ཀྲུང་གོ་བོད་ཀྱི་དྲ་བ།

ད་ནི་ང་རང་ཅི་ལ་ཡང་མི་སྐྲག

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : མདའ་བཙན་པོ།   སྤེལ་དུས། : 2022-04-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལས་ཀ་འདི་འདྲ་ཞིག་བདམས་པ་ནི་གཞན་གྱི་བཙན་དབང་གིས་མིན་པ་སུས་ཀྱང་ཤེས་སོ། །

ང་རང་ལམ་གྱི་ཆེ་ཆུང་དང་བཟང་ངན། རིང་ཐུང་ཅི་ལ་ཡང་མི་སུན་མོད། ལམ་ཁ་དེ་ཉིད་བརྒྱུད་ཚར་ནས་སྒོ་འགྲམ་ཞིག་ཏུ་སླེབས་དུས། ཅི་ཡིན་མི་ཤེས་པའི་འཇིགས་སྣང་ཞིག་གམ་དངངས་འཚུབ་ཅིག་གིས་སེམས་ཁམས་ཡོངས་སུ་སྦྲིད་འགྲོ།

སྲང་ལམ་དུ་རླངས་འཁོར་སྣ་ཚོགས་ཅི་འདྲ་འཚུབ་རུང་།གནམ་གཤིས་དྲོ་གྲང་ཅི་འདྲ་ཡིན་ཡང་རུང་དུས་ལྟར་སླེབས་ས་དེར་འབྱོར་དགོས་པ་དང་།སྤྲོད་རྒྱུ་དེ་ཅིས་ཀྱང་འཕྲོད་དགོས།

ཁྱོད་རང་ཕྱུག་པོ་ཡིན་མིན་དང་།དབང་ཡོད་མེད།མིང་ཆེ་མིན་སོགས་ཅི་འདྲ་ཡིན་རུང་།ང་དང་ང་འདྲ་བའི་སྟེང་ལ་ངོ་འཛུམ་ཡང་ཆོག་ལ་ངོ་གནག་ཀྱང་ཆོག་སྟེ།ང་དང་ང་འདྲ་བ་ཚོས་ཁྱོད་ལ་ངན་ཅི་ཡང་བྱེད་མི་སྲིད།

འོན་ཀྱང་། ང་དང་ང་འདྲ་བ་དག་ལ་ཡང་དགའ་སྐྱོ་ཆགས་སྡང་ནི་ཁྱོད་དང་ཁྱོད་འདྲ་བ་དག་དང་གཅིག་པ་གཅིག་རྐྱང་ཡིན་ལ།མཚམས་རེར་འདི་ལྟར་འཚོ་བ་ཟེར་བའམ་མི་ཚེ་ཟེར་བ་དེ་རོལ་རྒྱུ་ནི་སླ་མོ་ཞིག་གཏན་ནས་མ་རེད་སྙམ་མོད།ཡང་མཚམས་རེར་རྐུབ་སྟེགས་ཤིག་དང་འདྲ་བར་གནས་གཅིག་ན་སྒྲིག་ལམ་ཟེར་བས་ཕྲག་པ་ལེབ་ལེབ་ཡིན་པའི་མི་ཚོ་ལས་སྐྱིད་པོ་ཞིག་རེད་ཀྱང་བསམས་མྱོང་།

མི་རེ་རེའི་ངོ་གདོང་མི་འདྲ་བ་བཞིན་མིག་མདངས་ཀྱང་མི་འདྲ་ལ།དེ་ལས་མངོན་པའི་སེམས་ཁམས་སམ།གཤིས་ཀ་ཡང་མི་འདྲ་སྟེ།ལ་ལ་ནི་ཞེ་སྡང་དང་གདུག་རྩུབ་ཀྱིས་གང་བ།ལ་ལ་ནི་སྐྱོ་ངལ་དང་སུན་སྣང་གིས་དུབ་པ།ལ་ལ་ནི་སྤྲོ་སྣང་གིས་རྒྱགས་པ།ལ་ལ་ནི་བཟི་ཡོད་པ།ལ་ལ་ནི་གཉིད་མ་སད་སོགས་བརྩིས་མི་ཚར་རོ།།

ང་ལ་རང་གི་རྐང་པ་གཉིས་ལྟར་མེད་དུ་མི་རུང་བ་ནི་འཕྲུལ་རྟ་ཆུང་ཆུང་དེ་ཡིན།དེ་ནི་དཔོན་པོ་ཚོར་མཚོན་ན་དབང་ཆ་དང་།དབང་ཆ་ལ་སྒྲིག་ཁྲིམས་དང་གོ་རིམ་དགོས་པ་བཞིན་ནོ། །

ཉིན་འདིར་མི་ཚོགས་ཀྱི་བྲེལ་འཚུབ་ལས་ཀྱང་འཚང་ཁ་ཆེ་བ་ནི་ཉི་འོད་རེད།ཉི་འོད་ཀྱི་གསེབ་ནས་གྲིབ་མ་སྐྲ་ཉག་ཙམ་ཡང་མཐོང་མི་ཐུབ་ལ།ཉི་འོད་ཀྱི་དྲོད་ཚད་ནི་བུ་མོ་ཞིག་གི་མྱོས་བུམ་དང་ནུ་ཁེབས་བར་དུ་ལག་པ་བསྲིངས་པ་བཞིན་ཚ་ལམ་ལམ་བྱེད།ང་དང་ང་འདྲ་བ་ཚོས་མགྱོགས་ཟས་ཇ་ཁང་དེའི་སྒོ་ཁ་ན་ལས་ཀར་བསྒུགས་ཡོད།

ཁྱོད་དང་ཁྱོད་དང་འདྲ་བ་ཚོས་བལྟས་ན།ལས་ཀར་སྒུག་པ་མ་ཡིན་པར་སྟོང་བཤད་རྒྱག་པ་དང་ཡང་ཅི་ལ་མི་འདྲ།

ང་ཚོའི་ནང་གི་མི་ཞིག་གིས“ད་ནངས་ཅུང་ཙམ་མིན་ན་འཕྲུལ་རྟས་རྒན་མོ་ལོ་ལོན་ཞིག་ལ་བརྡབ་སོང”ཟེར་གྱིན“ད་ནས་བཟུང‘བཟང་རྟགས’ལས་ཀྱང་སེམས་ཆུང་གཙོ་བོར་བྱེད་རྒྱུ”ཟེར་བར།མི་གཞན་ཞིག་གིས“ཁྱོད་ཀྱི་དེ་ཆུང་ཆུང་ནང་གི་ཡང་ཆུང་ཞིག་རེད།ང་རང་ཁ་སང་རླངས་འཁོར་ཞིག་གིས་བར་ཐག་མཐོ་གང་ཙམ་གྱིས་མིན་ན་ཕྱི་མའམ་སྨན་ཁང་དུ་བརྫངས་སོང”ཟེར།

ངའི་གཡོན་གྱི་མི་དེས་ཁོའི་ཡང་གཡོན་གྱི་མི་དེར“ཁྱོད་ཀྱི་ཆུང་མའི་ནད་ཅི་འདྲ་རེད”ཟེར་ལ།མི་དེས“ནད་ཇེ་དགའ་ལ་ཡོང་རྒྱུ་ཡོད་མེད་བཤད་དཀའ་མོད།འགྲོ་སྒོའི་དོང་ཞབས་མེད་ཅིག་དང་འདྲ”ཟེར་གྱིན་དངན་པ་རིང་མོ་ཞིག་འཐེན་བྱུང་།

ཁ་བརྡ་འདི་དག་ལས་ངའི་ཡིད་ལ་ཉིན་འགའི་སྔོན་དུ།ང་དང་ང་འདྲ་བ་དག་གི་ནང་ནས་ལས་ངན་ཅིག་གམ།ལས་ལམ་ལ་མ་སོང་བ་ཞིག་གིས་བྱིས་པ་ཞིག“ཕྱི་མར་བསྐྱལ”བས་ད་ལྟ་བྲེལ་བྲེལ་འཚུབ་འཚུབ་ཀྱིས་ཟ་མ་སྐྱེལ་མི་དགོས་པར།གང་ཞིག་ན་སེམས་སྡུག་སྐྱ་མོས་དུས་ཚོད་སྐྱེལ་གྱིན་པར་ཡང་ངུ་སྙིང་ཞིག་སྐྱེས་བྱུང་།

སྐབས་འདིར་ངས་རང་གི་མཛའ་མོ་དྲན་བྱུང་།མོ་ནི་མཛེས་མ་རབ་ཅིག་ཟེར་ན་བཤད་དཀའ་མོད།དེ་འདྲའི་གཅེས་པར་འདོད་པའམ།དེ་འདྲའི་ཤ་ཁ་དྭངས་ལ་འཇམ་ཤ་ཆེ་བས།མོས་ཅི་འདྲའི་པྲ་ཆལ་གྱི་བྱ་སྤྱོད་ཅིག་མངོན་རུང་ངས་མོ་ལ་ཐད་ཀར“རྒྱུད་བཙོག སྐེ་རྡོ་འདོགས་རྒྱུ་མ། མིག་གིས་རིག་ས་ཞིག་ལ་མ་ཡོང”ཟེར་མི་ཐུབ་བོ། །

མགྱོགས་ཟས་ཁང་གི་སྦྱིན་བདག་གིས་ང་ལ་སྡོད་གནས་དང་ཁ་པར་ཨང་གྲངས་བྱིན་ནས“མྱུར་དགོས།འདི་ནི་འུ་ཚོའི་འགན་ཁུར་རེད”ཟེར།

ངས“འགན”དེ་འཕྲུལ་རྟའི་འཕོང་ལ་བཞག་ནས་ཕྱིན་པ་ཡིན།ལམ་བར་ནས་ཡིད་ལ“ཁྱིམ་ཚང་འདིའི་མི་དག་ཅི་འདྲ་ཞིག་ཡིན་ནམ།གཤིས་སྤྱོད་རྩུབ་མོ་ཅན་ཞིག་ཡིན་ནམ།ངོ་དཀར་པོ་ཞིག་སྟོན་ནམ”སྙམ་གྱིན་ངོ་གདོང་དང་གཤིས་ཀ་མི་འདྲ་བ་མང་པོ་མང་པོ་ཞིག་འཚུབ་ཀྱིན་འཚུབ་ཀྱིན་དྲན་བྱུང་།

ཁྱིམ་ཚང་ཟེར་བ་འདི་འམ་མི་ཟེར་བ་འདི།འུ་ཚོས་བཤད་སྲོལ་ལྟར་བྱས་ན“ཅི་ཞིག་ནུས་ཡོད”དུས་སྣང་བ་དགུང་ན་ཡོད་པས།ང་དང་ང་འདྲ་བ་དག་གིས་དལ་འགོར་ཅུང་ཙམ་བྱས་ནའང“ངོ་ནག་པོ”འཁྱག་པ་ལྕགས་འདྲ་བ་ཁོ་ན་སྟོན་པས།ང་དང་ང་འདྲ་བ་དག“ནུས་པ་ཡོད་པ”དག་གི་སྒོ་ཁར་སླེབས་དུས།རང་གིས་རང་ལ་གང་ཞིག་ནས་ཡིད་ཆེས་མེད་པ་ཞིག་ཏུ་ཆགས་འགྲོ།

མགྱོགས་ཟས་ཁང་གི་སྦྱིན་བདག་གིས་བྱིན་པའི་སྡོད་གནས་སམ་གཞིས་ཀ་དེའི་སྒོ་ཁར་སླེབས་དུས།སྒོ་སྲུང་བ་དེས“དེ་རིང་ནས་གཞིས་ཀ་འདིའི་ནང་དུ་འགྲོ་ན་མིང་ཐོ་འགོད་དགོས་ལ།འགྲོ་དོན་ཡང་གསལ་པོར་འབྲི་དགོས།”ཟེར།

ངའི་སེམས་སུ“ཡང་དལ་འགོར་བྱེད་རྒྱུ་རེད”སྙམ་གྱིན“ངས་ཁང་ཐོག་བཅུ་པའི་སྒོ་རྟགས311ལ་ཁ་ཟས་སྐྱེལ་གྱིན་ཡོད་པས།ཏབ་ཅིག་གིས་ཕྱིར་ཐོན་ཡོང་།”ཞེས་པར།ངའི་སྣང་བ་ཞིག་ལ་སྒོ་སྲུང་བ་དེས་ཤིན་ཏུ་དལ་མོའི་ངང“ཨ་ཡོ།དོན་དག་ཆུང་རུང་ཆེ་རུང་།ཁྱོད་རང་ནང་ལ་སོང་ནས་མགྱོགས་རུང་དལ་རུང་།ཁྱོད་ཀྱིས་མིང་ཐོ་འགོད་དགོས།དཔེར་ན།……”ཟེར་གྱིན་གཏམ་རིང་མོ་ཞིག་ལབ་འདོད་འདུག་པས།ངས་མྱུར་མོར“ཆོག་གི ཆོག་གི ངས་མྱུར་མོར་མིང་ཐོ་འགོད་ཆོག”ཅེས་མིང་ཐོ་འགོད་ས་དེར་གཅིག་གཅིག་གཉིས་གཉིས་བྱས་ནས་བྲིས་པ་ཡིན།

སྒོ་སྲུང་བ་དེས“ང་ཚོ་ཡང་འདི་ལྟར་བསྒྲུབ་རྒྱུར་སུན་མོད།གོང་གི་སྒྲིག་ལམ་རེད།དེ་མིན……”ཟེར་ནས་རྒྱུ་མཚན་ལུང་བ་གང་ལབ་རྒྱུ་ཡིན་པ་འདྲ་བས།ང་རང་མྱུར་མོར་ནང་དུ་སོང་བར།སྒོ་སྲུང་དེས་ངའི་རྗེས་སུ“ཟ་མ་སྐྱེལ་མཁན་ཞིག་ལ་སྣང་བ་མཐོ་བ་ལ།ཁོང་ཁྲོ་ཆེ་བ་ལ”ཟེར་གྱིན་འདུག

ང་རང་མགྱོགས་ཟས་ཁང་གི་སྦྱིན་བདག་གིས་བྱིན་པའི་སྡོད་གནས་དེའམ་ཁྱིམ་ཚང་དེའི་སྒོ་ཁར་གོམ་པ་གསུམ་ཙམ་ལས་མེད་སྐབས།འཚབ་སྣང་ཞིག་གིས་སྙིང་ཆུང་གཡུག་གིན་འདུག

ངས་སྒོ་དལ་མོར་རྡུང་གིན།རྣ་བ་གསལ་པོར་གཏད་རུང་ནང་གི་གྲག་འགུལ་ཅི་ཡང་མ་ཚོར།ཅུང་ཙམ་འགོར་རྗེས་ཡང་བསྐྱར་བརྡུངས་པ་ཡིན་ལ།ཅི་ཞིག་གིས་ཡིན་པ་མི་ཤེས་མོད།ངའི་སྣང་ངོར་མི་ཚོན་པོ་དཔོན་ཉམས་ཀྱིས་ཁེངས་པ་ཞིག་གམ།ཡང་ན་མཛེས་མ་ལོ་ཆུང་སུ་ཡང་མིག་ལ་མི་འཇོག་པ་ཞིག་གིས་དལ་མོར་སྒོ་འབྱེད་ངེས་སྙམ་སྐབས།བྱིས་པ་ལོ་དགུའམ་བཅུ་ཙམ་ཞིག་གིས་སྒོ་ཕྱེ་བཞིན་ངའི་གདོང་ལ་ཅེར་བྱུང་།

ངས“ཁྱེད་ཚང་གིས་ཉོས་པའི་ཟ་མ་དག་རེད།”ཅེས་ལག་ནང་གི་ཟས་དེ་སྟོན་གྱིན“མི་གཞན་པ་ཡོད་དམ།”ཞེས་དྲིས་པར།བྱིས་པ་དེས“ཅུང་ཙམ་གྱི་སྔོན་ལ་རྨོ་མོ་ལགས་ཡོད་མོད།ད་མེད།ད་ངས་ཀྱང་ཟ་མི་འདོད”ཟེར་གྱིན་མིག་ཟུང་ལ་མཆི་མ་འཁོར་གྱིན་འདུག

ངས“ཟས་འདི་དག་གི་རིན་སྤྲད་ཟིན་པས།ཁྱོད་ཀྱིས་ཅིས་ཀྱང་ལེན་དགོས་པ་རེད”ཅེས་བཤད།

བྱིས་པ་དེས“རྨོ་མོ་འདས་སོང”ཟེར།

ཅུང་ཙམ་རིང་ལ་ངས་རང་ཉིད“མྱུར་ཚད”ཀྱིས་ཁ་གསོ་མཁན་ཞིག་ཡིན་པའང་བརྗེད་སོང་།ངས་བྱིས་པ་དེ་ལ་བལྟས་ཀྱིན་བལྟས་ཀྱིན་ཅི་བྱེད་དགོས་པའམ་ཅི་ཞིག་བཤད་དགོས་པའང་མ་ཤེས་པར་བསྡད་སོང་།དེ་ནས“ཁྱོད་རང་སྐྲག་དགོས་པ་མ་རེད།སྡུག་དགོས་པ་མ་རེད།མི་ཞིག་རྒས་དྲགས་དུས་ཅིས་ཀྱང་འཆི་དགོས་པ་རེད”ཅེས་ཁ་ནས་ཐལ།

བྱིས་པ་དེས“ཁྱོད་ཀྱིས་བཤད་པ་དེ་རྨོ་མོས་ང་ལ་ཡང་ཡང་བཤད་མྱོང་།འོན་ཀྱང་།ཨ་ཕ་ལ་ཁ་པར་མི་འཕྲོད་ཀི”ཟེར།

ངས“ཁྱོད་ཀྱིས་ནང་ནས་ཅུང་ཙམ་སྒུགས་སྡོད་དང་།ངས་མྱུར་མོར་འབྲེལ་བ་བྱེད།”ཅེས་བཤད་རྗེས།“物业室”ཟེར་བ་དེར་སོང་ནས་གནས་ཚུལ་བཤད་པར་དེ་ཚོས་ཀྱང་དལ་འགོར་མ་བྱས་པར་དོན་དག་ཅུང་བདེ་བླག་ངང་བསྒྲུབས་ཐུབ་སོང་ལ།བར་སྐབས་དེ་དག་ཏུ་ཁ་པར་སྟེང་དུ་མགྱོགས་ཟས་ཁང་འགའ་ཡིས་ང་ལ་མྱུར་ཏུ་སླེབས་དགོས་རབས་བཅུ་ཕྲག་འགའ་བསྐུར་འདུག་མོད།ངས་བྱིས་པ་དེའི་མཆི་མ་འཁོར་བའི་མིག་ཟུང་དེ་ཁོ་ན་སེམས་ལ་འཁོར་བ་ལས་མང་པོ་ཞིག་ལ་འདང་ཅུང་ཙམ་ཡང་མ་བརྒྱབ།

ང་རང་མགྱོགས་ཟས་ཁང་གི་སྒོ་ཁར་ཡང་བསྐྱར་སླེབས་དུས།སྦྱིན་བདག་གིས“ཁྱོད་ཚོར་རང་ཉིད་ཀྱི་བྱ་བའི་འགན་ཁུར་ཤིག་ཙམ་ཡང་མི་འདུག”ཟེར་གྱིན“འདི་ལྟར་སོང་ན།རང་ཁ་གསོ་མི་ཐུབ་ཁོ་ཐག་རེད”ཟེར།

ངས་ཅི་ཡང་མ་སྨྲས་པར་སྡོད་སྐབས་མཛའ་མོས“དོ་ནུབ།ཁྱོད་ཀྱིས་ང་ལ་སྲང་དུ་ཉུལ་རོགས་མ་བྱས་ན།གྲི་ཁ་ཁ་དང་མི་སོ་སོ་བྱེད”ཅེས་བསྐུར་འདུག

ངས་དེ་ལ་ཡང་ལན་ཅི་ཡང་མ་བཏབ་པར་བྱིས་པ་དེས་ང་རང་ཕྱིར་ལོག་ཁར་བཤད་པའི་ཚིག་དེ་ཡིད་ལ་འཁོར་བྱུང་སྟེ།“ཕུ་བོ།ད་ནི་ང་རང་ཅི་ལ་ཡང་མི་སྐྲག”ཟེར་བ་དེའོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།