ཀྲུང་གོ་བོད་ཀྱི་དྲ་བ།

རྒྱུ་སྐརNaཁྲི་ནས་ཕེབས་པའི་ཁྱེད།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཆང་གཞོན་ནུ།   སྤེལ་དུས། : 2021-10-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དེ་རིང་ནི་གོ་ལ་འདིའི་སྤྱི་ལོ4800ལོའི་ཟླ15པའི་ཚེས22ཉིན་རེད། ཕོ་བྲང་སྟོང་དབྱིངས་སྒྱུ་འཕྲུལ་གྱི་ཚལ་ཞེས་པར་རྒྱལ་པོNaཁྲི་ལགས་གློག་ཕྲེང་དྲ་བའི་ཁྲི་འཕང་དུ་ཁམས་གསུམ་རྣམ་པར་གནོན་པའི་འགྱིང་སྟབས་ཀྱིས་བཞུགས་ཤིང་། སྤྱན་ཟུང་གིས་ཕུར་ཚུགས་སུ་འཇིག་རྟེན་གྱི་ཁམས་ཆེན་མོའི་རྒྱུ་སྐར་བྱེ་བ་ཕྲག་བརྒྱའི་ཕྱོགས་སུ་གཟིགས་བཞིན་མནོ་བསམ་གྱི་ཀློང་ལ་ཚུད་འདུག དེའི་ཚེ་ན། རྒྱལ་པོNaཁྲིའི་བློན་པོ་རྣམས་ཀྱང་རེ་རེ་བཞིནNaཁྲི་རྟགས་ཅན་གྱི་མཁའ་བསྐྱོད་འཕུར་གྲུ་རེ་རེར་བསྡད་དེ་ཕོ་བྲང་སྟོང་དབྱིངས་སྒྱུ་འཕྲུལ་གྱི་ཚལ་དུ་འབྱོར། རྒྱལ་པོ་ལགས་ཀྱིས་གཡུ་ཡི་སྨིན་མ་བསྡུས་ཏེ་བློན་པོ་རྣམས་ཡོངས་སུ་རྫོགས་པ་རང་རང་གི་བཞུགས་གྲལ་དུ་འབྱོར་ཚར་བ་ལ་རིམ་བཞིན་གཟིགས་ཙམ་བྱས་ཏེ། མདུན་འདུག་བཀའ་སྒྲོག་བློན་པོར་མིག་བརྡ་ཞིག་བསྟན་པ་ན། མདུན་ན་འདོན་དེསNaཁྲི་རྟགས་ཅན་གྱི་ཕྱི་གསལ་ནང་གསལ་གྱི་ཤེལ་ལེབ་ལྟ་བུའི་འཕྲུལ་ཆས་སྲབ་མོ་ཞིག་གི་ངོས་སུ་ཆིག་རྡེབ་ཅིག་བྱས་པ་ན། ཕོ་བྲང་སྟོང་དབྱིངས་སྒྱུ་འཕྲུལ་གྱི་ཚལ་དེ་དབུས་ནས་ཆོམ་སྒྲ་ཞིག་དང་བཅས་གས་གཉིས་སུ་གྱེས་པར་གྱུར། ཕྱེད་ཀ་གཉིས་སུ་གྱེས་པའི་ཞབས་མི་མཐོང་བའི་གྲོག་རོང་དེ་ལས་ལྕགས་རྨོག་གྱོན་པའི་དམག་མི་འགས་སྟེང་དུ་མགོ་སྐོགས་སྐམ་པོ་ཅན་གྱི་ལྕགས་ཀྱི་དྲ་བ་ཞིག་གཉའ་བར་ཁུར་ཏེ་ཡར་འཕགས་པ་དང་བསྟུན་ནས་གས་གཉིས་སུ་གྱེས་པའི་ཐང་ཆེན་གྱི་ཁ་ཡང་ཕྱིར་ཟུམ་བྱུང་། དམག་མི་དེ་དག་གིས་ལྕགས་དྲ་ཕོ་བྲང་ཐང་དཀྱིལ་དུ་ལྗིད་ཏིག་གེར་འཕངས་བྱུང་། དེའི་ནང་དུ་མགོ་སྐྲ་སེང་གེའི་གཡུ་རལ་དང་གཉིས་སུ་མེད་པར་ལྗང་སྣུམ་མེར་འདུག་ཅིང་། ལྕེ་དམར་གྱིས་གདོང་གི་དཀྱིལ་འཁོར་ཁེབས་པ། ལག་སོར་དྲ་བས་འབྲེལ་བ། སྨིན་མ་གཡུ་ལྟར་སྔོ་ཞིང་མིག་སྐྱིབས་ཡར་རྡེབ་མཁན་ཞིག་བཅུག་འདུག འདི་ནི་གོ་ལ་གཞན་འགྲིམས་ཀྱི་ཉེས་ཅན་ཞིག་རེད། ཉེས་ཅན་འདི་ནི་གཞན་སུ་ཡང་མ་ཡིན་ཏེ། རྒྱལ་པོNaཁྲི་ལགས་ཀྱི་སྲས་དགུ་པ་རེད།

རྒྱལ་པོNaཁྲིི་ལགས་ཀྱིས་གཟབ་ནན་གྱི་ངང“བདག་ལ་གློ་བ་ཉེ་བའི་འདིར་བཞུགས་བློན་ཆེན་ཀུན་གྱིས་ཤེས་གསལ་ལྟར། ངའི་བུ་དགུ་པ་འདིས་ཆུང་ངུའི་དུས་ནས་བཟུང་རང་རེའི་གོ་ལ་ཆེན་པོ་འདིའི་རྩ་ཁྲིམས་དང་འགལ་བའི་བྱ་བ་མང་པོ་ཞིག་བསྒྲུབས་མྱོང་ཞིང་། ལྷག་དོན་ད་ཐེངས་ཁོས་རང་རེའིNaཁྲི་གོ་ལའི་ཁྲིམས་གཞུང་ལས་ཆེས་ལྕི་ཤོས་ཀྱི་ནག་ཉེས་ཏེ། རྒྱུ་སྐར་གཞན་པ་འགྲིམས་པ་རེད། རང་རེའི་རྒྱུ་སྐར་ཆེན་པོ་འདིའི་སྟེང་གི་ནོར་བུ་གཅིག་པུ་སྟེ། དཔག་ཚད་བྱེ་བར་འཕུར་ཐུབ་པའིNa ཁྲི་རྟགས་མའི་འཇིག་རྟེན་འཕུར་གྲུ་ལ་ཁ་ལོ་བསྒྱུར་ཏེ་གོ་ལ་གཞན་གྱི་སྟེང་དུ་གང་འདོད་དུ་འཕུར་བ་དང་། མཇུག་མཐར། ཉི་མའི་ཁྱིམ་རྒྱུད་དུ་གྱུར་པའི་རྒྱུ་སྐར་ཆུང་ཤོས་ཤིག་སྟེ། ཆུའི་དཀྱིལ་འཁོར་ཆེན་པོ་བདོག་སའི་རྒྱུ་སྐར་ཞིག་གི་སྟེང་དུ་འཇིག་རྟེན་འཕུར་གྲུ་མེད་བརླག་ཏུ་བཏང་བར་མ་ཟད། གོ་ལ་དེའི་སྟེང་གི་བུད་མེད་ཅིག་དང་ལྷན་དུ་ཕན་ཚུན་བརྩེ་དུངས་ཆགས་ཤིང་ཐ་མར་དེ་ལ་ཞེ་འཁྲེང་སྟེ། ས་དེ་གར་ལོ་མང་འགོར་ཡང་ཕྱིར་རང་རེའི་གོ་ལར་མ་ལོག གོ་ལ་དེའི་མིང་ལ་འཇིག་རྟེན་དེའི་མིའི་རིགས་ཀྱིས་སའི་གོ་ལའམ་ཆུའི་གོ་ལ་ཟེར་གྱིན་པ་འདྲ། སའི་གོ་ལ་དང་གདོང་ཐུག་དྲག་པོ་བྱུང་ནསNaཁྲི་རྟགས་མའི་འཇིག་རྟེན་འཕུར་གྲུ་འགས་གཏོར་བྱས་པ་རེད། ཁོ་ལ་ནུས་མཐུ་ཆེ་བས་རང་སྲོག་མ་ཤོར་བ་ཙམ་བྱུང་ནའང་། གཅིག་ནས་རང་རེའི་རྒྱུ་སྐར་ཆེན་པོ་འདིའི་འཁྲོལ་མཆན་དང་དཔང་ཡིག་མེད་པར་གོ་ལ་གཞན་པར་གང་འདོད་དུ་སོང་བ་དང་། གཉིས་ནས་འཇིག་རྟེན་གཞན་གྱི་མིའི་རིགས་དང་བརྩེ་དུངས་ཀྱི་འབྲེལ་བ་བྱུང་བ། གསུམ་ནས་རང་རེའི་གོ་ལ་འདིའི་ནོར་བུ་རྩ་ཆེན་འཇིག་རྟེན་འཕུར་གྲུ་བརླག་པ་བཅས་ཉེས་པ་ཤིན་ཏུ་ལྕི་བ་ལ། ཁྲིམས་ཆད་གང་ཞིག་གཅད་དགོས་པར་བློན་ཆེན་དག་གི་དགོངས་འཆར་བསྡུ་ལེན་བྱེད་སླད། དེ་རིང་ཆེད་དུ་ཕོ་བྲང་སྟོང་དབྱིངས་སྒྱུ་འཕྲུལ་གྱི་ཚལ་དུ་བོས་པ་ཡིན། ཚང་མས་ཕྱོགས་ལྷུང་བྲལ་ཅིང་གཟུར་གནས་ཀྱི་སྒོ་ནས་རང་རེའིNaཁྲི་གོ་ལའི་ཁྲིམས་གཞུང་ཆེན་མོ་དང་བསྟུན་ནས་བསམ་ཚུལ་ལྷུག་པོར་བརྗོད་ཆོག”ཅེས་བཤད།

བློན་དྲག་ཤོསTགཞན་འཇོམས་ཞེས་པས“གཙུག་ཏུ་བཀུར་བར་འོས་པའི་མངའ་བདག་ལགས། རང་རེའིNaཁྲི་གོ་ལའི་མེས་པོ་གོང་མ་དག་ནས་གཏན་འབེབས་གནང་བའི་ཁྲིམས་གཞུང་གཞིར་བཟུང་ན། གོ་ལ་གཞན་པར་གང་འདོད་དུ་འཁྱར་བ་ཁོ་ནས་ཀྱང་ཉེས་ཅན་དེའི་ཆོ་འཕྲུལ་དང་མཐུ་ནུས་མ་ལུས་རྨེག་མེད་དུ་བཏང་སྟེ་དུག་མཚོ་མུན་པའི་གླིང་ཕྲན་དུ་ཚེ་བཙོན་ལ་འཇུག་པའམ་ཚེ་སྲོག་ལེན་དགོས་པ་རེད། ལྷག་ཏུ་སྲས་དགུ་པ་ཁོས་རང་རེའི་གོ་ལ་འདིའི་སྟེང་གི་རྒྱུ་སྐར་གཞན་ལ་འཕུར་ཐུབ་པའི་གྲུ་གཅིག་པུའང་མེད་པར་བཏང་བས་ཕྲན་གྱིས་བལྟས་ན་ངེས་པར་སྲོག་ཐོག་ཏུ་གཏང་དགོས་སྙམ”ཞེས་བཤད། བློན་གཞན་ཁག་ཅིག་གིས་ཀྱང་བདེན་པའི་མགོ་བོ་ནང་དུ་སྒུར་སྒུར་ཙམ་བྱས་ཏེ་ཕན་ཚུན་ལ་ཤབ་ཤུབ་ངང་ཅི་ཞིག་འཆད་ཀྱིན་འདུག

དེའི་ཚེ་ན། བློན་གྱི་མཆོག་རྨི་ལམ་བདེ་གཤེགས་ཞེས་པ་ན་རེ། “གོ་ལ་འདིའི་མགོན་ཆེན་པོ། ཕྲན་ལ་གསེར་སྙན་ཐེངས་གཅིག་གཡོར་བར་ཞུ། སྤྱིར་རང་རེའི་ཁྲིམས་གཞུང་གི་དགོངས་དོན་ནི་དེ་ལྟར་ལགས་མོད། ངེད་ཅག་གིས་ཉེས་ཆད་གཅད་བྱའི་མི་གང་དེའི་ལེགས་ཉེས་ཀྱི་དོན་དག་ཡོད་དོ་ཅོག་ལ་རྩིས་ཞིབ་ཅིང་ཕྲ་བ་ཞིག་བྱས་ནས་ད་གཟོད་འཁུར་བར་འོས་པའི་ཁྲིམས་ཆད་ཅི་རིགས་གཏན་འབེབས་བྱ་དགོས་པ་ལས། བློནTགཞན་འཇོམས་ལྟར་ནག་ཉེས་ཀྱི་ངོས་ཁོ་ན་ལས་མ་མཐོང་བར་སྔོན་གྱི་ལུགས་ཁོ་ན་མཁྲེགས་འཛིན་བགྱིས་ཏེ་རྨོངས་ལས་བྱེད་པར་ཕྲན་འཐད་པ་མིན། སྲས་དགུ་པ་ལགས་ཀྱིས་རེབ་འདིར་ཉེས་པ་ལྕི་ཤོས་ཤིག་བསགས་འདུག་ནའང་། སྔོན་མེ་སྐར་གོ་ལའི་སྟེང་གི་གཏུམ་འབྲུག་གི་འཇིགས་པ་སླེབས་དུས་ཁོང་གིས་གོ་ལ་འདིའི་མིའི་རིགས་ཀྱི་ཆེད་དུ་རང་གི་ཟུངས་ཁྲག་དམར་པོ་བཏོན་ཏེ་འཇིགས་པ་ལས་བསྐྱབས་པ་དང་། གཤིན་རྗེའི་རྒྱུ་སྐར་སྟེང་གི་གྱད་མིས་ང་ཚོར་བཙན་འཛུལ་བྱེད་དུས་ཀྱང་ཁོང་གཅིག་པུས་གྱད་མི་སྟོང་ཕྲག་གི་ཚོགས་བརླགས་ཏེ་རང་ཅག་ལ་བླ་ན་མེད་པའི་རྒྱལ་ཁ་བསྩལ་པ་མ་ཡིན་ནམ། དེ་བས། ཕྲན་གྱི་བསམ་ཚུལ་ལNaཁྲི་རྒྱལ་པོའི་སྲས་དགུ་པ་ལགས་ལ་སྲོག་ཆད་གཅད་དགོས་པའི་ཚད་དུ་མི་འགྲོ་སྙམ། ངེས་པར་ཉེས་ཆད་གང་ཞིག་གཅད་དགོས་ཤེ་ན། ནུས་མཐུ་མེད་པར་བཟོས་ནས་འཇིག་རྟེན་གྱི་ཁམས་ཆེན་པོ་འདིའི་རྒྱུ་སྐར་བྱེ་བ་ཕྲག་བརྒྱའི་གང་རུང་ཞིག་ཏུ་སྤྱུགས་ཏེ། བསྐལ་བ་ནས་བསྐལ་བར་ཕྱིར་རང་རེའི་གོ་ལ་འདིར་ལྡོག་པའི་གོ་སྐབས་མེད་པར་བྱས་ན་ཉེས་ཆད་འདི་ནི་ཁོ་ལ་ཤིན་ཏུ་འཚམ་པར་སེམས་སོ། །

ཁ།

“བདག་གི་བརྩེ་བའི་ལྷ་ལགས། ཁྱེད་རང་ངེས་པར་ལྷ་ཡུལ་དུ་ལོག་དགོས་སམ། ཁྱེད་རང་ཕེབས་ཐེངས་འདི་ནས་བཟུང་འུ་གཉིས་ཀྱི་ལས་འཕྲོ་རྫོགས་ཨེ་འགྲོ་སྙམ་པའི་དངངས་སྐྲག་ཅིག་གིས་ངའི་ཕྱི་ནང་གསང་གསུམ་བཅིངས་འདུག”ཅེས་ཤམ་བྷ་ལའི་སྲས་མོས་དེ་སྐད་ཞུས་པ་ལ། Naཁྲི་སྲས་དགུ་པས“ཡིད་འོང་ལགས། སེམས་ཁྲལ་དང་སྐྱོ་སྐྱོ་མི་གནང་བར་མཁྱེན། ད་ཐེངས་ང་རང་ངེས་པར་ཕ་ཡུལ་དུ་ལོག་དགོས། ཡང་ན། ཁྱོད་ཚོས་བཤད་པའི་ལྷ་ཡུལ་དུ་ལོག་དགོས། ང་རང་གོ་ལ་འདིར་འདུག་ཡུན་རིང་ཙམ་བྱུང་བས་བདག་གི་ཕ་ཡུལ་གྱི་གནས་ཚུལ་གང་འདྲ་ཞིག་ཏུ་གྱུར་ཡོད་པ་དང་། རྒྱུ་སྐར་གཞན་གྱི་མིའམ་གཏུམ་འབྲུག་གི་ཚོགས་གང་རུང་གིས་བཙན་འཛུལ་དང་གནོད་འཚེ་བྱས་ཡོད་མེད་ལ་བདག་སེམས་ཁྲལ་ཤིན་ཏུ་ཆེ། བདག་གི་ཕ་ལགས་ཀྱང་དགུང་གྲངས་ཆིག་སྟོང་ཙམ་བཞེས་ཡོད་པས་སྐུ་ཞི་བར་གཤེགས་པར་རིང་པོ་མི་འགོར། དེའི་ཚེ་ན་བདག་གི་སྤུན་རྣམས་ཀྱིས་གོ་ལ་ཆེན་པོའི་མངའ་བདག་གི་གོ་འཕང་འཕྲོག་རྩོད་བགྱིས་ཏེ་ཡ་ང་བའི་ནང་དམེ་དང་གཡུལ་འཁྲུག་གི་མགོ་རྩོམ་པར་བྱེད་ངེས་པས་ང་རང་མ་སོང་ཐབས་མེད་ཆགས་འདུག”ཅེས་ཅུང་འུ་ཐུག་ཅིང་བློས་མི་ཐོངས་པའི་སྐྱོ་ཉམས་ཤིག་དང་བཅས་དེ་ལྟར་བཤད།

ཤམ་བྷ་ལའི་སྲས་མོས“བརྩེ་བའི་ལྷNaཁྲི་གཞོན་ནུ་ལགས། མདང་བདག་གི་རྨི་ལམ་དུ། བརྩེ་བའི་ལྷ་ཁྱེད་རང་གཅིག་པུ་སྨག་མུན་གྱིས་ཡོངས་སུ་གཡོགས་ཤིང་། རྦ་རླབས་དྲག་པོ་དགུང་དུ་འཕྱོ་བ། གྲང་རླུང་གི་རྒྱུ་བ་ཤིན་ཏུ་བཙན་པའི་རྒྱ་མཚོ་ཆེན་པོ་ཞིག་གི་ཁ་ན་འདུག་ལ། ཁྱེད་ཀྱིས་བདག་ལ་ཁྱེད་རང་ཐོག་མར་འཇིག་རྟེན་འདིར་སླེབས་དུས་ནང་བཞིན། བརྩེ་འཛུམ་ཡིད་དུ་འོང་བ་ཞིག་སྟོན་བཞིན་འདུག དེས་ང་རང་སྔོན་ཆད་ནང་བཞིན་ལུས་སེམས་ཀྱི་རྩ་ལམ་རེ་རེར་འཆི་མེད་བདུད་རྩི་རྒྱུ་བ་ཇི་བཞིན་དུ་བདེ་བ་བླ་ན་མེད་པ་ཞིག་གིས་ཡོངས་སུ་མྱོས་པར་བྱས། ཡིན་ནའང་། གློ་བུར་དུ་རྒྱ་མཚོ་ཆེན་པོ་དེ་ལས་མགོ་བོ་གསུམ་ཅན་གྱི་གཏུམ་འབྲུག་འཇིགས་སུ་རུང་བ་ཞིག་ཁ་རླངས་ཐུལ་ཐུལ་དུ་མཁའ་རུ་མཆོངས་ཏེ་ཁྱེད་ཁྱུར་མིད་དུ་བཏང་སོང་། དེའི་རྣམ་པ་དྲན་ན་ད་དུང་ཡང་ངའི་སྙིང་ལྟིག་ལྟིག་ཏུ་ལྡིང་བཞིན་འདུག”ཅེསNaཁྲི་སྲས་དགུ་པའི་ལག་པ་རང་གི་སྙིང་གར་བཞག་སྟེ་རང་གི་མགོ་བོ་ཁོའི་པང་དུ་བསྙེས།

ཤམ་བྷ་ལའི་སྲས་མོས“ང་ཚོ་འཇིག་རྟེན་འདིའི་སྟེང་གི་མི་རྣམས་ཀྱིས་རྨི་ལམ་ལ་དང་དོད་དང་བརྟག་པར་བྱ་བས་ན་ཁྱོད་ད་ཐེངས་ཕྱིར་ལོག་ན་ཉེན་ཁ་དང་རྐྱེན་ངན་པ་ཞིག་མི་འབྱུང་བའི་ངེས་པའང་གསལ་བོ་ཞིག་མི་གདའ་བས། གཟབ་གཟབ་གནང་རོགས། སྙིང་ཉེ་བའི་བརྩེ་བའི་ལྷ་ལགས”ཞེས་བཤད་ཀྱིན་མགོ་བོ་ཡར་བཀྱགས་ནསNaཁྲི་སྲས་དགུ་པའི་གདོང་ལ་གཟབ་ནན་གྱིས་ལྟ་བཞིན་མིག་ཟུང་ལ་མུ་ཏིག་ལྟར་འོད་འཚེར་འཚེར་གྱི་མཆི་མ་འཁྱིལ་བར་བྱེད། “ད་དུང་ཁྱོད་ཀྱིས་ལྷ་ཡུལ་གྱི་ནོར་བུ་རིན་པོ་ཆེNaཁྲི་རྟགས་མའི་འཕུར་གྲུ་གཅིག་པུའང་བརླགས་པས་ཁྱོད་ཀྱི་འཇིག་རྟེན་གྱི་མི་རྣམས་ཀྱང་ཁྱོད་ཀྱི་དགྲ་རུ་ལྡང་སྲིད། 

ང་ཡིས་ཁྱོད་རང་ངོ་མ་བློས་ཐོངས་པར་མི་འདུག བརྩེ་བའི་ལྷ་ལགས། ཁྱོད་རང་ཅིའི་ཕྱིར་འཇིག་རྟེན་གྱི་ཁམས་ཆེན་མོའི་རྒྱུ་སྐར་བྱེ་བ་ཕྲག་བརྒྱའི་ཀློང་ནས་གོ་ལ་འདིའི་སྟེང་ཡོང་དགོས་པ་ཡིན་ནམ། དེ་བས་ཀྱང་གོ་ལ་འདིའི་མོ་གཞོན་ཁྲི་ཕྲག་དུ་མ་ལས་ང་དང་འཕྲད་དགོས་པ་རེད། ལས་དབང་གིས་སྨན་ཆུང་བདག་ལ་ཀུ་རེ་རྩེད་ཀྱིན་པ་ཨེ་ཡིན་ནམ ”ཞེས་བཤད། Naཁྲི་སྲས་དགུ་པས“སྙིང་ཉེ་ལགས། འདི་ནི་ཁྱོད་ཚོའི་འཇིག་རྟེན་འདིར་བཤད་པའི་ལས་དབང་ཞེས་པའི་བྱེད་པོ་དེའི་བཀོད་སྒྲིག་གང་རུང་ཞིག་ཡིན་ཤོས་ཆེ། ང་རང་འཇིག་རྟེན་འདིར་ཡོང་ནས་ཐོག་མར་འཕྲད་པའི་མི་ནི་ཁྱོད་རང་ཡིན་ལ་འཇིག་རྟེན་འདི་དང་འབྲལ་ཁར་ཆེས་བློས་མི་ཐོངས་པའང་ཁྱོད་རང་རེད། ཁྱོད་ནི་གཟུགས་བྱད་དང་བྱ་སྤྱོད་གང་གི་ཆ་ནས་ཀྱང་ངའི་ཨ་མ་དང་ཀུན་ནས་མཚུངས་པ་ཞིག་ཏུ་འདུག ཁྱོད་རང་མཐོང་བས་ངས་རང་གི་བག་ཆགས་ཁྲོད་ཀྱི་ཨ་མ་དྲན་ཞིང་། མོའི་བརྩེ་བའི་ཉམས་འགྱུར་དང་དྭངས་པའི་མིག་ཟུང་དྲན་བྱུང་། ཡོད་ཚད་དེ་འདྲའི་གཅེས་པར་འོས་ཤིང་སྙིང་ཉེ་བ་ཞིག་རེད་ཨང་། ང་རངNaཁྲི་གོ་ལར་ཡོད་དུས་ཨ་མ་ལས་ལྷག་པའི་བརྩེ་བ་སྦྱིན་མཁན་དང་སྙིང་གཏམ་ཤོད་ས་གཞན་ཅི་ཡང་མ་མཆིས་སོ། ། ”

“ད་ཐེངས་ཀྱི་འགྲུལ་བཞུད་འདི་ཉེན་ཁ་ཤིན་ཏུ་ཆེ་བ་ཞིག་ཡིན་འང་། ང་རང་ངེས་པར་དུ་ཕྱིར་ལོག་དགོས། ངས་རང་ཡུལ་གྱི་དོན་དག་ཡོད་ཚད་ལ་རྩད་གཅོད་དང་སོ་ལྟ། ཐག་གཅོད་བཅས་བྱས་རྗེས་ཕྱིར་ཡོང་ཁོ་ཐག་ཡིན། དེའི་བར་དུ་ཁྱོད་ཀྱིས་བདག་ལ་རེ་སྒུག་བྱེད་པར་འཚལ། སྙིང་ཉེ་བའི་ལྷ་ལྕམ་ལགས། ང་རང་འདུག་སའི་རྒྱུ་སྐར་དང་སའི་གོ་ལའི་བར་ཐག་ཤིན་ཏུ་རིང་པས་ཁྱོད་ཀྱིས་རྒྱུ་སྐར་དེ་འོད་ཐིག་ཕྲན་བུ་ཙམ་གྱི་ཚུལ་དུ་མ་གཏོགས་མཐོང་ཐབས་མེད་ནའང་། དུས་རྒྱུན་དུ་ང་རང་སྡོད་པའི་སྐར་མ་ལ་རྒྱང་གཟིགས་གནང་རྒྱུ་མ་བརྗེད། དེ་ལྟར་བྱས་ན་ངས་ཁྱོད་ཀྱི་སྙིང་ཁོང་གི་སྐད་ཆ་ལ་གཟབ་ཉན་བྱེད་ཐུབ། ངས་ཀྱང་དེ་ལྟར་བྱ་ངེས་ཡིན། སྙིང་སྡུག་ལགས། ”Naཁྲི་སྲས་དགུ་པས་དེ་ལྟར་བཤད།

ལྷིང་འཇགས་ཀྱི་མཚན་མོ་འདིར། སྟོང་དབྱིངས་ཀྱི་རྒྱུ་སྐར་མང་པོ་ལ་གཅིག་ལས་གཅིག་ལྷག་གིས་བཀྲག་མདངས་ལམ་ལམ་འཚེར་གྱིན་ཤམ་བྷ་ལའི་སྲས་མོ་དངNa ཁྲི་སྲས་དགུ་པ་ལགས་ཀྱི་གཏམ་གླེང་ལ་རྣ་བ་བློག་བཞིན་འདུག

རྒྱལ་པོNaཁྲི་ལགས་ཀྱིས་བློནTགཞན་འཇོམས་དང་རྨི་ལམ་བདེ་གཤེགས་གཉིས་ཀྱི་ལྟ་ཚུལ་མི་མཐུན་པ་གཉིས་ལ་ཉན་རྗེས་རེ་ཞིག་ཐུགས་གཞིག་གི་ཀློང་དུ་ཚུད། དེའི་རྗེས་རྒྱལ་པོས་བློན་ཆེན་རྨི་ལམ་བདེ་གཤེགས་ལ“ཁོ་རང་རྒྱུ་སྐར་གཞན་དུ་སྤྱུགས་ཆོག་མོད་ད་ལྟ་རང་རེའི་གོ་ལ་འདིའི་རིན་པོ་ཆེNaཁྲི་རྟགས་མའི་འཇིག་རྟེན་འཕུར་གྲུ་གཅིག་པུའང་མེད་བརླག་ཏུ་བཏང་ཟིན་པས་ཁོ་རང་ཇི་ལྟར་གོ་ལ་གཞན་དུ་སྤྲོད་དམ། སྤྲོད་པའི་ཐབས་ཤེས་ཤིག་མེད་པ་འདྲ”ཞེས་བཤད་པ་ལ། བློན་ཆེན་གྱིས“མངའ་བདག་ཆེན་པོ་ལགས། ཕྲན་གྱིས་རང་རེའི་མེས་པོ་རྣམས་ཀྱིས་བརྩམས་པའི་གནམ་རིག་གི་བསྟན་བཅོས་ཆེན་པོ《Naཁྲི་གོ་ལ་ཁྱིམ་རྒྱུད་ཆེན་མོའི་རྒྱུ་སྐར་བརྒྱ་རྩ་བརྒྱད་ཀྱི་རྣམ་བཤད》ལ་བལྟས་པ་ན། རང་རེའི་གོ་ལ་འདི་མི་འགྱངས་པར་ཆུའི་དཀྱིལ་འཁོར་གྱིས་ཡོངས་སུ་ཁྱབ་པའི་གོ་ལ་ཆེན་པོ་སྟེ། དེར་གནས་པའི་མིའི་རིགས་ཀྱིས་སའི་གོ་ལར་འབོད་པའི་རྒྱུ་སྐར་དང་བར་ཐག་ཇེ་ཉེར་གྱུར་ཏེ་དཔག་ཚད་གཅིག་ཙམ་གྱི་རྒྱུ་ལམ་དུ་འཁོར་བསྐྱོད་བྱ་རྒྱུ་ཡིན་པ་དང་། འདི་ནི་ཡུལ་དུས་གང་གི་ཆ་ནས་བལྟས་ཀྱང་རང་རེའི་གོ་ལ་དང་སའི་གོ་ལའི་བར་ཐག་ཆེས་ཉེ་བའི་གླགས་ཡིན་པར་མ་ཟད། དུས་ཡུན་ཆུ་ཚོད་གསུམ་ཙམ་ལ་ཆེས་ཉེ་བའི་བར་ཐག་འདི་རྒྱུན་མཐུད་བྱ་ངེས་ཡིན་པར་འདུག”

“འདི་ནི་ལོ་ངོ300རེའི་ནང་ཐེངས་གཅིག་རེར་མ་གཏོགས་འབྱུང་མི་སྲིད་པའི་གོ་ལའི་འཁོར་བསྐྱོད་ཐེངས་ཤིག་ཡིན་པས་བར་གླགས་འདི་དམ་འཛིན་བྱས་ཏེ་སྲས་དགུ་པ་ཁོ་རང་ཁོས་སའི་གོ་ལའི་སྟེང་ནས་ཞོན་ཡོང་བའི་སེང་གེ་རྐང་བ་བརྒྱད་པ་ཞེས་པའི་གཅན་གཟན་དེར་བསྐྱོན་ནས་བགྲོད་དུ་བཅུག་ན། གཅིག་ནས་བར་ཐག་རིང་པོ་མིན་པ་དང་། གཉིས་ནས་སའི་གོ་ལའི་ཉེ་འཁོར་དུ་ཀུན་ལྡན་འཐེན་ཤུགས་ཀྱིས་ཡོངས་སུ་ཁྱབ་ཡོད་པས་སྟོང་དབྱིངས་སུ་ཕྱོགས་ངེས་མེད་དུ་འཕྱོ་མི་ནུས་པར་ཐད་ཀར་གོ་ལའི་འཐེན་ཤུགས་ཀྱི་ནུས་པ་ཐོན་ཐུབ་པར་བསམ། གསུམ་ནས་ད་དུང་སེང་གེ་རྐང་བ་བརྒྱད་པ་ཞེས་པའི་སྲོག་ཆགས་འདི་ལ་རྨས་སྐྱོན་ཆེན་པོ་ཞིག་བྱུང་འདུག་ནའང་ད་དུང་འཕུར་ལྡིང་མཆོངས་གསུམ་གྱི་ནུས་པ་ཉམས་མེད་པར་མ་ཟད། རང་ཡུལ་དུ་ཕྱོགས་པའི་འདུན་པ་ཆེན་པོ་ཞིག་གིས་བརྟས་ཡོད་པར་བརྟེན། གོ་ལ་དེར་ཐོན་ཐུབ་པ་ཕལ་ཆེར་ཁག་ཐེག་བྱེད་ཐུབ”ཅེས་གདེང་ཚོད་ཡོད་པའི་སྒོ་ནས་བཤད།

རྒྱལ་པོས་བློན་ཆེན་རྨི་ལམ་བདེ་གཤེགས་ཀྱི་གཏམ་ལ་ཉན་རྗེས་བདེན་པའི་མགོ་ལྕོག་ལྡེམ་ཙམ་བྱས་ནས“བློན་ཆེན་ཁྱོད་དངོས་གནས་ཞིབ་ཚགས་པོ་དང་མཁྱེན་དཔྱོད་ཡངས་པོ་རེད”ཅེས་བཤད་རྗེས་བློན་པོའི་ཚོགས་ལ“བློན་ཆེན་རྣམ་གཉིས་ཀྱི་བསམ་ཚུལ་རིགས་མི་མཐུན་པ་གཉིས་ལ་བློན་ཚོགས་ཀྱིས་དྲང་གཞག་དང་གཟུར་གནས་ཀྱིས་འདེམ་ཤོག་འཕངས་ཏེ་ཆེས་མཇུག་མཐའི་ཐག་གཅད་པར་བྱའོ། །”ཞེས་བཤད་ཅིང་བློན་ཚོགས་ཀྱིས་རང་རང་གི་ལག་ནསNaཁྲི་རྟགས་ཅན་གྱི་ཤེལ་ལེབ་ལྟ་བུའི་འཕྲུལ་ཆས་ལས་རང་རང་གི་འདེམ་ཤོག་འཕེན་པར་བྱས། མཇུག་མཐར། མདུན་འདུག་བཀའ་སྒྲོག་བློན་པོས“བློན་ཆེན་རྨི་ལམ་བདེ་གཤེགས་ཀྱི་ལྟ་ཚུལ་ལ་འཐད་མཁན་ཞེ་ལྔ་དང་ངོ་རྒོལ་བྱེད་མཁན་བརྒྱད། བློན་ཆེནTགཞན་འཇོམས་ཀྱི་ལྟ་ཚུལ་ལ་འཐད་མཁན་ཉེར་བཞི་དང་ངོ་རྒོལ་བྱེད་མཁན་བཅོ་ལྔ་བཅས་འདུག་པས། ད་ཆ་འོས་འདེམ་གྱི་མཇུག་འབྲས་ལྟར། ཉེས་ཅནNaཁྲི་རྒྱལ་སྲས་དགུ་པ་བློན་ཆེན་རྨི་ལམ་བདེ་གཤེགས་ཀྱི་བཀོད་པ་ལྟརNaཁྲི་གོ་ལ་ཁྱིམ་རྒྱུད་ཆེན་མོའི་རྒྱུ་སྐར་སའི་གོ་ལའི་སྟེང་རྒྱང་འཕུད་དུ་གཏང་རྒྱུ་ཐག་གཅོད་བྱས་པ་ཡིན། ཉེས་ཅན་ལ་ཁྲིམས་ཆད་ལག་བསྟར་བྱེད་མཁན་ནི་བློན་ཆེན་རྨི་ལམ་བདེ་གཤེགས་དང་བློན་ཆེནTགཞན་འཇོམས་རྣམ་གཉིས་ཡིན། དུས་ཚོད་དང་ས་གནས་ནི་གཤམ་ལྟར།

དུས་ཚོད། Naཁྲི་གོ་ལ་ཆེན་མོའི་ད་ལོའི་ཟླ15པའི་ཚེས8ཉིན། ས་གནས། འཇིག་རྟེན་མཐོངས་ཡངས་མཐོ་ལྕོག་ཆེན་མོའི་རྩེ་མོ།

རེ་ཞིག་ཕོ་བྲང་སྟོང་དབྱིངས་སྒྱུ་འཕྲུལ་གྱི་ཚལ་དུ་བསྡུས་པའི་ཚོགས་ཆེན་ཐེངས་བརྒྱ་དང་གོ་དགུ་པ་ད་ལྟ་ཡོངས་སུ་མཇུག་རྫོགས་སོ། ། ”ཞེས་བསྒྲགས་སོ། །

ང་།

“སྙིང་ཉེ་བའི་ལྷ་ལགས། ཁྱོད་རང་ཕྱིར་ལོག་ན་ཆོག་མོད། ཁྱོད་ཀྱི་འཇིག་རྟེན་འཕུར་གྲུ་ཡོངས་སུ་བརླགས་པས་ད་ནི་ཇི་ལྟར་བྱའམ།”ཤམ་བྷ་ལའི་སྲས་མོས་དེ་ལྟར་བཤད། Naཁྲི་རྒྱལ་སྲས་དགུ་པས་ཡུད་ཙམ་ལ་འདང་བརྒྱབ་རྗེས། ང་རང་ཐོག་མར་འཇིག་རྟེན་འཕུར་གྲུར་བསྡད་དེ་གངས་རིའི་མུ་ཁྱུད་ཀྱིས་ཡོངས་སུ་བསྐོར་བའི་ཁྱེད་ཚོའི་གནས་འདིར་ཡོང་སྐབས། མཁའ་དབྱིངས་ནས་སྡེར་ཆགས་གཅན་གཟན་གྱི་ལུས་ལ་གདོང་ཁྱུང་ཆེན་མཁའ་ལྡིང་དབང་བོའི་གདོང་ཡིན་པ། ཁྱུང་གི་སྡེར་མོ་དང་གཤོག་པ་ཆེན་པོ་ཆ་གཅིག་ཡོད་པའི་སྲོག་ཆགས་ནམ་འཕང་གཅོད་མཁན་ཞིག་གིས་ང་ལ་རྒོལ་བྱུང་། དེའི་མཐུ་ནུས་ལ་དཔག་ན་ཕལ་ཆེར་ང་ཚོའི་གོ་ལ་དང་ཉེ་བར་བཅར་ཐུབ་པ་འདྲ། ངས་སྲོག་ཆགས་དེ་གཡུང་ལ་ཕབ་སྟེ་དེར་བརྟེན་ནས་འཕུར་རྩིས་ཡོད། གདེང་ཚོད་དང་ཁག་ཐེག་ཆེན་པོ་མེད་མོད་འདི་ལས་ལྷག་པའི་ཐབས་ཤེས་ཡག་པོ་ཞིག་མ་བྱུང་། ད་ནི་ཡོད་ཚད་ཁྱོད་ཚོས་བཤད་པའི་ལས་དབང་ལ་སྐྱབས་བཅོལ་རྒྱུ་ལས་བྱེད་ཐབས་མེད་པ་འདྲ”ཞེས་བཤད། ཤམ་བྷ་ལའི་སྲས་མོས“ཁྱེད་ཀྱིས་བཤད་པའི་སྲོག་ཆགས་དེ་ངེད་ཤམ་བྷ་ལའི་ཞིང་གི་ལྷ་ཟོག་ཡིན། ལྷག་པར་ངེད་ཅག་བྱང་ཤམ་བྷ་ལའི་འཁོར་བསྒྱུར་གྱི་རྒྱལ་པོ་ཆེན་པོ་རིགས་ལྡན་དྲག་པོ་སྟེ། ངའི་ཡབ་ཆེན་ལགས་ཀྱི་གཅེས་ཟོག་ཡིན། ནུས་མཐུ་སྲོག་ཆགས་གཞན་ལས་ལྡབ་འགྱུར་གྱིས་ཆེ་ཞིང་། མིང་ལ་སེང་གེ་རྐང་བ་བརྒྱད་པ་ཟེར། ངའི་ཡབ་ཆེན་དང་ཁྱོད་གཉིས་ལ་དེ་སྔོན་འགལ་བ་གདོང་ཐུག་བྱུང་བས་ད་ཐེངས་ཁོས་རང་ཉིད་ཀྱི་གཅེས་ཟོག་དེ་ཁྱོད་ལ་གཡར་མིན་ཆ་མི་འཚལ”ཞེས་བཤད། Naཁྲི་སྲས་དགུ་པས“སྐྱོན་མེད། དེར་ང་ལ་ཐབས་བཀོད་ཡོད”ཅེས་བཤད།

མེ་ལྕེ་ལམ་ལམ་འབར་བའི་མཐའ་ནNaཁྲི་རྒྱལ་སྲས་དང་ཤམ་བྷ་ལའི་སྲས་མོ་གཉིས་ཀྱིས་ཕན་ཚུན་ལ་བསྙེས་ཏེ་ལབ་གླེང་བྱེད་ཀྱིན་འདུག ཞོར་དུ་བདུད་རྩིའང་བཞེས་བཞིན་འདུག་པས་ཁོ་གཉིས་རིམ་བཞིན་མྱོས་པར་གྱུར་ཏེ་མཆུ་སྦྱོར་དང་འཐམ་འཁྱུད་ནས་མགོ་བརྩམས་ཏེ་འདོད་པའི་དཔལ་ལ་རོལ་ཅིང་མཐར་རྨི་ལམ་གྱི་ཞིང་གཞན་དུ་གཤེགས་པར་གྱུར།

ཞོགས་པའི་བྱེའུ་སྐད་ཀྱུར་ཀྱུར་སྒྲོག་པ་དེས་ཤམ་བྷ་ལའི་སྲས་མོ་གཉིད་ལས་བསླངས། མོས་མིག་ཟུང་ཕྱེ་ནས་མགོ་བོ་དགྱེ་དུས་རང་གཅིག་པུ་རབ་དཀར་གྱི་གོས་ཆེན་ཁུད་དུ་གཅེར་རྗེན་དུ་འདུག་པ་ཚོར། Naཁྲི་རྒྱལ་སྲས་ལགས་ཀྱི་གྲིབ་གཟུགས་ཙམ་ཡང་མཐོང་རྒྱུ་མི་འདུག་ལ། མོའི་སྔས་འགྲམ་དུ་སྟེང་ལ་སྐར་ཚོགས་བརྐོས་པའི་ཟངས་ཀྱི་སྲུང་འཁོར་ལྟ་བུ་ཞིག་འདོགས་ཐག་དང་བཅས་ཏེ་བསྐྱུར་འདུག མོསNaཁྲི་སྲས་དགུ་པ་ལགས་ཕལ་ཆེར་འཇིག་རྟེན་འདི་དང་ཁ་བྲལ་ཟིན་པ་རྟོགས་ལ། སེམས་སུ་སྨྲ་མི་ཤེས་པའི་སྐྱོ་བ་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས་ཡོང་། མོས་སྲུང་འཁོར་དེ་སྐེ་རུ་གོན་རྗེས་དེ་ལ་བྱིལ་བྱིལ་ཞིག་བྱས་ཏེ་སྙིང་གར་སྦྱར་ཞིང་སྔར་སོང་གི་འདས་དོན་ཞིག་ངང་གིས་དྲན། ཁ་བ་བུ་ཡུག་འཚུབ་པའི་ཉིན་མོ་དེ། སྐར་མདའ་ཐང་ལ་ལྷུང་བའི་ཉིན་མོ་དེ། ལྷ་སྲས་མི་ཡུལ་འགྲིམ་པའི་ཉིན་མོ་དེ་ཡིན། Naཁྲི་ལྷ་སྲས་ལགས་ཀྱི་བརྩེ་བའི་འཛུམ་ཆུང་། དཔའ་བོའི་ཕོ་ཉམས། ཡོད་ཚད་མོའི་ལང་ཚོའི་ང་རྒྱལ་གཅོག་པའི་གཤེད་དུ་བབས་པ་འདྲ། ཡོད་ཚད་མོའི་རྣམ་ཤེས་ཀྱི་སྦྲང་མ་འགུགས་པའི་པད་མའི་ཚུལ་དུ་བཞད། འདི་ནི་ཁོ་གཉིས་ཀྱི་ཐོག་མའི་ཐུག་འཕྲད་རེད། འཇིག་རྟེན་དང་འཇིག་རྟེན་བརྒལ་བའི་བརྩེ་གདུང་གི་དབུ་ཁྱུད་ཀྱང་རེད།

Naཁྲི་སྲས་དགུ་པ་ལགས་ཀྱིས་སེང་གེ་རྐང་བ་བརྒྱད་པ་བྱང་ཤམ་བྷ་ལའི་རིགས་ལྡན་རྒྱལ་པོའི་ས་ནས་གཡར་ཅིང་། ཁོ་རང་དེར་བཅིབས་ནསNaཁྲི་གོ་ལའི་སྟེང་འཕུར་སོང་། སྤྲིན་པའི་བང་རིམ་བཅོ་བརྒྱད་བརྒལ་ཏེ་སྟོང་དབྱིངས་སུ་འཕུར་སོང་།

ཡིད་ཕངས་པ་ཞིག་ལ། Naཁྲི་སྲས་དགུ་པ་ལགས་ཁོ་ཚོའི་གོ་ལར་སླེབས་མ་ཐག ལྐོག་ཇུས་སུ་ཚུད་དེ་དམག་མི་མང་པོས་འཕེན་ཐེངས་གཅིག་ལ་མདེའུ500ཟམ་མ་ཆད་པར་རྒྱག་ཆོག་པའིིNaཁྲི་རྟགས་ཅན་གྱི་མེ་མདའ་དང་མེ་སྒྱོགས་འཕངས་ཏེ་རྩ་མེད་དུ་གཏོོོང་ཅི་ཐུབ་བྱ་རྩིས་བྱས་ཤིང་། ཕྱི་ཡོང་དགྲ་བོ་ཞིག་ཐོན་པ་དང་གཉིས་སུ་མེད་པར་གཡུལ་ཆེན་བཤམས་ནས་སེང་གེ་རྐང་བ་བརྒྱད་པར་རྨས་སྐྱོན་ཆེན་པོ་ཕོག་པ་དང་། Naཁྲི་སྲས་དགུ་པ་ལགས་རེ་ཞིག་དུག་མཚོ་མུན་པའི་གླིང་ཕྲན་དུ་བཙོན་ལ་བཅུག

ཅ།

སྒྲུང་འདིའི་བརྗོད་བྱར་གྱུར་པའི་མི་སྣ་གཙོ་བོNaཁྲི་རྒྱལ་སྲས་དགུ་པ་ལགས་ལ་ལྷན་སྐྱེས་ནས་ནུས་མཐུ་ཁྱད་པར་བ་ཞིག་ལྡན་དོན་དང་། ཁོ་དང་སའི་གོ་ལའི་བར་དུ་གཏམ་རྒྱུད་འདི་འདྲ་ཞིག་འབྱུང་དགོས་དོན་གང་ཡིན་ནམ་སྙམ་ན། Naཁྲི་རྒྱལ་སྲས་དགུ་པ་ནི་སྤྱི་ལོ4500ལོར་སྐྱེས་ཤིང་། ཁོ་རང་སྐྱེས་པའི་ཟླ་ཚེས་ནི་ཏག་ཏག་རྒྱུ་སྐརNaཁྲི་སའི་གོ་ལ་དང་བར་ཐག་ཆེས་ཉེ་བའི་འཁོར་ལམ་དུ་རྒྱུ་བཞིན་པའི་ཉིན་ཡིན། སྐབས་དེར་སྟོང་དབྱིངས་ཀྱི་སྐར་ཕྲན་གཉིས་གདོང་ཐུག་དྲག་པོ་བྱུང་ནས་མཁའ་རུ་མེ་ཡི་ཆར་བ་དང་མེ་ཏོག་གིས་ཁྱབ་པར་གྱུར། དེ་ལས་ཀྱང་མཛེས་ཤིང་ཡིད་དུ་འོང་བ་ནི་གང་ནས་ཡོང་བ་ཆ་མི་འཚལ་བའི་སྐར་མདའ་ཡི་གར་འོང་བ་ཞིག་གིས་དྲང་མོ་མིན་པར་ཀྱག་ཀྱོག་གི་འགྲོས་ཀྱིས་རྒྱུ་སྐར་མང་དག་ཅིག་ལ་སྐོར་བ་ཡང་ཡང་བརྒྱབས་ཤིང་། སྟོང་དབྱིངས་སུ་གཡུ་རལ་ལྡན་པའི་སེང་གེ་ཞིག་བྲིས་རྗེས་སའི་གོ་ལའི་སྟེང་དུ་ལྷུང་སོང་། མཁའ་དབྱིངས་ཀྱི་སྣང་ཚུལ་འདི་ལ་རྒྱུ་སྐར་མང་པོའི་སྟེང་གི་མི་དང་མི་མ་ཡིན་པ་རྣམས་ཀྱིས་དོ་སྣང་དང་བརྟག་དཔྱད་ཞིབ་འཇུག་ཇི་ལྟར་བྱས་ཀྱང་། ངོ་མཚར་བའི་གསང་བ་འདིའི་ངོ་གདོང་གི་སེང་རས་སུས་ཀྱང་འབྱེད་མ་ཐུབ་པར་རེ་ཞིག་ལྷིང་འཇགས་ངང་ལོ་རྒྱུས་ཀྱི་བརྗེད་བྱང་དུ་གྱུར། རྒྱུ་སྐར་དེ་སའི་གོ་ལའི་སྟེང་ལྷུང་བ་ནི་ཧ་ཅང་ཁུ་སིམ་དང་གོ་རིམ་ལྡན་པ་ཞིག་རེད་ཨང་། དེ་ཡིས་སའི་གོ་ལར་གྲག་འགུལ་ཆེན་པོ་ཅི་ཡང་ཐེབས་སུ་མ་བཅུག་པར་མ་ཟད། དེ་ནི་མ་གཞི་ནས་སའི་གོ་ལའི་རང་སྟེང་གི་གྲུབ་ཆ་གང་རུང་ཞིག་ཕྱིར་ལོག་པ་དང་གཉིས་སུ་མེད་པར་དེ་འདྲའི་རང་བྱུང་དང་འོས་འཚམ་ཞིག་རེད་ཨང་།

Naཁྲི་རྒྱལ་པོ་ལགས་དགུང་གྲངས་ཤིན་ཏུ་མཐོ། སྤྱིར་བཏང་ཡིན་ན་ལོ་ཚོད་འདི་ཙམ་ནས་བཟུང་རང་གི་སྲས་རྒྱལ་སར་འཁོད་དེ་རང་ཉིད་རི་ཁྲོད་བདེ་ཆེན་འབྱུང་གནས་ཞེས་པར་སྒོམ་སྒྲུབ་བྱེད་དུ་འགྲོ་དགོས་པ་ཡིན་མོད། Naཁྲི་རྒྱལ་པོ་འདི་སྐུ་ཕྲེང་གོང་མ་གཞན་དག་དང་མི་འདྲ་བར་སྲས་གཅིག་གིས་མི་ཚད་པར་སྲས་དགུ་འཁྲུངས་པས་རྒྱལ་པོའི་གོ་སར་སུ་བསྐོ་ལ་ཐེ་ཚོམ་ནེམ་ནུར་བྱེད་དགོས་པའི་གནས་སྟངས་བྱུང་། ལྷག་པར་དུ་སྲས་དགུ་པ་མ་གཏོགས་གཞན་རྣམས་ཉིན་གཅིག་ལ་མ་ཡུམ་གཅིག་ལས་སྐྱེས་པས་ཆེ་ཆུང་གི་དབྱེ་བ་ཇི་ལྟར་དགར་དགོས་མིན་ལ་རྒྱལ་བློན་བཙུན་མོའི་འཁོར་དང་བཅས་པ་བློ་རྨོངས་ནས་ཡོད། སྲས་དགུ་པ་ལགས་ནི་ལོ་དགུའི་རྗེས་སུ་སྐྱེས་པ་ཡིན་ལ། གོ་ལ་འདིའི་སྟེང་ཁྱིམ་གཅིག་ལ་བུ་དགུ་སྐྱེས་ན་བཀྲ་མི་ཤིས་པ་ཞིག་ཏུ་བརྩི་བས། སྲས་དགུ་པ་ལགས་ལ་ཆུང་དུས་ནས་བཟུང་ཡབ་ཆེན་དང་སྤུན་དག་གིས་བརྩེ་གཟིགས་དང་ཐུགས་ཁུར་མི་བྱེད་པར་སྣང་མེད་བྱེད། དམངས་རྣམས་ཀྱིས་ཀྱང་ཁོ་ནི་མ་འོངས་པའི་རྒྱལ་པོའི་ཁྲི་འཕང་དུ་འདུག་མི་ཐུབ་ཅིང་འདུག་ཀྱང་མི་འོས་སྙམ་ནས་མཐོང་ཆུང་གི་མིག་མདངས་ཀྱིས་བལྟ་བར་བྱེད། ཁོ་རང་ཕུ་བོ་དག་དང་ལྷན་དུ་རྩེད་མོར་རོལ་རྒྱུ་དཀོན་ཞིང་རོལ་བའང་ཉུང་། སྲས་དགུ་པས་ལས་དོན་དགའ་འོས་པ་དང་ལེགས་གྲས་གང་ཞིག་བསྒྲུབས་ཀྱང་ཡབ་ཆེན་གྱི་བསྔགས་བརྗོད་མི་ཐོབ།

ཆ།

མཚན་མོ་དེ་ནས་བཟུང་། Naཁྲི་སྲས་དགུ་པ་ལགས་ཀྱིས་ནམ་རྒྱུན་མཚན་མོར་རྒྱང་ཐག་རིང་བའི་སྐར་མ་སྔོན་པོ་དེར་བལྟ་བར་བྱེད་ཅིང་། དེར་མ་བལྟས་ན་བསྒྲུབ་དགོས་པ་གང་ཞིག་མ་བསྒྲུབས་པ་དང་བཟའ་དགོས་གང་ཞིག་མ་ཟོས་པ་དང་ཁྱད་ཅི་ཡང་མེད་པར་གློ་སྙིང་མི་བདེ་བར་བྱེད། རྒྱང་རིང་གི་གོ་ལ་དེས་ཁོ་ལ་མུ་མཐུད་དུ་འཚོ་བ་སྐྱེལ་བའི་གསོན་ཤུགས་དང་རེ་སྒུག་གི་འདུན་པ་དྲག་པོ་ཞིག་བསྩལ། ཁོས་གནམ་རིག་གི་བསྟན་བཅོས་མང་དུ་བཀླགས་ཤིང་བློན་ཆེན་རྨི་ལམ་བདེ་གཤེགས་ལ་དྲི་བ་བྱས་ཏེ་རྒྱང་ཐག་རིང་བའི་གོ་ལ་དེའི་མིང་ལ་སའི་གོ་ལའམ་ཆུའི་གོ་ལ་ཟེར་བ་ཤེས། བརྩེ་ལྡན་གྱི་ཨ་མ་ལགས་འདས་རྗེས་ཁོ་ལ་གོ་ལ་འདིའི་སྟེང་སྙིང་ཉེ་ཉེ་བྱེད་མཁན་དང་ཤ་ཚ་ཚ་བྱེད་མཁན་མི་འདུག ཐ་ན་གོ་ལ་འདིའི་བདེ་འཇགས་དང་སྲུང་སྐྱོབ་ཀྱི་ཆེད་དུ་རང་གི་ཚེ་སྲོག་འདོར་བར་སོམ་ཉི་མ་བྱས་ན་ཡང་། ཁོ་དང་ཉེ་བར་བཅར་མཁན་དང་སེམས་གཏམ་འཆད་མཁན་མི་འདུག

དེ་བས། ཁོ་རང་རྒྱུ་སྐར་འདིའི་སྟེང་དུས་ཚོད་སྐར་ཆ་གང་ལའང་འདུག་འདོད་མེད། གོ་ལ་འདིར་བརྩེ་དུངས་མི་འདུག གོ་ལ་འདིར་ཁོ་རང་འཚོ་དགོས་པ་དང་གནས་དགོས་པའི་རྒྱུ་མཚན་ཅི་ཡང་མི་འདུག་སྙམ། གོ་ལ་འདིར་མཚོན་ན་ཁོ་ནི་མི་ལྷག་མ་ཞིག་རེད་སྙམ། ལྷག་པར་དུ་ཁོ་རངNaཁྲི་གོ་ལ་ཆེན་མོའི་རྒྱལ་པོའི་གདན་ཐོབ་ཀྱི་ཆེད་དུ་ཕན་ཚུན་དགྲ་རུ་འཛིན་ཞིང་གཤེད་དུ་ལངས་པའི་རང་གི་སྤུན་བརྒྱད་པོ་ལ་ཤིན་ཏུ་སུན་སྣང་དང་ཡི་ཆད་སྐྱེས། མུ་གེའི་སྟེང་ལ་ཟླ་ལྷག་ཅེས་པ་ལྟར་ནང་དམེ་མཚམས་མ་ཆད་པར་ཡོད་པའི་སྐབས་སུ་གོ་ལ་གཞན་གྱི་གྱད་མི་དང་གཏུམ་འབྲུག་མགོ་དགུའི་འཇིགས་པ་ལྷགས་ཏེ་ཉེན་ཁའི་གནས་སུ་ལྷུང་ནའང་། སྤུན་ཟླ་ཚོས་རྡོག་རྩ་གཅིག་སྒྲིལ་མི་བྱེད་པར་ཁེ་ཕན་ཁོ་ན་བརྩོན་ལེན་ལ་འབད་དེ་བྱས་ཉེས་བསགས་ནས་ཕམ་པར་གྱུར་ཅིང་། སྤུན་གསུམ་གཡུལ་འགྱེད་ཁྲོད་དུ་ཤི། ཐ་མར་སྲས་དགུ་པ་ཁོ་ནས་གཞན་དང་མི་འདྲ་བའི་ལྷན་སྐྱེས་ཀྱི་ནུས་མཐུ་བཀོལ་ཏེ་རང་གི་ཚེ་སྲོག་ལའང་མ་འཛེམ་པར་དགྲ་དམག་དག་གཡུལ་ལས་བཟློག་ཐུབ་པར་གྱུར།

ཡིན་ནའང་། རྒྱལ་པོའི་གོ་གནས་ཁོ་ནར་དམིགས་པའི་སྤུན་དག་གིས་སྲས་དགུ་པ་ལ་རྣམ་འགྱུར་ཇེ་ལེགས་སུ་མ་སོང་བར་མ་ཟད། གོ་ལའི་འཕུང་འདྲེ་དང་རིགས་ངན་ཁེར་ཆད་ཅེས་ཟུར་ཟ་དང་སུན་འབྱིན་བྱས།

Naཁྲི་གོ་ལའི་སྤྱི་ལོ4789ལོར། Naཁྲི་སྲས་དགུ་པ་ལགས་ཀྱིས་རེ་སྨོན་དང་དགའ་མགུའི་ངང་གསང་བའི་སྒོ་ནས་འཇིག་རྟེན་འཕུར་གྲུ་ལ་བཅིབས་ཏེ་རྒྱང་ཐག་རིང་བའི་སའི་གོ་ལར་རྒྱང་བསྐྱོད་བྱས། ཚེ་ལས་འདས་ཟིན་པའི་ཁོའི་ཡུམ་ཆེན་གྱི་བརྩེ་བའི་སྤྱན་ཟུང་དང་འདྲ་བའི་གོ་ལ་དེར་འཕུར་མགོ་བརྩམས། དེ་ནི་ཁོ་རང་སླར་ཡང་བྱམས་བརྩེ་ལྡན་པའི་ཡུམ་ཆེན་གྱི་པང་དུ་རྔམ་ལོག་པར་སྔམས་པ་དང་ཀུན་ནས་མཚུངས། རྒྱང་ཐག་རིང་བའི་སའི་གོ་ལ་ནི་ཡུམ་ཆེན་གྱི་སྤྱན་ཟུང་སྔོན་པོ་ལྟར་ཁོ་ལ་རྒྱང་རིང་རྒྱང་རིང་ནས་འབོད་པའི་གཡབ་མོ་གཏོང་བ་དང་གཉིས་སུ་མེད། འཇིག་རྟེན་དེར་སླེབས་རྗེས་ཁོ་པ་རང་གི་མ་ཡུམ་དང་འདྲ་བའི་ཤམ་བྷ་ལའི་སྲས་མོ་དང་འཕྲད། དེ་ནི་གངས་ཀྱི་མུ་ཁྱུད་ཀྱིས་ཡོངས་སུ་བསྐོར་བའི་དག་ཞིང་ཞིག་ཏུ་ཁ་བ་བུ་ཡུག་འཚུབ་ཀྱིན་པའི་ཉིན་མོ་ཞིག་ཡིན།

ཇ།

ཟླ15པའི་ཚེས8ཉིན། འཇིག་རྟེན་མཐོངས་ཡངས་མཐོ་ལྕོག་ཆེན་མོའི་རྩེ་མོ་རུ། Naཁྲི་སྲས་དགུ་པ་གོ་ལ་འདི་ནས་རྒྱང་ཕུད་དུ་གཏོང་བའི་གྲབས་ཤོམ་གྱིིན་འདུག དེ་ལ་ཐོག་མར་སྲསNaཁྲི་དགུ་པའི་ཆོ་འཕྲུལ་གྱི་ནུས་པ་ཐམས་ཅད་རྩ་མེད་དུ་གཏང་དགོས་པ་དང་། གོ་ལ་གཞན་དང་བརྡ་སྤྲོད་ཐུབ་པའི་སྐད་རིགས་ཀྱི་ནུས་པ་ཡོད་དོ་ཅོག ཐ་ན་སྔོན་གྱི་དྲན་པ་ཡོད་ཚད་ཀྱང་ནག་གསུབ་གཏང་དགོས་འདུག བསྐལ་བའི་མེ་ཐབ་ཅེས་པར་དུས་ཚོད་གསུམ་ཙམ་ལ་བཙོ་སྦྱོང་བྱས་ན་ད་གཟོད་ལས་དེ་དག་འགྲུབ་པར་འགྱུར་བས། ཉིན་དེར་བློན་ཆེན་རྨི་ལམ་བདེ་གཤེགས་སོགས་ཀྱིས་བྱ་རིམ་དག་ལ་གོ་འཛོལ་ཅི་ཡང་ཐེབས་སུ་མ་བཅུག་པར་ཡོངས་སུ་གཟབ་ནན་གྱིས་བསྒྲུབས་སོ། །

Naཁྲི་སྲས་དགུ་པ་ལགས་བསྐལ་བའི་མེ་ཐབ་ཏུ་བཙོ་སྦྱོང་བྱས་ཏེ་འདས་དོན་དང་དྲན་པ་ཡོད་ཚད་རྨེག་མེད་དུ་འགྲོ་ལ་ཉེ་དུས། ལུས་ཀྱི་ཕྱི་ནང་གསང་གསུམ་དུ་ཁྲོ་ཆུ་བླུགས་པ་ལྟ་བུའི་བཟོད་གླགས་མེད་པའི་ཟུག་གཟེར་ཞིག་སྐྱེས་ཤིང་། བརྩེ་བའི་ཡུམ་ཆེན་དང་ཤམ་བྷ་ལའི་སྲས་མོ་གཉིས་ཀྱི་བརྩེ་འཛུམ་གྱི་ཞལ་རས་དང་སྙན་འཇེབས་ཀྱི་སྐད་གདངས་དག་རེས་མོས་ཀྱིས་མིག་ལ་ཤར་ཞིང་རྣ་བས་ཐོས་པར་གྱུར་པ་ནས་རིམ་བཞིན་མག་མོག་རབ་རིབ་ཏུ་སོང་སྟེ་བརྒྱལ་བར་གྱུར་ཏོ། ། དེ་ནི་ཁོ་རང་གཏིང་མཐའ་དཔོག་པར་དཀའ་བའི་མུན་པའི་རྒྱ་མཚོ་ཞིག་ཏུ་མུ་ཏིག་རྡོག་གཅིག་ནང་བཞིན་མར་ལྷུང་བ་དང་ཁྱད་པར་ཅི་ཡང་མེད།

རྨི་ལམ་ལྟ་བུའི་མུན་པའི་གཏིང་རིམ་ནས་ག་ལེར་སད་རྗེས། Naཁྲི་སྲས་དགུ་པ་སེང་གེ་རྐང་བ་བརྒྱད་པར་བཞོན་ཏེ་སའི་གོ་ལའི་ཆེས་མཐོ་བའི་གངས་ཀྱི་རྒྱལ་མོའི་ཉེ་སར་འབྱོར་ལ་ཉེ། ས་ཐོག་ཏུ་བབས་མ་ཐག་སེང་གེ་རྐང་བ་བརྒྱད་པས་ས་གསུམ་འདར་བའི་གད་རྒྱངས་ཤིག་བསྒྲགས་ཏེ་མཐོན་མཐིང་གངས་ཀྱི་རྒྱལ་མོའི་ཕྱོགས་སུ་གཤོག་རླབས་སྒྱུར་བཞིན་འཕུར་སོང་། སྲས་དགུ་པ་ཧ་ཅང་ཁེར་རྐྱང་དང་ཉམ་ཆུང་ངང་ཁ་ཕྱོགས་དང་གཏད་སོ་ཅི་ཡང་མེད་པར་གྱུར་པས་གང་ཐུབ་ཅི་ཐུབ་ཀྱིས་གོམ་པའི་འདེགས་འཇོག་མདུན་ནས་མདུན་དུ་བསྒྱུར་པ་ན། ལྷ་རི་གྱང་ཐོ་ཞེས་པའི་ས་དེ་གར་རྩོད་གླེང་བགྱིད་བཞིན་པའི་མི་བཅུ་གཉིས་དང་འཕྲད། མི་དེ་ཚོས་ཁོ་པ་མཐོང་མ་ཐག་རེ་ཞིག་ཁ་ཁུ་སིམ་མེར་གྱུར་ཅིང་གཟབ་ནན་གྱིས་ཞིབ་ལྟ་ཡང་ཡང་བྱས་རྗེས། མི་ཁྱད་མཚར་པོ་ཁྱོད་གནས་གང་ནས་ཕེབས། མཚན་ནས་ཇི་ལྟར་འབོད་སོགས་ལབ་པ་ན། Naཁྲི་སྲས་དགུ་པས་ངག་སྒོ་འབྱེད་ཐབས་མ་བྱུང་བས་རང་ཉིད་ཡོང་སའི་མཁའ་དབྱིངས་ཀྱིNaཁྲི་རྒྱུ་སྐར་ཆེན་མོའི་ཕྱོགས་སུ་མཛུབ་མོ་བཙུགས་པ་ན། “མི་འདིའི་ཆ་བྱད་གང་ལ་བལྟས་ཀྱང་ཕལ་བ་ཞིག་མིན་ཐག་ཆོད་དུ་འདུག མཛུབ་མོ་འཛུགས་སར་བལྟས་ན་སྟེང་ཕྱོགས་ལྷ་ཡུལ་ནས་ཕེབས་པ་འདྲ་བས་རྒྱལ་པོར་འོས་སོ”ཞེས་པ་ལ། ཚང་མ་གྲོས་མཐུན་ཏེ་གཉའ་བའི་ཁྲིར་བཞུགས་སུ་གསོལ་ནས་པུར་རྒྱལ་གྱི་རྒྱལ་པོར་གཤེགས་སོ། །

ཉ།

ཟླ་འོད་གསལ་བའི་མཚན་མོ་དེར། ཤམ་བྷ་ལའི་སྲས་མོ་ལགས་ཀྱིས་རྒྱང་ཐག་རིང་བའི་གོ་ལNaཁྲིའི་ཕྱོགས་སུ་རྒྱང་གཟིགས་གནང་བཞིན་འདུག མོས་ངང་སྒུག་གི་ལོ་ཟླ་ནི་ཆུ་རྒྱུན་བཞིན་ཟད་དང་འཛད་བཞིན་འདུག་ནའང་། བདག་གི་སྙིང་གི་ཐིག་ལེ་དང་འདྲ་བའི་ལྷ་སྲསNaཁྲི་ལགས་ད་དུང་ཕྱིར་མི་འབྱོན་དོན་ག་རེ་ལགས་སམ་སྙམ། ཁ་ཁར་གྱེས་པའི་ཉིན་མོ་དེ་ནས་བཟུང་། ཤམ་བྷ་ལའི་སྲས་མོའི་རྨི་ལམ་ཐམས་ཅད་དུ་ལྷ་སྲསNaཁྲི་ལགས་ཀྱིས་ཁེངས་ཤིང་། ཉིན་མོའི་དྲན་པ་ཡོད་ཚད་མོ་དང་ཁོ་གཉིས་ཀྱི་ཕྱིར་དྲན་གྱི་ལེའུ་རེ་རེར་འཁྱར་ཞིང་ཡན་པར་གྱུར།

ཤམ་བྷ་ལའི་སྲས་མོ་ལགས་ཟླ་འོད་གཞལ་མེད་ཁང་བཟང་དུ་གཟིམ་སྐབས་འདི་འདྲའི་མཚན་ལམ་ཞིག་བྱུང་སྟེ། རང་གི་ཡབ་རྒྱལ་པོ་རིགས་ལྡན་དྲག་པོའི་བླ་མ། བྱང་ཤམ་བྷ་ལའི་ཞིང་གི་མགོན་སྐྱོབ། བླ་ཆེན་བདུད་འཇོམས་རྨི་ལམ་རོལ་བ་ལགས་ཀྱིས“གཅེས་པར་འོས་པའི་སྲས་མོ་ཆུང་ཆུང་། ཁྱོད་ཀྱིས་རྣམ་ཀུན་སེམས་སུ་འཆང་ཞིང་མཚན་གྱི་རྨི་ལམ་དུའང་ཡང་ཡང་འཁོར་བཞིན་པའི་ལྷ་སྲསNaཁྲི་ལགས་ད་ཆ་སའི་གོ་ལའི་སྟེང་དུ་ཐོན་འདུག་ནའང་། གཞན་གྱི་ཁྲིམས་ཆད་ཕོག་སྟེ་སྔོན་གྱི་ནུས་མཐུ་དང་དྲན་པ་མ་ལུས་པ་བརླག་པར་བྱས་འདུག་པས་ཕལ་ཆེར་ཁྱོད་གཉིས་ཀྱི་འདས་དོན་ཡང་དྲན་པར་དཀའ། དེ་ལ་ཐབས་བཀོད་ཉག་གཅིག་ཡོད་པ་ནི་ཁོས་སྔོན་ཆད་ཁྱོད་ལ་བྱིན་པའི་སྲུང་འཁོར་དེ་ཁྱེར་ནས་ཁོའི་མདུན་དུ་ལྷགས་ཚེ། ད་གཟོད་ཁོའི་དྲན་པ་དང་འདས་དོན་ཡོད་ཚད་ཀྱི་བག་ཆགས་སད་ཐུབ་པས། ཁོ་དང་མཇལ་བར་འདོད་ཚེ་ལ་མོར་ལྷོ་པུར་རྒྱལ་གྱི་ཡུལ་དུ་ཁོ་རང་འཚོལ་བའི་འགྲུལ་བཞུད་ལ་ཆས་ཤིག”ཅེས་བཤད་རྗེས་འོད་དུ་ཡལ་སོང་། ཞོགས་པར་མལ་ལས་ལྡང་རྗེས་ཤམ་བྷ་ལའི་སྲས་མོ་ཆིབས་རྟ་རླུང་ནག་འཕུར་ཤེས་ལ་བཅིབས་ཏེ་རང་གི་སྙིང་ཉེ་འཚོལ་དུ་པུར་རྒྱལ་གྱི་ཡུལ་དུ་གཤེགས་སོ། །

རྒྱང་ཐག་ཤིན་ཏུ་རིང་བའིNaཁྲི་རྒྱུ་སྐར་ནི་སྔར་བཞིན་སྟོང་བའི་དབྱིངས་སུ་འོད་འཚེར་འཚེར་དུ་འདུག་ལ། སའི་གོ་ལའི་སྟེང་གི་བྱུང་བ་དང་འབྱུང་འགྱུར་གྱི་དོན་དག་ཅི་རིགས་ལ་གཟབ་ཉན་དང་སོ་ལྟ་བྱེད་ཀྱིན་གཉིད་དུ་ཡུར་བ་དང་ཀུན་ནས་མཚུངས་སོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།