་བོ་གང་དུ་ཕྱིན་པ་ཡིན་ནམ།

སྐབས་དེར། ང་ནི་ནུ་བོའི་སྟེང་དུ་ཁོང་ཁྲོ་སྲོན་དཀའ་བ་ཞིག་སྐྱེས་འོང་། གང་ནས་འོངས་པ་མི་ཤེས་པའི་དབུགས་རྒྱུན་ཞིག་ངའི་བྲང་ཁོག་ལ་ཤོང་དཀའ་བའི་ཚོད་ཀྱིས་བརྟས་ཡོང་ལ། ལུས་པོའང་འདར་སིག་སིག་བྱེད་པས། ངས་ནི་གང་དུ་བཙལ་དགོས་པའམ་ཅི་ཞིག་བྱ་དགོས་པའང་མི་ཤེས་པར་གྱུར།

ང་ཁྱིམ་ལ་གཟས་ནས་མྱུར་མོར་ལོག

ལམ་བར་དུ་ཁ་རོག་གེར་ལྡོག་དགོས་བྱུང་། རྒྱུན་ལྡན་ལྟར་ན་ནུ་བོ་ངེད་གཉིས་མཉམ་དུ་ཡོད་ངེས་མོད། ནུ་བོ་གང་དུ་ཡོད་དམ། ནུ་བོ་ནི་ཕ་མའི་ཚིག་རྩི་ཞིང་། སྤྱོད་པ་དྲང་བོ་ཡིན། རྟག་པར་ཕྱི་རུ་འཁྱམས་མི་སྲིད། དེ་རིང་གང་དུ་ཕྱིན་པ་ཡིན་ནམ་སྙམ་བཞིན་མྱུར་སྟབས་ཀྱིས་མདུན་དུ་གོམ་ཁ་བོར།

ཨ་མ་སྒོ་རའི་ནང་གི་རྐུབ་སྟེགས་སྟེང་བསྡད་དེ་ནན་ཏུར་གྱིས་མ་ཎིའི་འཁོར་ལོ་སྐོར་གྱིན་གཡོན་ལག་གིས་ཕྲེང་སྐེ་གཅུ་བཞིན་འདུག ཁྱིམ་དུ་འཛུལ་བ་ན་ཨ་ཕས་གློག་བརྙན་ལ་དབང་པོ་སྟོབ་ཀྱིན་སྟབས། ང་ཐོན་པའང་ཚོར་མ་སོང་། སྦུག་ཁང་ནས་མཆོད་ཤག གཡོས་ཁང་སོགས་སུ་བཙལ་མོད། མ་རྙེད་པས་མཐར་ཨ་ཕར་མི་ཞུ་ཐབས་མེད་བྱུང་། སྐབས་དེར་ཨ་མ་ཡང་ནང་དུ་ལོག་ནས་གོ་འགྲམ་གྱི་ཁྲིའུ་དེར་བསྡད་ནས་འཁོར་ལོ་སྐོར་བཞིན་ཡོད།

“ནུ་བོ་ཕྱི་དྲོའི་ཚོགས་ལ་ཡོང་མི་འདུག”ཅེས་བཤད།

ཨ་མས་ངའི་སྐད་ཆ་དེ་ཐོས་མ་ཐག་འཁོར་ལོ་སྐོར་མཚམས་བཞག་སོང་།

ཨ་ཕ་དང་ཨ་མ་གཉིས་མཉམ་དུ་ཁ་ཚུར་འཁོར་ནས་ང་ལ་ལྟ། ཁོ་གཉིས་ཀྱི་མིག་མདངས་ནི་ཧ་ཅང་རྒྱུས་མེད་རྒྱུས་མེད་ཅིག་ཏུ་སྣང་། ཨ་ཕའི་གདོང་ནས་ཤིན་ཏུ་མ་རངས་པའི་ཉམས་ཤིག་སྟོན་བཞིན་ང་ལ་བལྟས་ཏེ “ ཁྱོད་ཀྱིས་ནུ་བོ་བདག་པོ་མི་རྒྱག་པར། གང་དུ་སོང་བ་ཡིན།” ཟེར།

དེའི་མུར་མདུན་གྱི་སྒྲོག་ཙེའི་སྟེང་གི་ཁ་པར་བླངས་ཏེ་ནུ་བོར་ཁ་པར་བཏང་བྱུང་། ཐེངས་ཁ་ཤས་ལ་བཏང་ཡང་སྣེ་ལེན་བྱེད་མཁན་མ་བྱུང་།

“ ད་གོན་པ་བརྗེ་སར་སོང་བ་ཡིན་ནི་རེད། བསོད་ཟད་གན། ” ཨ་ཕས་ངོ་གདོང་རོག་པོ་སླར་ཡང་ངའི་ཕྱོགས་སུ་གཅུས་ཏེ་དེ་ལྟར་བཤད།

ཨ་ཕས་ང་ལ་དྲན་སྐུལ་བྱས་པ་ལྟར། ངས་རང་གི་སྔས་མགོའི་འོག་གི་ཁ་པར་བླངས་ཏེ་ལམ་སང་ནུ་བོར་ཁ་པར་ཐེངས་འགར་བཏང་། མཇུག་མཐར་སྣེ་ལེན་བྱས་བྱུང་།

ངས་མྱུར་མོར “ ཁྱོད་གང་དུ་ཡོད ”ཅེས་དྲིས་པ་ན།

“ང་ཡུལ་གྱི་ཐག་ཉེ་རུ་མེད། ངས་གོན་པ་བརྗེས་ཟིན། ཨ་ཕ་དང་ཨ་མ་གཉིས་ལ་སེམས་ཁྲལ་མ་བྱེད་ཅེས་ཤོད ”ཅེས་བཤད་མ་ཐག ཕ་རོལ་གྱི་སྐུད་སྣེ་ནས“ ཏུའུ།ཏུའུ།ཏུའུ། ”ལས་ཅི་ཡང་གྲག་རྒྱུ་མི་འདུག

ནུ་བོས་དེ་སྐད་བཤད་འཕྲལ། ངས་རང་གི་མིག་མཐར་སྐྱུར་ཞིག་ལངས་ནས་མིག་ཀོང་དུ་ཅི་ཞིག་འཁྱིལ་བ་ཚོར་མོད། ཁོང་གཉིས་ཀྱིས་ཡིག་དྲུག་ཟློ་མཚམས་བཞག་སྟེ། གཡས་ལྟ་གཡོན་ལྟ་ཙམ་ཡང་མེད་པར། གཉིས་ཀྱིས་མིག་འོད་ཕྱོགས་གཅིག་ཏུ་བསྡུས་ནས་ངའི་སྟེང་ལ་བསྐོར་ཞིང་། མིག་ཟུང་ཁྲ་གོར་རེར་ངས་ཅི་བཤད་ལ་བསྒུགས་ནས་འདུག་པས། སྲོན་ཅི་ཐུབ་བྱས་པ་ཡིན།

ངས་ངག་འདར་འདར་གྱིས“ནུ་བོ་གོན་པ་བརྗེ་སར་སོང་བ་ཡིན་འདུག”

འདི་ནི་ཅིས་ཀྱང་རློམ་དཀའ་བ་ཞིག་རེད། ཆེས་མ་མཐའ་ཡང་། ཁྱིམ་འདི་ལ་མཚོན་ན་འདི་ནི་ཅིས་ཀྱང་རློམ་དཀའ་བ་ཞིག་རེད་དེ། སྐད་ཆ་དེ་ནི་རླབས་རྒྱུན་དྲག་པོ་ཞིག་གམ་ཡང་ན་རླུང་འཚུབ་ངར་མ་ཞིག་གི་ཟོལ་གྱིས་ངའི་འཇིག་རྟེན་ལ་བརྡབ་གསིག་དང་དཀྲོག་དཀྲུག་བཏང་སོང་ལ། མགོ་ནང་དུ་མུན་ནག་ཅིག་འཐིབས་སོང་། མུན་པ་དེ་མཐུག་དྲགས་འདུག

ཨ་མས་ངའི་ལག་གི་ཁ་པར་ཕར་བླངས་ཏེ“ངའི་གཅེས་ཕྲུག ཁྱོད་གང་ན་ཡོད། ད་རེམ་མ་ཡུལ་ལ་ཤོག ངའི་གཅེས་ཕྲུག ”ཅེས་ཡིད་སེམས་བདེ་ལ་འབབ་མི་ནུས་པའི་ངང་ནས་དེ་ལྟར་བརྗོད་ནའང་། ཕ་རོལ་པོའི་སྐུད་ལམ་སྔ་མོ་ནས་བཅད་འདུག ཨ་མའི་རྡེབ་ཙམ་རྡེབ་ཙམ་བྱེད་པའི་ཁྲ་སྒོར་གྱི་མིག་ཟུང་ནང་དུ་ཅི་ཞིག་འོད་ཀྲིག་ཀྲིག་གིས་འཁྱིལ་མགོ་བརྩམས་ཤིང་། དེའི་ནང་དུ་ཞེ་ཕངས་དང་སྐྱོ་སྡུག ཡི་ཆད་སོགས་མང་པོ་ཞིག་འདྲེས་འདུག ཡུད་ཙམ་མ་འགོར་བར། མིག་ཀོང་ལས་མཁུར་ཚོས་བརྒྱུད་དེ་ལྭ་བ་དང་། མཐར་གོ་འགྲམ་དུ་ལྗིད་ཏིག་ཏིག་གིས་ཟགས།

ང་ཐད་ཀར་ཨ་མའི་གམ་དུ་སོང་བ་ཡིན།

ངས་ཨ་མའི་མགོ་ལ་བྱིལ་བྱིལ་བྱེད་ཀྱིན་མོའི་དཔྲལ་བ་རང་གི་གདོང་ལ་སྦྱར་བ་ཡིན།

ཨ་མས་ཅི་ཡང་མི་བཤད་པར་འདུག མཁུར་ཚོས་ངོས་ཀྱི་རང་བྱུང་གི་དམར་མདངས་ནི་སྔ་མོ་ནས་ཡལ་ཚར་ཞིང་། མུར་གོང་དུ་ལྷུང་ཡོང་བའི་ལན་བུ་དེ་ལག་པས་རྣ་རྒྱབ་ཏུ་འདེད་ཙམ་བྱས་མོད། དེ་ཅང་མ་འགོར་བར་སླར་ཡང་མུར་གོང་དུ་ལུག་ཡོང་།སེམས་སུ་ད་ནི་རང་ཉིད་ཧུར་ཐག་གིས་གྲྭ་པ་བྱེད་པར་བརྩོན་དགོས་ཞེས་ཆོད་སེམས་བཞག

“ཨ་མ། ལས་ནི་གསེག་སར་འགྲོ་བ་ལས་བསམ་སར་ག་ལ་འགྲོ ད་མ་ངུ། ངུས་ནས་ཅི་བྱ། ད་དུང་ང་ཡོད་པ་མིན་ནམ། ”ངས་ཨ་མར་དེ་ལྟར་བཤད།

“འོ་ཡ། ངའི་གཅེས་ཕྲུག འཆི་ཁ་རྒས་དུས་འདིར་ངེད་གཉིས་ཀྱི་སེམས་པ་འདི་གཅོག་རྒྱུ་མ་རེད་བསམས་མོད། དེ་བཅགས་པར་མི་སྐྱོན། ད་ཁོ་རང་གི་ཚེ་འདི་ཕྱིའི་སྐྱིད་སྐལ་ཆད་སོང་བ་དང…… ”

མིག་ཆུ་དང་ངུ་ངག་བསྲེས་ནས་ཨ་མས་དེ་ལྟར་བརྗོད། མིག་ཆུ་དང་ངུ་ངག་འདྲེས་པའི་སྐད་ཆས་ནི་ངའི་ལུས་པོའི་བུ་ག་རེ་རེ་བརྟོལ་ནས་བྲང་ཁོག་དེའི་མུར་འཁྱག་སིབ་བེར་བཏང་ཡོང་ལ། འཁྱག་སྣང་དེ་ནི་དངོས་འབྲེལ་བཟོད་དཀའ་བ་ཞིག་རེད།

ཏག་ཏག་དུས་འདིར་ཨ་ཕས་དབུགས་རིང་ཞིག་འཐེན་ཏེ“ད་མ་ངུ། གང་ལྟར་ཡང་ཚར་སོང་ནི་རེད། གཉིད་ཐུན་གཅིག་གི་ཡུན་མ་གཏོགས་རྣམ་ཀུན་བུ་འདི་གཉིས་ཀྱི་ཚེ་ཆོས་མཐར་ཕྱིན་པར་གསོལ་འདེབས་དང་སྨོན་པ་ཕུར་ཚུགས་སུ་རྒྱག་པ་དང…… ”

“བུ་འདི་རྣམ་རྒྱལ་དགོན་གྱི་གྲྭ་གྲལ་ན་ཡོད་དུས་ང་རྒན་པོ་གསོན་ན་སེམས་བདེ་བ་དང་། ཤི་ན་བླ་བདེ་བ་ཞིག་ཡོད། དེ་ཡིན་ནའང་ད་བསོད་ནམས་ཀྱིས་ཞུས་མ་སོང་། ”

ཨ་ཕས་མཁུར་མགོ་ལག་རྒྱབ་ཀྱིས་འབྱིད་ཞོར་དེ་ལྟར་བཤད། ངའི་སེམས་ཀྱི་ག་ཤེད་ཅིག་ནས་སྨྲ་མི་ཤེས་པའི་སྐྱོ་བ་ཞིག་ལུད་ཡོང་ལ། ལམ་སང་སྐྱོ་གདུང་གི་རྒྱ་རུ་འདྲེན་པར་བྱེད།

ཨ་ཕས་རང་གི་མཁྲིག་མར་གྱོན་པའི་ཆུ་ཚོད་ལ་བལྟས་ཙམ་བྱས་ཏེ “འདི་ལྟར་བསྡད་ནས་ཅི་ཡོང་། ནུབ་འཚལ་འཐུང”ཟེར།

ཨ་ཕས་གདུང་བས་གཟིར་བའི་སེམས་པ་རེ་ཞིག་ལྷོད་ལ་བབས་མདོག་གི་སྐད་ཆ་བཤད་ལུགས་འདི་ནི་སེམས་གསོ་བྱེད་སྟངས་ཤིག་ཡིན་ནའང་། ཨ་མས་ཤེས་མ་བྱུང་བ་འདྲ། ཅུང་ཙམ་གྱིས་སྲོན་མ་ཐུབ་པ་ལྟར་མཆི་མའི་ཟིལ་བ་ཕྲོམ་ཕྲོམ་དེས་ཨ་ཕའི་མིག་གཉིས་ཀུན་ནས་བསྐོར་འདུག

སྐབས་དེར་ཨ་མས་ཕྱི་ནས་ཤིང་གཤགས་པ་འགའ་རེ་བསྣམས་ཏེ་ཕེབས་ཤིང་ཐབ་ལ་དེད། ཡུད་ཙམ་ནས་ཐབ་ཀའི་ནང་གི་མེ་དམར་ལམ་ལམ་བྱེད་པ་དང་། ཇ་འཁོལ་བའི་སྒྲ་སིར་སིར་དུ་གྲག དེ་མ་ཐག་ཁྱིམ་ནང་དུ་དྲོད་ཁོལ་ཤོང་ཚད་ཅིག་འཁྱིལ་བྱུང་། འོན་ཀྱང་། ཞེ་ཕངས་དང་སྐྱོ་བ་མཐུག་པོའི་ཀློང་དུ་ཚུད་དེ་མེ་ལྕེའི་དྲོད་ཁོལ་ཡེ་ནས་ཚོར་མ་བྱུང་།

ཨ་མས་ལག་པ་ཟུང་གིས་རླངས་པ་ཐོལ་ཐོལ་བྱེད་པའི་འོ་ཇ་དཀར་ཡོལ་གང་ཨ་ཕར་དྲངས་རྗེས། དཀར་ཡོལ་འབྲུག་རིས་མ་ཞིག་ང་ལ་གཏད། འོ་ཇ་ཚ་བོའི་རླངས་པ་ཐོལ་བུར་ལྡང་། ངས་ཨ་མའི་ལག་པ་ཚ་བར་དོགས་ནས་ལམ་སང་མོའི་ལག་ནས་བླངས། ངས་ལོབས་ཕྱོགས་ལྟར་ཕུ་ཞིག་བཏབ་སྟེ་འོ་ཇ་ཧུབ་གང་དལ་བུར་འཐུངས། ཇ་དེའི་བྲོ་བ་ཤིན་ཏུ་ཞིམ་ཞིང་ཚེ་ཐོག་འདིར་ང་ཚོ་བུ་ཕྲུག་དག་གིས་ཨ་མས་བསྐོལ་བའི་ཇ་དེ་ལས་ཞིམ་པོ་ཞིག་འཐུང་མྱོང་མེད། ཡིན་ནའང་། ཐེངས་འདིར་ང་ལ་ཡི་ག་གཏན་ནས་མི་འདུག ཐབ་མེའི་འོད་ངོགས་ནས་ཨ་མས་བློང་བློང་བོར་དཀར་ཡོལ་ནས་འབྲུ་མ་ཆུང་ངུ་ཞིག་ལག་གཉིས་ཀྱིས་ཡར་བཏེགས་ཏེ་དུས་ཡུན་ངེས་ཅན་ཞིག་གི་ནང་ལ་ཇ་ཁམ་གང་རེ་འཐུང་བྱུང་། ངས་མོའི་ཟ་འགྲམ་ལོགས་ཀྱི་ཆུ་ཡུར་ཆུང་ཆུང་དང་འདྲ་བའི་མཆི་མའི་རྗེས་ཤུལ་གསལ་པོར་མཐོང་།

ཁོང་གཉིས་སྨྲ་བ་མེད་པར་བསྡད། ཁང་བའི་ནང་ཐེག་པར་དཀའ་བའི་ལྷིང་འཇགས་ཤིག་གིས་བཟུང་འདུག དེ་ནི་ཁྱིམ་འདིའི་སྤྱིར་བཏང་གི་ལྷིང་འཇགས་ཕྲ་མོ་དེའི་རིགས་མ་རེད། དེ་ནི་ཅི་བྱེད་དགོས་པའང་མི་ཤེས་པའི་རིགས་དེ་རེད། གནས་སྟངས་འདི་ཡིས་ང་ལ་དབུགས་ཀྱང་ལེན་དཀའ་བའི་ཉམས་སྣང་ཞིག་བྱུང་ལ། དེ་ནི་ལྗིད་ཚད་ངེས་ཅན་ཞིག་གིས་མར་མནན་པ་དང་མཚུངས།

ཕྱིས་སུ། རང་ཁྱིམ་ཞེས་པའི་རྡོ་ཁང་འདིར་འཛུལ་ཐེངས་རེ་རེ་ལ་ཅི་ཞིག་གིས་མ་འདང་བའམ་གང་ཞིག་ཆད་འདུག་པའི་རྟོག་པ་ཞིག་སྐྱེས་འོངས།

ཨ་ཕ་ངའི་འཁྲིས་སུ་བཅར་ནས་མགོར་བྱིལ་བྱིལ་གནང་སྟེ “ད་ནུབ་འཚལ་འཐུངས་ཚར་ན། མགྱོགས་པོར་ཉལ་དུ་སོང་། ནངས་དུས་ཚོགས་ཀྱི་རྗེས་སུ་མ་ལུས་པ་བྱོས། ” ཟེར། ངས་མགོ་བོ་ལྕོག་ལྕོག་སྒོས་ཨ་ཕར་ཁས་བླངས།

རང་གི་ཉལ་ཁྲི་རུ་མ་བུད་པར་སྔས་སྤྲོད་ཀྱི་ནུ་བོའི་མལ་དུ་བཀུམ་པ་ཡིན། དེའི་མུར་ངའི་ཡིད་ལ་རང་དབང་མེད་པར་ནུ་བོའི་ཞལ་རས་ཤར་ཡོང་། ང་མུ་མཐུད་དུ་ངུ་སྙིང་གཏིང་ནས་སྐྱེས། མལ་ཐུལ་རང་གི་མགོར་བཀབ་ཅིང་མིག་གཉིས་ཤུགས་ཀྱིས་བཙུམས་ཏེ་མིག་གི་རྒྱལ་མོའི་ནང་ཅི་ཡང་མི་འཚང་བར་བྱས་ཀྱང་། མིག་ལམ་དུ་སྔར་བཞིན་ནུ་བོའི་ཞལ་རས་མངོན་ཡོང་། འཛུམ་མདངས་ཤོང་ཚད་ཅིག་བསྡུས་པའི་ངོ་གདོང་དེ་ཅི་འདྲའི་སྙིང་ཉེ་བ་ལ་ཨང་།

དངོས་འབྲེལ་གནམ་འོག་འདི་ནས་བྱ་གཞག་མང་པོ་ཞིག ཁྲོམ་ར་དང་ལས་བསྐོས། འཚོ་བ་དང་བརྩེ་དུངས་སོགས་ཀྱིས་དབང་བསྒྱུར་ཞིང་འགྲོ་བས་ན། ནམ་ཡང་ཇུས་འགོད་ལས་འགོངས་པ་ཞིག་འབྱུང་སྲིད་པ་དང་། ཁྱིམ་ཚང་དང་ཁོར་ཡུག་གིས་ཐེབས་པའི་སློབ་གསོ་མི་འདྲ་ལ། མི་ཚེ་དང་འཁོར་བར་བཟུང་བའི་མྱོང་བ་མི་འདྲ་བར་མ་ཟད། སེམས་ཀྱི་གཤིས་ལས་འཕྲོས་པའི་དྲན་ཚུལ་དང་སྤྱོད་སྟངས་སོགས་རྦད་དེ་ཁ་ཁ་སོ་སོ་ཡིན་པས། རྒྱབ་འགལ་དུ་གྱུར་པའི་བྱ་གཞག་སྣ་ཚོགས་ཀྱང་མི་བསྒྲུབ་ཐབས་མེད་ཀྱི་དུས་ཤིག་བསླེབ་རྒྱུ་ཡོད་པ་བདེན་ཏེ། ནུ་བོས་རང་གི་སེམས་གཞུང་ནས་བཞད་པའི་མེ་ཏོག་དེ་ཤེས་བཞིན་དུ་རྡོག་རྫིས་སུ་བཏང་སྟེ། རང་གིས་ཚོད་དཔག་དཀའ་བའི་འཚོ་བ་གཞན་ཞིག་བདམས་ཏེ་རོལ་མགོ་བརྩམས་པ་མ་རེད་དམ། རང་ཉིད་ལ་ཚ་འདྲི་བྱེད་ཀྱིན་སེམས་ནས་དེ་ལྟར་བསམས་དུས་ནུ་བོར་སེམས་ཁྲལ་ལྷག་པར་སྐྱེས།

མཚན་མོའི་མུན་པ་ནི་མཐུག་དྲགས་ལ། གནས་འདིའང་ནགས་ཀླུང་ཆེན་པོ་ཞིག་ཡིན་པའི་ཉམས་སྣང་ཇི་བཞིན་དུ་བསྟབས་ཡོང་ཨང་། གློ་བུར་བའི་འཚུབ་ཆ་དང་འཇིགས་སྔངས་ཀྱིས་ལུས་སེམས་རྦད་དེ་འཁྲུགས། སྐབས་འདིར་མིག་ཕྱེས་ཚེ་བཙུམ་པར་ཞེད་ཅིང་། བཙུམས་ཚེ་འབྱེད་པར་སྐྲག་གིན་མལ་ས་རུ་འགྲེ་ལྡོག་ཡང་ཡང་བརྒྱབ་སྟེ་གཉིད་རྩིས་བྱས། ཇི་ལྟར་བྱས་ཀྱང་གཉིད་མ་ཁུག་གཤིས་ངས་ཕ་མ་གཉིས་ཀྱིས་མི་གོ་བར་བྱས་ཏེ་སླར་ཡང་ནུ་བོར་ཁ་པར་བཏང་བ་ཡིན།

“ ཁྱོད་ཀྱིས་སུ་དང་གང་ལའང་མི་བསམས་ནའང་། རང་ཉིད་ལ་བསམ་རིག དེ་བས་རེམ་མ་ཡུལ་དུ་ཤོག གྲྭ་བ་བྱོས། འདི་ཕྱི་ཀུན་ཏུ་དགེ་བ་ཡིན་ཏེ། བརྒྱ་ཡོད་ཀྱིས་བརྒྱ་འབུལ་ཡུལ། སྟོང་ཡོད་ཀྱིས་སྟོང་འབུལ་ཡུལ། རང་གི་འཚོ་རྟེན་ལ་འདང་རྒྱག་མི་དགོས་པར་ཟས་གོས་རང་འགྲུབ་མ་ཡིན་ནམ། གལ་ཏེ་སྐྱ་བོའི་སར་སོང་ཚེ། མགོ་སྐར་རྗེན་གྱི་ཞྭ། རྐང་བ་མོའི་ལྷམ། ནངས་སྔ་ལངས་དང་དགོང་འཕྱི་ཉལ་ངང་དཀའ་སྤྱད་ངལ་དུབ་ལ་བརྟེན་ཏེ་འཚོ་བ་རོལ་བར་ལས་སླ་བོ་ག་ལ་ཡོད…… ཁྱོད་ཀྱིས་འདི་དག་ལ་བསམ་བློ་བཏང་མྱོང་ངམ། མགོའི་སྐྲ་ལོ་སེ་ཆོབ་བེར་ཡོད་པའི་ཕ་མ་གཉིས་ལ་འདང་བརྒྱབ་ཡོད་དམ ”ཞེས་དྲིས་པ་ཡིན།

ནུ་བོས་ལན་ཅི་ཡང་མི་སྨྲ་བར་ཁ་རོག་གེར་མཉན་འདུག

ཅི་ཡང་མི་སྨྲ་བ་དེས་ངས་ནུ་བོའི་བློ་ཁ་ཚོར་ཡོང་། ཇི་ལྟར་བཤད་ཀྱང་རྔོ་མི་ཐོགས་པས། བཀག་འགོག་གི་སྐད་ཆ་གང་ཞིག་བཤད་ཀྱང་ངལ་བ་འབྲས་མེད་ཡིན་པ་རྟོགས་པས “ ད་ཁྱོད་ཀྱིས་སེམས་ཐག་བཅད་ཟིན་ན། ང་ལ་བཤད་རྒྱུ་མང་པོ་མེད། ལས་འབྲས་མ་སྣོག དུ་ཆང་ལ་ཁ་མ་བསྲེ། རང་ལ་བདག་སྐྱོང་བྱོས ”ཞེས་བཤད་རྗེས་ཁ་པར་གྱི་སྒོ་གཏན།

མཚན་མོའི་སྒེའུ་ཁུང་ལས་ཕྱི་རོལ་དུ་བལྟས་ཚེ། གསལ་ལ་མི་གསལ་བའི་ཟླ་བ་ཧ་ཅང་ཁེར་རྐྱང་གིས་བགྲོད་བཞིན་ཡོད་ཅིང་། ཁང་ཁྱིམ་ནང་དུ་ནག་རོག་གེར་ལས་མི་སྣང་། ཐག ཐག ཐག ཐག བར་མེད་དུ་འགྲོ་བའི་ཆུ་ཚོད་འཁོར་ལོའི་མདའ་ཁབ་ཀྱི་སྒྲ་དེ་ཤིན་ཏུ་གསལ་བོ་འདུག ནམ་གུང་གི་དུས་ཚོད་གཉིས་པ་ལ་སླེབས་ཟིན། ཞེ་ཕངས་དང་སྐྱོ་གདུང་གི་ར་བ་ལས་བརྒལ་མ་ཐུབ་པ་ལྟར་གདོང་མཆི་མས་བརླན་ཏེ་ངའི་སེམས་ཁ་བློང་བློང་བོར་གྱུར།

ཕྱི་ཉིན་གཉིད་ལས་སད་དུས། ཉི་མ་ཤར་ཕྱོགས་ལྷུན་པོའི་སྤོ་ནས་ཐག་ཚད་ཙམ་དུ་འཕགས་འདུག་ལ། འོད་ཀྱི་ཟེར་མ་ནི་རྫོབ་དྲེག་ཆགས་པའི་ཁྱིམ་གྱི་སྒེའུ་ཁུང་གི་ཤེལ་སྒོའི་ངོས་སུ་འཕྲོས་ཏེ་ལྡོག་འོད་ལམ་ལམ་འཚེར། དེས་ངའི་མིག་ལ་གཙེས་ཤིང་ཚ་ལམ་ལམ་བྱེད། གྱོན་པ་ཧ་རེ་ཧུ་རེའི་ངང་གྱོན་ནས་ཐབ་ཚང་དུ་སོང་།

ཨ་ཕ་གོ་སྟོད་དུ་བསྡད་ཡོད་ཅིང་། སྐྱོ་སྣང་ཅུང་ཟད་འཇགས་འདུག་པ་འདྲ། མདུན་གྱི་ཅོག་ཙེའི་སྟེང་གི་དཀར་ཡོལ་ནང་ཇ་ནག་གི་རླངས་པ་ཐོལ་ཐོལ་བྱེད་ལ། ཁར་གཡེངས་པའི་མར་སེར་ནི་ཉི་མ་འཆར་ཁའི་ལང་ཚོ་དང་ཅིས་མི་འདྲ། ཨ་མས་མཆོད་ཁྲིའི་སྟེང་དུ་མཆོད་པ་བཤམས་ཞོར་ཁ་ཏོན་ཟམ་མི་ཆད་པར་འདོན་བཞིན་འདུག དེ་ནི་ཨ་མའི་ཉིན་གཅིག་གི་ལས་ཀ་གཙོ་ཤོས་ཡིན།

སྐབས་འདིར་ཨ་མའི་མཆི་མའང་རྫོགས་སོང་བ་འདྲ།

ངས་དཔེ་ཆ་སྣ་རིང་དེ་མཆན་འོག་ཏུ་བཙིར་ནས་འདུ་ཁང་གི་ཕྱོགས་སུ་ཆས། རྐང་འོག་ཏུ་ཡོད་པའི་ལམ་ཕྲན་དེར་ནུ་བོ་ངེད་གཉིས་ནམ་རྒྱུན་ཚོགས་ལ་ཞུགས་པ་དང་། ཁྱིམ་དུ་ལོག་གིན་ཡོད་ཀྱང་། འཇིག་རྟེན་གྱི་སྐྱེ་དངོས་གང་གིས་ཀྱང་བསྟུང་ཐབས་དཀའ་བའི་བར་ཐག་ཅིག་གིས་ཡོངས་སུ་བཟུང་འདུག་ལ། ཉི་མའི་འོད་ཟེར་གཉོམ་པོས་ངའི་གྲིབ་མ་མདུན་དུ་འཐེན་ཞིང་། དེ་ནས་བཟུང་གྲིབ་མ་དེ་ཁོ་ན་ངའི་མི་ཚེའི་ལམ་གྲོགས་ཉག་གཅིག་ཏུ་གྱུར།

ཁ་ཕྱིར་འཁོར་ཏེ་བལྟས་ཚེ་ཨ་མས་ལུས་པོ་སྒུར་སྒུར་གྱིས་ངའི་རྒྱབ་གཟུགས་ལ་མིག་སྐྱེལ་བྱེད་ཀྱིན་གདའ། དེ་ནི་རྒྱང་རིང་གི་ནུབ་རིའི་ཕྲག་པར་བསྙེས་པའི་སྲོད་ཁའི་ཉི་མ་ཡི་འོད་ཟེར་གྱི་ཟེགས་མ་རེ་རེ་ཕྱིར་འབྱམས་ཀླས་པའི་རྩྭ་ཐང་དུ་འཕྲོས་པ་དང་གཉིས་སུ་མེད་པར་སེམས་ཁྲེལ་གྱིས་ཁེངས་འདུག་ཨང་། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།