ཀྲུང་གོ་བོད་ཀྱི་དྲ་བ།

གླང་གོག

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : བསོད་ནམས།   སྤེལ་དུས། : 2022-03-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དུས་ཚིགས་རེར་ཟླ་བ་གསུམ་རེ་གཅིག་མཚུངས་ཡིན་ནའང་རྩི་ཤིང་ཐམས་ཅད་ཀྱི་ཡལ་ག་རེངས་པོར་ལུས་ཤིང་། གསིང་མ་དག་ཀྱང་སྐྱ་རྫོབ་ཐལ་འཚུབ་ལངས་པའི་དགུན་ཟླ་གསུམ་པོ་དེ་ཧ་ཅང་རིང་བའི་སྣང་བ་སྟེར་ལ། གྲང་འཁྱག་གིས་ཚེ་སྲོག་ཐོགས་པ་ཡོད་དོ་ཅོག་གི་ལུས་ཁམས་མི་བདེ་བར་བཟོ། དགུན་གསུམ་རིམ་གྱིས་རྫོགས་ཀྱང་དཔྱིད་དཔལ་བཞད་མ་ཐུབ་པའི་དུས་ཚིགས་དེར་མི་རྣམས་ཀྱིས་སྐྱ་ཟད་སྔོ་གཏུགས་ཞེས་པའི་ཐ་སྙད་ཅིག་སྤྱད་ཡོད་པའི་གོ་དོན་ནི། སྔ་ལོར་བྱུང་བའི་སྐྱ་རྩྭ་རྫོགས་པ་དང་ལོ་གསར་པའི་རྩྭ་སོས་པའང་སྐྱེ་མ་ཐུབ་པའི་ནམ་ཟླ་སྐྱི་གཡའ་བ་དེ་མཚོན་པ་ཞིག་གོ།

སྐྱ་ཟད་སྔོ་གཏུགས་ཀྱི་དུས་དེར་གླང་གོག་རོག་པོ་ཞིག་གིས་སྐྱི་བསེར་རླུང་བུ་ལྡང་བའི་རི་ལྡེབས་སུ་འཛེགས་ནས་སྐྱ་རྩྭ་འཚོལ་མི་འདོད་ཅིང་། མིག་རིལ་རྫིར་རྫིར་དེའི་སྣང་ངོར་དབྱར་དུས་རི་འདབས་ཀྱི་སྤང་རྩྭ་སྔོ་སོས་སོས་དེ་དག་ད་ལྟའང་བསྡད་མེད་དམ་སྙམ་སྟེ། སུག་བཞིའི་གོམ་པ་ལྕི་པོ་དེ་གྲོག་ཚང་བརྡོལ་ནས་གྲོག་མའི་ཁྱུ་གང་སར་བཤར་བ་དང་གཉིས་སུ་མེད་པའི་གཞུང་ལམ་སྟེང་གི་འཕྲུལ་ཆས་སྣ་ཚོགས་ཀྱི་བར་གསེང་དུ་བསྒྱུར་ནས་བར་ཐག་ལེ་དབར་བཅུ་ཕྲག་འགས་ཆོད་པའི་སྤྱི་གླིང་ཞིག་གི་ཕྱོགས་སུ་ཆས།

འཕྲུལ་འཁོར་གྱིས་བརྫི་ཉེན་ཆེ་བར་ཇི་མི་སྙམ་ལ། ཏུའུ་ཏུའུ་ཏུའུ་ཞེས་འཁོར་རིགས་ཀྱིས་གཞན་ལ་ལམ་གཟུར་དགོས་པའི་དུང་བརྡ་མཚམས་མེད་སྒྲོག་པ་ལའང་སྣང་བ་མི་གཏོང་བར་རང་རང་གང་འདོད་དུ་གོམ་སྟབས་བསྒྱུར་བ་དེ་ནི། གླང་གོག་རོག་པོ་དེས་གཏི་མུག་གླང་པོའི་རང་གཤིས་བསྒྱུར་མི་འདོད་པའི་མཚོན་ཚུལ་ཡིན་པ་འདྲ། ཁ་ལོ་པ་རེ་ཟུང་གིས་ལམ་གཞུང་གཤགས་ཏེ་སྐྱོད་བཞིན་པའི་གླང་གོག་རོག་པོའི་འཁྲིས་སུ་འབྱོར་མ་ཐག་རླངས་འཁོར་གྱི་སྒེའུ་ཁུང་ལས་མགོ་བོ་ཕྱིར་བཏོན་ནས། སྡུག་གླང་བྱོལ་སོང་། ཁྱོད་འཆི་འདོད་དམ་ཞེས་གླང་གོག་དེ་སྨྲ་ཤེས་དོན་གོ་ཚང་བ་ཞིག་ཡིན་པ་ལྟར་དམོད་མོ་འདེབས་བཞིན་གླང་གོག་རོག་པོའི་སྒལ་པར་མཐུ་ལུད་ཀྱང་འཕེན། ཁ་ལོ་པའི་སྨྲ་སྒོ་ལས་ཐོན་པའི་དམོད་མོའི་ཚིག་དོན་དེ་གླང་གོག་དུད་འགྲོས་མི་རྟོགས་ཀྱང་དམོད་མོའི་སྒྲ་དང་སྒལ་པའི་ཐོག་ཏུ་འཕངས་འོང་བའི་མཆི་མའི་རེག་བྱ་ནི་མི་ཚོར་བ་མི་སྲིད་པས། གླང་གོག་རོག་པོ་དེས་མཇིང་པ་སྦོམ་པོ་དེ་གཡོན་དུ་བསྒྱུར་ནས། རླངས་འཁོར་དེའི་ཕྱོགས་སུ་མགོ་རྭ་ལན་འགའ་གཡུག་ཅིང་། མིག་རྫིར་རྫིར་དེས་ཀྱང་རང་ཉིད་ལ་གདུག་རྩུབ་བྱེད་མཁན་ཁ་ལོ་པར་ཡང་ཡང་བལྟས།

གླང་གོག་རོག་པོས་ངག་ནས་ལན་འདེབས་མི་ཐུབ་ཀྱང་མགོ་རྭ་གཡུག་གིན་མིག་ཟུང་བགྲད་པ་དེ་ནི་ཁ་ལོ་པ་དེར། ང་ཁྱོད་ལ་མི་སྐྲག ཁྱོད་དང་འདྲ་བར་ང་ཡང་འཚོ་གནས་ཀྱི་དོན་དུ་སྤྱི་པའི་རྒྱ་ལམ་ཐོག་འགྲོ་ཡི་ཡོད། ཁྱོད་ཀྱིས་དུང་བརྡ་བསྒྲགས་ནས་ལམ་ཆེན་འདི་ཁྱོད་གཅིག་པུར་དབང་བ་ཡིན་ནམ། སྲོག་ལྡན་ཚང་མ་འདྲ་མཉམ་མ་ཡིན་ནམ་ཞེས་བརྗོད་མེད་དམ་སྙམ་པར་སྣང་།

འཁོར་བཞི་བྲེལ་པོར་འཁོར་ཡང་ད་དུང་འཁོར་མགྱོགས་སུ་གཏོང་བའི་རླངས་འཁོར་དེ་རྣམས་ལས་ཕལ་ཆེ་བས་གླང་གོག་རོག་པོའི་ལུས་ལ་རེག་དོགས་ཀྱིས་གཡོལ་གང་ཐུབ་དང་སྐབས་འགར་གླང་གོག་གི་གོམ་བགྲོད་དལ་བུར་ངང་སྒུག་བྱེད་པ་དེ་ནི། ཁ་ལོ་པ་ཕལ་ཆེ་བས་གླང་གོག་གི་ཚེ་སྲོག་ལ་འགན་ནན་ཏུ་འཁུར་ཚུལ་དུ་མཐོང་། སྤྱི་གླིང་དུ་སླེབས་ལ་ཁད་དུ། གླང་གོག་རོག་པོ་དེས་ལམ་ཟུར་གྱི་མཐོ་སྒང་ནས་སྤྱི་གླིང་གི་ཕྱོགས་སུ་རྒྱང་ལྟ་ཞིག་བྱས་པའི་ཚེ། ཁོའི་མིག་ལམ་དུ་ལྕང་གསེབ་ཏུ་དགུན་དུས་ལྷུང་བའི་འདབ་ལོ་སྐམ་པོ་ཕུང་གསོག་ཐེབས་ནས་ཡོད་པ་མཐོང་ལ། ད་དུང་ལྕང་རགས་ཀྱི་ཟུར་ལྕོགས་འགའ་ནས་དགུན་གསུམ་འགྲིམས་ཟིན་ནས། དཔྱིད་ཐོག་མའི་མཁའ་དབུགས་ཐོབ་མ་ཐག་ས་ངོས་སུ་ཨུ་ཚུགས་ངང་ཐོན་འོངས་པའི་རྩྭ་ཕྲན་སྔོན་པོ་ཐར་ཐོར་ཞིག་ཀྱང་སྐྱེས་ཡོད་པ་མཐོང་།

གླང་རྒན་གྱི་མིག་ལམ་དུ་སྔོན་དཔག་བྱས་ནས་ཡོང་བའི་སྤྱི་གླིང་དེ་ན་རང་ཉིད་ལ་བཟའ་རྒྱུ་ཕྲན་བུ་ཡོད་པ་འཆར་བས། ཝུའུ། ཝུའུ། ཝུའུ་ཞེས་དགའ་འབོད་བྱེད་པ་ལྟར་སྐད་ལན་འགའ་བརྒྱབ་མ་ཐག ད་གཟོད་སྤྱི་གླིང་གི་ལྕགས་རིའི་ཚུལ་དུ་བརྒྱབ་པའི་རྡོ་སྐས་ལས་འབབ་མགོ་བཙུགས། འོན་ཀྱང་རྡོ་སྐས་གཉིས་ཙམ་བབས་མཚམས་ཀོ་ལྷམ་མཁྲེགས་པོ་ཆ་གཉིས་གྱོན་པ་ལྟ་བུའི་གླང་གོག་རོག་པོའི་སུག་བཞི་འདྲེད་བདར་ཤོར་ཏེ། ཐོག་སོ་གཅིག་ཙམ་གྱི་གཡང་དུ་ལྷུང་། ཁོའི་ལུས་སྟོབས་ཆེ་བའི་དབང་གིས་གཡང་དུ་ལྷུང་རྗེས་རྐང་པ་གཡོན་པའི་དཔྱི་མིག་བུད་དེ་ལུས་ཀྱིས་ཤེད་ཤུགས་ཅི་ཙམ་བཏོན་ཡང་རྐང་པ་གཡོན་མས་ལུས་པོ་ཐེག་དཀའ་བར་གྱུར།

ཡིན་ནའང་གཡང་དུ་ལྷུང་ས་རང་གནས་སུ་ཉལ་བསྡད་ཚེ་དེ་གར་འཇམ་ལ་མཁྲེགས་པའི་རྡོ་ལེབ་ཙམ་ལས་རྩྭ་རྐང་གཅིག་དང་ཆུ་ཐིགས་པ་གཅིག་ཀྱང་མེད་པས། ལྗིད་ཚད་རྒྱ་མ་ཆིག་སྟོང་ཙམ་གྱི་ལུས་དེ་ཇི་ལྟར་འཚོ། གླང་གོག་དེས་སྨད་དྲུད་གོག་བགྲོད་བརྒྱབ་ནས་སྤྱི་གླིང་གི་ཟུར་དུ་ལྕང་མས་སྲོག་ཤིང་བྱས་ཤིང་། སྤང་རྩྭས་མཐའ་འཁོར་ཞིང་ཁམས་སུ་བྱས་པའི་ཐོག་དལ་གྱིས་སླེབས། དེ་གའི་ལོ་འདབ་སྐམ་པོ་ཕྲན་བུ་དང་ལྕང་གསར་ཐར་ཐོར་གྱི་སྲུབ་ནས་ཨུ་ཚུགས་ངང་ཐོན་པའི་རྩྭ་ཕྲན་ཐོར་བུ་ཞིག་ཡོད་པ་དེ་དག་ནི། དཔྱི་མགོ་གཡོན་པར་རྨས་སྐྱོན་བྱུང་བའི་གླང་གོག་རོག་པོའི་འཆི་གསོས་སྨན་ལྟ་བུར་གྱུར།

ཉིན་ཞག་གཉིས་སོང་རྗེས་སྤང་རྩྭ་དང་རྩི་ཤིང་གི་དཀྱིལ་འཁོར་དེའི་སྟེང་གི་འདབ་ལོ་སྐམ་པོ་རྣམས་རིམ་གྱིས་གླང་གོག་རོག་པོས་ཟོས་ནས་ཧ་ལམ་སོར་མོ་ཙམ་ཡང་མཐོང་རྒྱུ་མེད་པས། ད་ནི་གླང་གོག་རོག་པོས་ཡངས་ཤིང་རྒྱ་ཆེ་བའི་སྤྱི་གླིང་དེའི་ཕྱོགས་སུ་མྱུལ་ནས་རང་ཁ་རང་གསོ་དང་རྨས་སྐྱོན་དྲག་སྐྱེད་བྱུང་ན་རང་གནས་རི་འདབས་སུ་ཕྱིར་སློག་བྱེད་སྙམ་ཡང་། སྔར་བཞིན་རྐང་པ་གཡོན་པས་ལུས་པོ་མ་ཐེག་པས་དབྱུག་རིང་གཏོང་གིན་དུས་ཅི་ཙམ་ལ་ཚེ་སྲོག་ཤོར་མིན་སྒུག་སྡོད་བྱེད་པ་དང་མཚུངས་པར་གྱུར།

བགྲེས་སོང་ཚེ་རིང་ནི་སྤྱི་གླིང་ནང་འཆམ་འཆམ་བྱེད་མང་བའི་རྒན་རྒོན་གྱི་གྲས་ཤིག་ཡིན། རྒད་པོས་སྤྱི་གླིང་བསྐོར་ནས་སྤང་རྩྭ་དང་རྩི་ཤིང་ལས་གྲུབ་པའི་དཀྱིལ་འཁོར་གྱི་གམ་དུ་སླེབས་སྐབས། དེ་གར་གླང་གོག་རོག་པོ་དེས། ཁ་ནས་ལྦུ་བ་སོབ་སོབ་གཏོང་ཞིང་། དབུགས་ཆད་ལ་ཁད་དུ་གྱུར་པའི་མིག་ཟུང་རྒད་པོ་ཚེ་རིང་གི་ཕྱོགས་སུ་ལྟ་བཞིན་ཡོད་པ་དེ་ནི། སྲོག་སྐྱོབ་རྒྱུར་རེ་བ་བཅངས་པར་སྣང་། རྒད་པོས་ཚུལ་དེ་མཐོང་མ་ཐག་སེམས་ནང་གླང་གོག་དེ་ཅི་བྱས་སམ་སྙམ། འཕྲལ་དུ་གླང་གོག་རོག་པོ་དེའི་འཁྲིས་སུ་བསྐྱོད་དེ་ལྕང་ལྕུག་སྐམ་པོ་ཞིག་བླངས་ནས། ཉལ་བསྡད་པའི་གླང་གོག་རོག་པོའི་རྐུབ་སྟེང་དུ་ལན་འགའ་གཞུས་ཏེ་ཡར་ལངས་ནས་རྩྭ་འདབ་སྐམ་པོ་འཚོལ་ལ་འགྲོ་རྒྱུར་བསྐུལ།

ཡིན་ནའང་གླང་གོག་རོག་པོ་དེ་ནི་རང་དགར་ཉལ་བསྡད་པ་ཞིག་མིན་པར་རྐང་པ་རྨས་པ་ཞིག་ཡིན་ཡང་། རྒད་པོས་རྐུབ་ལ་གཞུས་པའི་ལྕང་ལྕུག་གི་ན་ཚ་མ་བཟོད་པར་ཤེད་ཤུགས་ཡོད་ཚད་བཏོན་ནས་ཡར་ལངས་ཏེ། འཐང་འཐེང་ངང་མདུན་ཕྱོགས་སུ་གོམ་པ་གསུམ་བཞི་ཞིག་སྤོས་མ་ཐག་དཔྱི་མགོ་གཡོན་པས་ལུས་པོ་མ་ཐེག་པར་རང་སར་འགྱེལ། ཉིན་ཞག་གཉིས་ལ་ཆུ་ཧུབ་གང་ཡང་མ་རག་པའི་ཁ་ནས་འཁུན་སྒྲ་གྲག་པའི་ཚེ། ད་གཟོད་རྒད་པོ་ཚེ་རིང་གིས་གླང་གོག་དེའི་རྐང་པ་རྨས་ཡོད་པ་ཤེས།

ཨ་ཁ་ཁ། ངའི་སྡུག་ལག་འདི་སྡོད་ཚུགས་མེད་པས་བྱས་སོང་ཞེས་རང་གིས་གླང་གོག་རོག་པོར་ཉེས་རྡུང་བཏང་བའི་ངོ་གནོང་གིས་རང་གིས་རང་ལ་འཁང་ར་བྱེད་ཀྱིན་ལག་གཡོན་པར་བཟུང་བའི་ཤེལ་ཕྲེང་སྐེ་ལ་བསྐོན། གོམ་སྟབས་བྲེལ་པོས་ཉེ་སར་ཡོད་པའི་ཚལ་འཚོང་ཁང་དུ་བསྐྱོད། རྒད་པོ་ཚེ་རིང་གིས་པད་ཚལ་སོས་པ་འགྱིག་ཕད་ཆེན་པོ་ཞིག་ཡོད་པ་དེ་རྒྱ་མར་ཁྱོགས་དང་ཞེས་བཤད། ཚལ་འཚོང་པའི་ངོས་ནས་བཤད་ན་སུ་ཞིག་གིས་ཚལ་ཅི་ཙམ་མང་བ་ཉོས་ན་སྟབས་ལེགས་པ་ཞིག་ཡིན་ནའང་ཚོང་པ་དེས་འགྱིག་ཕད་རྒྱ་མར་བཏེགས་མ་ཐག སྤོ་བོ་ལགས། འདིར་རྒྱ་མ་སུམ་ཅུ་འདུག ཁྱེད་ཀྱིས་སྡེབ་གཅིག་ལ་སྔོ་ཚལ་མང་པོ་འདི་འདྲ་ཉོས་ནས……ཞེས་བཤད།

རྒད་པོ་ཚེ་རིང་གིས། སྔོ་ཚལ་འདི་དག་ང་རང་གི་བཟའ་ཆེད་མིན། ད་ལྟ་སྤྱི་གླིང་དུ་གླང་གོག་ཅིག་རྐང་པ་རྨས་ནས་འགྲོ་མི་ཐུབ་པར་ལྟོགས་བཀྲེས་ཀྱིས་འཆི་ཉེན་འདུག གླང་གོག་དེ་ལ་སྟེར་ཆེད་ཡིན་ཞེས་བཤད་པའི་ཚེ། སྒོར་ཙག་མོའོ་ཙག་ལའང་བསམ་བློ་གཏོང་མཁན་གྱི་ཚལ་འཚོང་པའི་ཡིད་ལའང་གཡོ་འགུལ་ཐེབས་ནས། སྤོ་བོ་ལགས། སེམས་བཟང་ཅན་ལ་ངས་ཀྱང་བསམ་བློ་གཏོང་དགོས་འདུག ཚལ་འདི་དག་ལ་སྒོར་བདུན་ཅུ་ཐོབ་ཀྱི་འདུག་ཀྱང་། སྒོར་ཉི་ཤུ་བཅག་ཆོག སྒོར་ལྔ་བཅུ་གནང་ན་འགྲིག་ཅེས་ཟེར།

རྒད་པོ་ཚེ་རིང་གིས་རེ་ཞིག་ཚལ་འཚོང་པ་དེའི་གདོང་ལ་ཧུ་རེར་བལྟས་རྗེས། ལག་གཡས་པའི་མཐེ་བོང་བསྒྲེངས་ནས། ཁྱོད་མི་འདི་འདྲ་བ་ཞིག་འདུག་ཅེས་བསྔགས་བརྗོད་ཡང་ཡང་བྱས་རྗེས་ཚལ་སྣོད་འགྱིག་ཕད་དེ་ཕྲག་པར་དཔྱངས་ཏེ། གླང་གོག་རོག་པོ་ཉལ་བསྡད་པའི་སྤྱི་གླིང་གི་ཕྱོགས་སུ་བསྐྱོད། དེ་གར་གླང་གོག་རོག་པོའི་མཐའ་འཁོར་དུ་ལག་ཏུ་ཕྲེང་བ་རེ་བཟུང་ཞིང་། ངག་ནས་ཅི་ཡིན་འདོན་མིན་མི་ཤེས་པར་མཆུ་ཏོ་ལྷེབ་ལྷེབ་བྱེད་བཞིན། འདོན་པ་གང་རུང་དེ་འདོན་པའི་བར་གསེང་དུ། འགའ་རེས་གླང་གོག་འདི་སྙིང་རྗེ། རྐང་པ་ཆག་པ་ཡིན་ནཱ། དཔྱི་མིག་བུད་པ་ཨེ་ཡིན་ཞེས་དང་། འགའ་རེས་འདི་ལ་ཆག་འཆིང་བྱེད་མཁན་ཞིག་བྱུང་ན་ཅིས་མི་དྲག་ཅེས་དང་། ཡང་འགའ་རེས་གླང་གོག་འདིའི་སྦྱིན་བདག་གང་དུ་ཡོད་ནཱ། གླང་གོག་རྨས་པ་ཤེས་ཡོད་ཀྱི་མ་རེད། དོ་བདག་རྩད་གཅོད་བྱེད་ཐུབ་ན་གང་དྲག་ཅེས་ཀྱང་ཟེར།

སྐབས་དེར་མགོ་བོར་རྒྱ་གར་ཞྭ་མོ་རྫ་མདོག་ཟུར་གོན་བརྒྱབ། ཚེར་མ་འཛིངས་པ་ལྟ་བུའི་སྨྲ་ར་ཟང་ཟིང་ཡོད་པའི་རྒད་པོ་ཞིག་དེ་གར་སླེབས་ཤིང་། རྒན་འཁོགས་ཚོས་གླང་གོག་དེའི་སྐོར་གྱི་དཔྱད་བརྗོད་ཐོས་མ་ཐག ད་ནི་གླང་གོག་འདིས་ལྟོ་འཚོལ་མ་ཐུབ་པར་འཆི་རྒྱུ་རང་རེད། གླང་གོག་འདི་ཚོའི་གྲས་ཚེ་ཐར་བཏང་ནས་གློད་བཞག་པའི་བདག་མེད་རེད་ཅེས་བཤད། རྒད་པོ་དེའི་སྐད་ཆ་དེ་དག་མཐའ་འཁོར་གྱི་རྒན་འཁོགས་ཚོས་ཐོས་རྗེས་ལ་ལས། ཨོཾ་མ་ཎི་པདྨེ་ཧུཾ། ཞེས་གླང་གོག་ལ་ལྟ་གིན་སྨིན་མ་བསྡུས་ཏེ། སྙིང་རྗེའི་རྣམ་འགྱུར་གང་ལེགས་མཚོན་པ་བྱས། ཡང་འགའ་རེས་སེམས་ཅན་འདི་འཆི་རྐྱེན་ངན་པ་བྱེད་པ་འདུག་ཅེས་ཟེར། ཡང་འགའ་ཞིག་གིས། དུད་འགྲོ་ཁ་གྲག་རྒྱུ་མེད་པ་འདི་སྙིང་རྗེ། གལ་སྲིད་མི་ཞིག་འདི་འདྲ་བྱས་ཏེ་ལུས་ན་ལྟོགས་སྐོམ་དང་ན་ཟུག་མ་བཟོད་པའི་སྡུག་སྐད་ག་ཚོད་ཤོར་གྱི་མ་རེད་དམ་ཞེས་བརྗོད།

གང་ལྟར་གླང་གོག་རོག་པོ་རྨས་མའི་མཐའ་བཞིར་སྐྱེས་ཕོ་མོ་མི་ཉུང་བ་ཞིག་ཡོད་ནའང་དེར་སེམས་ཀྱིས་མ་བཟོད་པར་ཁ་ཡོད་ལག་ཡོད་ཀྱི་གདུང་སེམས་མཉམ་སྐྱེ་བྱེད་མཁན་ནི་རྒད་པོ་ཚེ་རིང་གཅིག་པོ་ཙམ་དུ་ཟད། རྒད་པོས་ངག་ནས་སྙིང་རྗེའི་ཁ་མངར་མོ་ཙམ་མ་གཏོགས་དོན་དམ་དུ་པད་ཚལ་སྤར་མོ་གང་སྐྱེལ་རྒྱུའི་གྲོས་མགོ་ཙམ་འདོན་མཁན་མེད་པའི་རྒན་འཁོགས་དེ་རྣམས་ལ་ཅི་ཡང་མ་སྨྲས་པར་རང་ཉིད་ཀྱིས་ཉོས་པའི་སྔོ་ཚལ་སྤར་མོ་རེ་རེ་བྱས་ཏེ། གླང་གོག་རོག་པོའི་ཁ་རྩར་བསྐྱལ་ཙ་ན། གླང་གོག་རོག་པོས་ཁམ་གང་རེ་བྱས་ཏེ་པད་ཚལ་ལོ་མ་ཟ་བཞིན་མིག་ཟུང་མཐའ་འཁོར་གྱི་རྒན་རྒོན་ཚོར་ལྟ་ཙམ་རེ་བྱེད།

གླང་གོག་རོག་པོའི་དཔྱི་མགོ་གཡོན་མ་རྨས་ནས་ལངས་མི་ཐུབ་པའི་ཚུལ་དེས་ནི། ལག་ཏུ་ཕྲེང་བ་ཐོགས་པའི་རྒན་འཁོགས་ཀྱི་ཁྲོད་ཡང་སྙིང་སེམས་ཅན་ལ་སྙིང་ཁོང་ནས་བརྩེ་བ་འཆང་མཁན་ཅི་ཙམ་ཡོད་མེད་ཚོད་བགམ་བྱེད་པ་ལྟར་སྣང་ཞིང་། རྒད་པོ་ཚེ་རིང་ཉིན་ལྟར་གླང་གོག་རྨས་མར་ཚལ་སྙིགས་འཚོལ་བར་བསྐྱོད་དགོས་པས། བྲེལ་འཚུབ་པ་ཞིག་ཏུ་གྱུར་མོད། འོན་ཀྱང་ཚེ་རིང་གི་སེམས་ནང་གང་ཟག་གཅིག་བཀྲེས་སྐོམ་གྱི་གནས་ལས་སྒྲོལ་བའི་བྱ་བ་འདི་འགྲིག་པ་ཞིག་ཡིན་པའི་ངོས་འཛིན་བྱས།

ཉིན་དྲུག་སོང་བའི་ཞོགས་པར་རྒད་པོ་ཚེ་རིང་གིས་སྔར་བཞིན་གླང་གོག་རོག་པོར་ལྟོ་ཆས་སྟེར་བར་སྐྱོད་སྐབས། བརྡབས་རྨས་ཀྱི་ཟུག་གཟེར་ཅུང་ཟད་ཡང་དུ་སོང་བའི་གླང་གོག་དེ་ལངས་ཏེ་འཁྲིས་སུ་ཡོད་པའི་ལྕང་མའི་ལོ་མ་སྐམ་པོ་སྙོབས་ཐབས་བྱེད་བཞིན་ཡོད། རྒད་པོས་དེ་ལྟར་མཐོང་མ་ཐག་ངག་ནས། སྟབས་ཡག་སོང་། དཀོན་མཆོག་གིས་གཟིགས་པ་འདྲ། ད་ཁོ་ལངས་ཐུབ་འདུག་ཅེས་རྗོད་ཀྱིན་གོམ་པའང་མགྱོགས་སུ་བཏང་ནས་གླང་གོག་གི་འཁྲིས་ལ་བཅར་ཏེ་ཞོགས་ལྟོ་བླུད། དེ་ནས་ཕྱུགས་རིགས་གསོ་མྱོང་བའི་རྒན་འཁོགས་ཤིག་གིས་མྱོང་བྱ་ཡོད་མདོག་ངང་། ཡཱ་ཡཱ། ངས་ཁོ་ལ་ལྟ་ཙམ་བྱས་ཆོག གང་དུ་ཆག་སྐྱོན་བྱུང་ཡོད་ནཱ་ཞེས་རྐང་པ་གཡོན་པའི་དཔྱི་མགོར་ལག་པས་རེག་ཙམ་བྱས་པའི་ཚེ། ད་དུང་ན་ཟུག་ཡོད་པའི་གླང་གོག་གིས་མིག་འབུར་ཚུགས་ཟུང་རྒད་པོར་བསྡིགས་ཤིང་། མགོ་བོ་གཡུག་གཡུག་གིས་རྡུང་འདོད་པའི་བཟོ་བསྟན།

རྒད་པོས། འོ་ཡཱ། རྟ་རྒན་སྒལ་བཅོས་བྱས་ན་ངན་ལ་འཁོར། ཕག་པ་སྡོམ་གསོས་བརྒྱབ་ན་བཟང་ལ་འཁོར་ཟེར་བ་དེ་རང་རེད། ཧིན། ཁྱི་ལ་ཁྱད་མེད་ན་སྤགས་ལ་ཁྱད་མི་འདུག་ཅེས་གླང་གོག་རོག་པོར་ཁྲོ་བའི་གཏམ་དཔེ་གཅིག་མཇུག་གཉིས་མཐུད་ངང་བཤད་རྗེས་ཁ་ཕྱིར་འཁོར་ནས་ཐོན་སོང་། ཚུལ་དེར་རྒད་པོ་ཚེ་རིང་མ་འདོད་པར། ཐོན་སོང་བའི་རྒད་པོ་དེའི་རྒྱབ་ཏུ་ཁ་ཕྱོགས་ཏེ། མཐུ་ཡེ། མི་འཇོན་འཇོན་མདོག་ལ་ལྟོས་དང་ཞེས་མཐུ་ལུད་འཕེན་བཞིན་དེ་ལྟར་བཤད་མ་ཐག་གླང་གོག་རོག་པོ་འདི་གཤིས་ཀ་རྩུབ་ཙམ་འདུག་སྙམ་ཞིང་། རང་ཉིད་ཀྱིས་ཁོའི་རྨས་སྐྱོན་ཡོད་སའི་དཔྱི་མགོར་ལག་གིས་བྱིལ་བྱིལ་བྱས།

གླང་གོག་རོག་པོའི་རྨས་སར་རེག་པ་དེས་ན་ཟུག་གཏོང་གི་ཡོད་ཀྱང་། ད་གིན་རྒད་པོ་གཞན་དེས་རེག་དུས་དང་མི་འདྲ་བར་ཁོས་རྒད་པོ་ཚེ་རིང་གིས་ལག་པས་རེག་པར་ན་ཟུག་བཟོད་དེ་རྡུང་རྩིས་ཙམ་མི་བྱེད་པས། རྒད་པོའི་སེམས་ལ་བྱོལ་སོང་ཡིན་ནའང་ལྟོ་ཐེངས་འགའ་ཞིག་སྟེར་བ་ཙམ་ལ་ངོ་ཤེས་མིན་གྱི་ཁྱད་པར་འདི་ཙམ་འདུག གླང་གོག་རོག་པོ་འདི་དྲག་སྐྱེད་མ་བྱུང་བར་དུ་གཡོག་བྱེད་མ་རྒྱུག་ན་ཡོང་བ་མི་འདུག་སྙམ་སྟེ། མུ་མཐུད་གླང་གོག་རོག་པོར་ལྟོ་ཆས་སྐྱེལ་རྒྱུའི་སེམས་ཤུགས་ཆེ་རུ་སོང་།

དེ་ལྟར་ཟླ་ཕྱེད་ཙམ་སོང་བའི་ཉིན་ཞིག་གི་ཉིན་གུང་དུ་རྒད་པོ་ཚེ་རིང་གིས་རྒྱུན་གཏན་བཞིན་གླང་གོག་རོག་པོར་ལྟོ་ཆས་སྟེར་བར་སྐྱོད་སྐབས། སྤང་རྩྭའི་དཀྱིལ་འཁོར་སྟེང་དུ་ཡོད་པའི་གླང་གོག་མཐོང་རྒྱུ་མེད་ཅིང་། དེ་གའི་རྒྱུད་ཀྱི་འཆམ་འཆམ་ལ་འགྲོ་མཁན་ཚོར་གླང་གོག་གང་དུ་སོང་མིན་སྐད་ཆ་དྲིས་པའི་ཚེ། མི་མང་པོ་ཞིག་གིས་གླང་གོག་མཐོང་མ་བྱུང་ཞེས་ཁ་གཅིག་ཏུ་གྲག འོན་ཀྱང་རྒད་པོས་མུ་མཐུད་དུ་སྐད་ཆ་འདྲི་སྐབས། འཁར་རྒྱུག་ཐོགས་པའི་རྒད་པོ་ཞིག་གིས། གླང་གོག་དེ་སྤོ་བོ་རང་གི་རེད་དམ། སྤྱི་གླིང་སྲུང་མཁན་ཡིན་ནམ་མི་ཤེས་ཕོ་གཞོན་ཞིག་གིས་ལྕང་རྒྱུག་གཞུ་གིན་དེད་སོང་ཞེས་ལག་ཏུ་བཟུང་བའི་འཁར་རྒྱུག་བྱང་ངོས་སུ་བཙུགས་ཏེ་ཁ་ཕྱོགས་བསྟན།

སྐད་ཆ་དེ་ཐོས་རྗེས་རྒད་པོ་ཚེ་རིང་གིས་འཁར་བ་ཐོགས་པའི་རྒད་པོར་གླང་གོག་དེའི་རྐང་པ་རྨས་ཡོད། འགྲོ་ཐུབ་ཀྱི་འདུག་གམ་ཞེས་དྲིས། རྒད་པོ་འཁར་རྒྱུག་ཅན་དེས། ཧིན། རྐུབ་ལ་རྒྱུག་པ་གཞུས་ན་མ་ཕྱིན་རང་ཕྱིན་མ་རེད་པས། རྐང་པ་ཀྱོག་གིན་ཕྱིན་སོང་། ང་རང་རྐང་ཀྱོག་ལའང་གཞན་གྱིས་ཚ་འདེད་བཏང་ན་འཁར་རྒྱུག་དབྱུགས་ནས་མ་བྲོས་རང་བྲོས་སུ་འགྱུར་རྒྱུ་རང་རེད་ཅེས་བཤད།

རྒད་པོ་འཁར་རྒྱུག་ཅན་དེའི་གཏམ་དེས་རྒད་པོ་ཚེ་རིང་གི་སེམས་ནང་ད་ནི་གླང་གོག་རོག་པོར་ལྟོ་ཁམ་གང་བྱིན་ནས་སྐྱོབ་རོགས་བྱེད་མཁན་མེད་པར། རྐང་པ་ནད་པའི་ཐོག་ད་དུང་རྐུབ་ལ་རྒྱུག་རྡུང་གཏོང་མཁན་ཞིག་བྱུང་བ་འདྲ། ད་ཡིན་ན་སྡུག་ཐོག་སྡུག་བརྩེགས་རང་གླང་གོག་དེར་བྱུང་བ་འདྲ་སྙམ།

རྒད་པོ་ཚེ་རིང་གིས་རང་མགོ་མ་ཐོན་པར་ལྟ་སྐྱོང་བྱེད་སྙམ་པའི་གླང་གོག་དེ་གར་སོང་ཆ་མེད་དུ་གྱུར་རྗེས་གོམ་པ་ལྕི་མོ་སྤོ་བཞིན་རང་ཁྱིམ་དུ་ཕྱིར་ལོག དེ་ནས་བཟུང་རྒད་པོའི་སེམས་ནང་གླང་གོག་རོག་པོའི་གཟུགས་བརྙན་སྔར་བཞིན་གནས་ཏེ། སྤྱི་གླིང་དེའི་བྱང་ངོས་སུ་སླེབས་རིམ་བཞིན་དོ་སྣང་བྱས་ཀྱང་བ་གླང་འགའ་ཤས་མཐོང་རྒྱུ་ཡོད་ཀྱང་གླང་གོག་རོག་པོ་དེ་གཏན་ནས་མཐོང་རྒྱུ་མེད་སྟབས། གླང་གོག་རོག་པོ་དེ་རྙེད་རྒྱུའི་སེམས་ཀྱི་རེ་བ་འཇའ་ལྟར་ཡལ། ཡང་རྒད་པོས་བསམ་བློ་གཏོང་བཞིན་རྐང་པ་རྨས་པའི་གླང་གོག་དེར་ལྟོ་འཚོལ་བའི་ནུས་པ་ཞན་ལ། བཀར་འདེད་བཏང་ན་བྲོས་བྱོལ་དུ་འགྲོ་བའི་ནུས་པ་དེ་བས་མེད་པས། སེམས་གནག་པའི་ཤན་གྲིའི་འོག་ཏུ་མི་ཚུད་ཟེར་ཚོད་མེད་སྙམ་བཞིན་ལུས།

དུས་ཚོད་ནི་ཆུ་རྒྱུན་བཞུར་བ་དང་གཉིས་སུ་མེད་ཅིང་། འཁྱུག་ཙམ་གྱི་སྣང་ངོར་སྐྱ་ཟད་སྔོ་གཏུགས་ཀྱི་ནམ་ཟླ་དེ་དབྱར་གྱི་དཔལ་མོར་སྐྲག་པ་ལྟར་སྣང་ཞིང་། གང་སའི་ལྗོན་པའི་ལོ་མ་ཆེར་རྒྱས་ཏེ་བསིལ་དྲོད་སྙོམས་པའི་གདུགས་གུར་ཕུབ། ནེའུ་གསིང་ལང་ཚོ་རྒྱས་ཏེ་སྔོ་ཐིང་ཐིང་གི་བཞིན་རས་ཁོད་སྙོམས་པོར་སྤང་རྒྱན་མེ་ཏོག་གི་ཁྲ་ཚོམ་གཟབ་པར་བརྒྱན། རྡོ་གསེབ་ནས་ཀྱང་རྩྭ་ཕྲན་གྱིས་ཤེད་ཤུགས་ངོམ་ནས་འཇིག་རྟེན་སྔོ་ལྗང་གི་ཁྱིམ་གཞིས་བསྐྲུན་པར་འབད་པ་ཧུར་ལེན་བྱེད་པར་མངོན།

རྒད་པོ་ཚེ་རིང་གིས་འཆར་ཅན་ལྟར་སྤྱི་གླིང་ནང་འཆམ་འཆམ་དུ་བསྐྱོད་པའི་ཚེ། སྤྱི་གླིང་གི་མཐའ་སྐྱོར་སྤང་རྩྭའི་ཐོག་རི་འདབས་ནས་བབས་འོང་བའི་བ་གླང་བཅུ་གྲངས་ཤིག་ཅི་དགར་སྤང་རྩྭ་ལོངས་སུ་སྤྱོད་པ་མཐོང་།

དེ་དག་གི་ཁྲོད་ནས་གླང་གོག་རོག་པོ་གཅིག་ཀྱང་ཡོད་པ་ནི་རྒད་པོ་ཚེ་རིང་གིས་ཟླ་བ་གཉིས་ལྷག་ཙམ་གྱི་གོང་དུ་བསྐྱངས་མྱོང་བའི་གླང་གོག་རྨས་མ་དེ་དང་ཤིན་ཏུ་འདྲ་བས། རྒད་པོས་འཕྲལ་དུ་དེ་གའི་ཕྱོགས་སུ་གོམ་སྟབས་བསྒྱུར། ཨོ་ཧོ། དངོས་གནས་གླང་གོག་རོག་པོ་དེ་འདྲ་པོས་མི་ཚད་པར། དེ་རང་ཡིན་པ་ཤེས་ཙ་ན། རྒད་པོའི་སེམས་ལ་བརྗོད་མི་ཤེས་པའི་སྤྲོ་བ་བརྟས་ཤིང་། ངག་ནས། ཡཱ། ཁོ་རེ་རོག་པོ། རོག་པོ་ཞེས་སྐད་འབོད་ལན་གཉིས་བྱས་པས་ན། དེ་སྔོན་ཐོས་མྱོང་བའི་རྒད་པོའི་སྐད་སྒྲ་དེས་གླང་གོག་རོག་པོའི་སྙིང་ཁའང་འཕགས་ཙམ་བྱས། ཁོས་སྤང་རྩྭ་ཟ་འཕྲོ་བཞག་ནས་རྒད་པོའི་ཕྱོགས་སུ་བལྟས། དེ་ནི་རང་ཉིད་ལངས་མི་ཐུབ་པར་ལུས་སྐབས་ཉིན་ལྟར་ལྟོ་ཆས་སྟེར་མཁན་དེ་ཡིན་པ་ཚོར།

སྨྲ་བརྗོད་ཀྱི་སྤོབས་པ་བྲལ་ནའང་ཁོས་རྨས་སྐྱོན་བྱུང་བའི་རྐང་པ་གཡོན་མ་ཅུང་ཟད་འཐེང་ཙམ་འཐེང་ཙམ་གྱིས་རྒད་པོ་ཚེ་རིང་གི་གམ་དུ་བཅར། ཁོས་རྒད་པོའི་སྟོད་གོས་ལ་མགོ་བོ་རེག་ཙམ་རེག་ཙམ་དང་ལྕེ་ལེབ་བརྐྱངས་ནས་གོས་སྣེར་ལྕེ་ལྡག་ཡང་ཡང་བརྒྱབ། དེ་ནི་གླང་གོག་རོག་པོས་རྒད་པོ་བརྗེད་མེད་ཅེས་དང་། རྒད་པོའི་བཀའ་དྲིན་ལ་རྗེས་དྲན་ཞུ་བ་ལས་མ་འདས།

རྒད་པོ་ཚེ་རིང་གིས་གླང་གོག་རོག་པོའི་འགུལ་ཚུལ་མཐོང་བཞིན་དུ། སེམས་ནང་ཁ་གྲག་རྒྱུ་མེད་པ་ཙམ་གྱིས་མ་གཏོགས་སྲོག་ལྡན་གང་ཟག་ཡིན་པ་ཙམ་དུ་ཚོར་འདུ་དེ་འདྲ་ཡོད་པ་སྙིང་རྗེ་ཨང་སྙམ་བཞིན་པར་གླང་གོག་དེ་སྨྲ་ཤེས་དོན་གོ་ཚང་བའི་སྐྱེ་བོ་ཞིག་ཡིན་པ་ལྟར། ཁོ་རེ་རོག་པོ། ཁྱོད་རང་ད་བར་གང་དུ་བསྡད་པ་ཡིན་ནམ། མ་འཆི་ཙམ་བྱུང་བས་གང་མིན་ཚད་རེད་ཅེས་ཟེར། ཡང་རྒད་པོས་སྣུམ་པོར་གྱུར་པའི་གླང་གོག་གི་སྒལ་པའི་སྤུ་གྲ་ལེགས་པོར་བྱིལ་བྱིལ་བྱེད་ཀྱིན། ཡག་འདུག རྩྭ་ཆུ་ཙམ་གྱིས་ཤེད་མོང་རྒྱས་འདུག་ཅེས་རྗོད་ཀྱིན་བ་གླང་རོགས་པ་འགའ་ཡོད་སར་དེད། རྒྱུག་ཅིག་ད་ནི་རང་ཁ་རང་གསོ་ཐུབ་པས་རང་བྱུང་ཁམས་ཀྱི་པང་དུ་ཅི་དགར་རྒྱུག་ཅིག་ཅེས་སྨྲས།

གླང་གོག་རོག་པོས་ཀྱང་རྒད་པོ་ཚེ་རིང་མཐོང་བ་ཙམ་གྱིས་ཡིད་མགུ་བ་དང་བློ་ཡིད་ཚིམས་པ་ལྟར་ཡུད་ཙམ་རྒད་པོའི་གམ་དུ་བསྡད་རྗེས་རྒད་པོས་ཁ་ལོ་བསྒྱུར་བ་ལྟར་མཇུག་མ་གཡབ་གཡོབ་བྱེད་ཀྱིན་བ་གླང་གཞན་དང་མཉམ་དུ་སྤང་རྩྭར་རོལ་བར་སོང་། ཡིན་ནའང་རྒད་པོ་ཚེ་རིང་གིས་ད་དུང་གླང་གོག་རོག་པོ་དེ་དང་ཁ་འབྲལ་མི་ཕོད་པའི་རྣམ་འགྱུར་སྟོན་བཞིན་གླང་གོག་གི་ཕྱོགས་སུ་གོམ་པ་བཅུ་གྲངས་ཤིག་སྤོས། རྒད་པོའི་སེམས་ནང་བདག་མེད་འཁྱམ་པོར་གྱུར་པའི་གླང་གོག་འདི་དང་འདྲ་བ་ཅི་ཙམ་མེད་དམ་སྙམ།

ཡང་གློ་བུར་དུ་རྒད་པོས་བྱང་རིའི་ཕྱོགས་སུ་ཁ་བསྒྱུར་ཞིང་། ལག་གཉིས་ཀྱི་ཐལ་མོ་བྲང་ཁར་སྦྱར་མ་ཐག་སྨིན་མ་བསྡུས་ཏེ། སྐྱབས་སུ་མཆིའོ་རང་བྱུང་ཁམས་ཆེན་པོ། ཁྱེད་ནི་སྲོག་ཆགས་ཀུན་སྐྱོང་བའི་མ་མ་དྲིན་ཅན་ཡིན། ཁྱེད་ཀྱིས་བྱས་ཡུས་མེད་པར་སྲོག་ཆགས་རྣམས་ལ་ཆགས་འཇིག་གི་དཀའ་བ་འཕྲད་དུས་རིན་དོད་ཅི་ཡང་མེད་པར་དེ་རྣམས་གནས་པར་བྱས། ལྟོགས་ཤི་ཐེབས་པར་ཉེ་བའི་གླང་གོག་རྨས་མ་འདི་གེགས་བར་ལས་སྒྲོལ་བ་པོ་ཁྱེད་ཉིད་ལས་གཞན་སུ་ཞིག གླང་གོག་རྨས་མ་འདིར་འོད་འཇམ་འཇམ་གྱི་སྤུ་གྲ་ལེགས་པོ་འདི་འདྲའི་གོས་བཟང་གཡོགས་མཁན་སྦྱིན་བདག་ཡག་པོ། རང་བྱུང་ཁམས་ཆེན་པོ་ཉིད་ཡིན་ནོ་ཞེས་པ་སོགས་ཀྱི་རྒྱུ་མཚན་ལྡན་པའི་བསྟོད་སྨོན་ཡང་ཡང་དྲངས། གླང་གོག་རྨས་མ་བདག་མེད་དེ་ལྟ་བུ་འཚོ་གནས་ཐུབ་པར་རང་བྱུང་ཁམས་ཁོ་ན་བཀའ་དྲིན་ཆེ་བའི་གནས་ལུགས་ནན་གྱིས་བརྗོད་དོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།