ཀྲུང་གོ་བོད་ཀྱི་དྲ་བ།

དུར་ཐང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : འབྲོང་བུ་རྡོ་རྗེ་རིན་ཆེན།   སྤེལ་དུས། : 2021-08-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ནམ་གསལ་མ་ཐག  སྲུ་མོ་ལྷ་མཚོས་ར་ལུག་རྣམས་རི་མགོར་བརྒྱབ་རྗེས “དུར་ཐང” གི་དེའུ་འབུར་ཞིག་གི་ཐོག་ཏུ་བསྡད་དེ་རང་གི་སྐྱེས་ཡུལ་ལ་རྒྱང་ལྟ་བྱས། “དུར་ཐང”ཟེར་བ་ནི་ཕ་བཞི་སྡེ་བ་དང་མདའ་ཁོག་སྡེ་བ་གཉིས་ཀྱི་བར་ན་ཡོད་པའི་ཐང་སྟོང་ཞིག་གི་མིང་ཡིན་ཅིང་། ངག་རྒྱུན་ལྟར་ན། སྔོན་ཐང་རྒྱལ་རབས་ཀྱི་དུས་སུ་རུ་ཡོང་སྐོར་ཞིག་འདི་གར་ཡོང་ནས་འཚོ་གཞིས་ཆགས་ཤིང་། ཕྱིས་མི་རྒྱུད་མང་དུ་འཕེལ་ན་ཡང་སྐབས་དེར་དམག་འཁྲུག་རྒྱུན་མ་ཆད་པས་མཇུག་མཐར་ཤུལ་མེད་དུ་གྱུར་ཏེ་གནས་འདི་དུར་ཁྲོད་དུ་གྱུར་པ་ལས་མིང་ཆགས་པར་གྲགས་མོད། ད་ལྟ་ནི། ས་འདིར་སྡེ་བ་ཕར་ཞོག་ཐ་ན་དུར་ཁྲོད་ཀྱི་རྣམ་པ་ཤུལ་ཙམ་ཡང་ལུས་མེད་པར་ས་གཙང་ཞིང་ངོས་སྙོམས་པ་དང་གང་སར་རྩྭ་ཡན་གྱིས་ཁྱབ་པས་ཆེད་དུ་བཟོས་པའི་རྩྭ་བཀག་ར་བ་ཞིག་དང་མཚུངས། ཡིན་ན་ཡང་། ཕ་བཞི་སྡེ་བ་དང་མདའ་ཁོག་སྡེ་བ་གཉིས་ཀྱིས་གནའ་ནས་ད་བར་དུ་ཐང་འདི་བརྩད་དེ་ཕན་ཚུན་ཕོ་ཤ་མོ་གྱོད་ལ་ཐུག་ན་ཡང་སུས་ཀྱང་བདག་ཏུ་འཛིན་མ་ཐུབ་པར་ད་ལྟའི་བར་ས་རྒོད་དུ་ལུས།

སྲུ་མོ་ལྷ་མཚོས་ནམ་རྒྱུན་ཞོགས་པའི་ཉི་ཟེར་གྱི་འོག་ཏུ་འདི་ལྟར་རང་གི་སྐྱེས་ཡུལ་ལ་ལྟ་བར་དགའ། ཕ་བཞི་དང་མདའ་ཁོག་བར་ན་སྤྱི་ལེ་གསུམ་ལྷག་ཙམ་ཡོད་ན་ཡང་། ཉི་རྩེ་ས་ལ་བརྒྱབ་མ་ཐག་གི་གོ་སྐབས་འདི་སྤྱད་དེ་བལྟས་ན་རང་གི་སྐྱེས་ཡུལ་གྱི་སྡེ་བ་ཧྲིལ་བོའི་ཆགས་སྟངས་མིག་འོག་ཏུ་བསྡུ་ཐུབ། མོ་ནི་མདའ་ཁོག་སྡེ་བ་ནས་ཕ་བཞི་སྡེ་བར་ཡོང་བའི་མནའ་མ་ཞིག་རེད། ཕ་བཞི་སྡེ་བ་ན་མོ་མ་གཏོགས་མདའ་ཁོག་ཕྱོགས་ཀྱི་མི་གཅིག་ཀྱང་མེད་ལ། མོ་གནས་ལ་ཡོང་སྟེ་ལོ་ལྔ་ལྷག་འགོར་ཡོད་ན་ཡང་ད་ལྟའི་བར་སྐྱེས་ཡུལ་དུ་ཐེངས་གཅིག་ཀྱང་ལོག་མ་མྱོང་། སྤྱིར་མོ་ལ་རང་ཡུལ་དུ་ལོག་སྟེ་ཕ་མ་དང་ནུ་མོ་རྣམས་ལ་འཕྲད་འདོད་ཀྱི་འདུན་པ་མེ་ལྟར་འབར་བཞིན་ཡོད་ན་ཡང་། མདའ་ཁོག་སྡེ་བའི་མི་དེ་ཚོ“ལ་རྒྱ”ཅན་ཤ་སྟག་ཡིན་ཅིང་། ཁྱད་པར་དུ་མོ་གསར་དང་ཁ་ཡ་ན་ཟླ་རྣམས་ཁོག་པ་དོག་ཅིང་བཤད་ཁ་རྒོད་པས་མོ་སྐྱེས་ཡུལ་དུ་ཐེངས་གཅིག་ལོག་ན་ངོ་ཚ་ལན་བརྒྱ་ཉོ་བར་གདོན་མི་ཟ།

ངོ་མ་བཤད་ན། ལྷ་མཚོ་གནས་ལ་འགྲོ་ཚུལ་འདི་ནི་རྒྱུ་འབྲས་མེད་ཅིང་མདའ་ཁོག་སྡེ་བའི་མི་རྣམས་ལ་ཁོང་ཁྲོ་སློང་བའི་དོན་ཞིག་ཀྱང་ཡིན་ཏེ། དེ་ཡང་ལྷ་མཚོའི་ཨ་ཕ་ནི་སྔོན་ཆད་གང་ནས་ཡོང་བ་ཡང་མི་ཤེས་པའི་མི་རྐྱང་ལྡོམ་པོ་ཞིག་ཡིན། འགའ་ཞིག་གིས་ཆུང་མ་སྐུགས་ལ་ཤོར་ནས་ཁ་མ་སོས་པར་ཡོང་བའི་དབུས་པ་ཞིག་རེད་ཟེར། ཁ་ཅིག་གིས་རྒྱལ་མོ་ཚ་བ་རོང་ནས་ཡོང་བའི་ཆོམ་པོ་ལག་དམར་ཞིག་ཡིན་པར་བཤད། གང་ལྟར་ཀྱང་ཁོས་བོད་སྐད་རྣལ་མ་ཞིག་བཤད་ཤེས་པས་དོན་འདིའི་རྩ་བ་ཡན་ལག་ཐམས་ཅད་ལ་རྩད་གཅོད་མཁན་སུ་ཞིག་ཡོད། དང་ཐོག་ལྷ་མཚོའི་ཨ་ཕས་ཀྱང“དུར་ཐང”དུ་གནས་འཆའ་རྩིས་བྱས་ཏེ་འདི་རུ་མཁར་ཆུང་ཆུང་གྲུ་བཞི་ཤོ་འདྲ་བ་ཞིག་བསྐོར་མོད། འོན་ཀྱང་། ཉིན་ལྔ་ལས་མ་འགོར་བར། སྡེ་བ་གཉིས་ཀའི་མི་ཡོང་ནས་ཁོ་རང་ཕར་བསྐྲད་ཅིང་མཁར་རྟིང་རྨང་ནས་བསློགས་པ་རེད། དེ་དུས་ཀྱང་དྲང་མོར་བཤད་ན་མགོ་འཛིན་གཙོ་བོ་ནི་ཕ་བཞི་སྡེ་བའི་མི་ཡིན། ཕྱིས་སུ། སྟབས་ལེགས་ནས་ལྷ་མཚོའི་ཨ་ཕ་མདའ་ཁོག་སྡེ་བའི་མོ་རྐྱང་ཞིག་གི་ཁྱིམ་དུ་མག་པར་འདུག་ཐུབ་པ་བྱུང་བ་དང་། ལོ་གཅིག་འགོར་རྗེས། ཆུང་མས་སྙིང་སྡུག་ཡིད་དུ་འོང་བའི་བུ་མོ་ལྷ་མཚོ་བཙས། དེའི་རྗེས་བསྟུད་མར་བྱིས་པ་འགའ་སྐྱེས་ཤིང་། དེ་ནས་བཟུང་། ལྷ་མཚོའི་ཨ་ཕ་མདའ་ཁོག་སྡེ་བའི་སྡེ་གྲལ་དུ་ཚུད་ཅིང་། ཁྱིམ་འདིའི་བདག་པོར་གྱུར་པ་ཡིན་ལ་བུ་མོ་ལྷ་མཚོ་ཡང་སྡེ་བ་འདི་ནས་ནར་སོན་པ་རེད། དེས་ན། མོ་ཕ་བཞི་སྡེ་བར་གནས་ལ་སོང་བ་ནི་མདའ་ཁོག་སྡེ་བའི་མི་རྣམས་ཧ་ལས་པར་བྱེད་པའི་དོན་ཞིག་མ་ཡིན་ནམ། ཡིན་ན་ཡང་། འཇིག་རྟེན་སྣང་བའི་ཡན་ན་དབང་ཆེན་དང་བཙན་པོ་གང་ན་ཡོད།

སྲུ་མོ་ལྷ་མཚོས་མིག་ལ་འབྱེད་འཛུམ་ཅི་ཡང་མེད་པར་མདུན་ཕྱོགས་སུ་བགྲད་འདུག ལྕང་སྡོང་ངམ་མ་གལ་ལྗོན་པའི་ཡལ་ག་དང་ལོ་མ་སྟུག་པོས་མདའ་ཁོག་སྡེ་བ་ཧྲིལ་བོ་ཚང་ཚིང་དུ་དཀྲིགས་པའི་ཁར། མཁར་ཁྱིམ་གྱི་དུད་ཁུང་སོ་སོ་ལས་འཕྱུར་ཡོང་བའི་དུ་ཞགས་སྔོན་པོ་དེ་བར་སྣང་དུ་འཐིབས་ཡོད་པས་མོའི་མིག་ལམ་མོག་པོར་བསྒྱུར་ན་ཡང་། མིག་མདའ་གཅིག་གིས་རང་ཁྱིམ་གྱི་གནས་གསལ་བོར་ངོས་འཛིན་ཐུབ། སྲུ་མོ་ལྷ་མཚོས་མིག་གིས་བལྟས་བལྟས་ནས་ཡིད་ལ་གློ་བུར་དུ་ཕ་མ་དང་གཉེན་ཉེ་དྲན་འོངས་ལ། དྲན་གྱིན་དྲན་གྱིན་སེམས་ཀྱི་ཁྲུང་ཁྲུང་ལ་གཤོག་པ་ཐོགས་ཏེ་རང་གི་སྐྱེས་ཡུལ་དུ་ཤོར་སོང་། 

“ཨ་མ། ང་ལ་བུ་ཞིག་སྐྱེས་ཡོད། མིང་ལ་དཔལ་ལྡན་ཟེར།” ལྷ་མཚོས་རང་གི་བུ་ཆུང་ཨ་མའི་ལག་ཏུ་བཞག

ཨ་མས་དཔལ་ལྡན་པང་དུ་བླངས་ཏེ“འོ། ཨ་ཡེའི་གཅེས་ཕྲུག”ཟེར་བཞིན་འགྲམ་པར་འོ་ཞིམ་པོ་ཞིག་བྱས།

“ག་རེ། ངའི་ལག་ལ་ཞོག”ལྷ་མཚོའི་ཨ་ཕས་རྔམ་པའི་ངང་འཕྲོག་པ་འདྲ་བ་ཞིག་བྱས།

ནུ་བོ་རྡོ་རྗེ་ཡང་བརྒྱུགས་ཡོང་སྟེ“ངོ་མ་སྙིང་རྗེ་བ་ཞིག་འདུག རྫུན་རྐོང་ལ་ལྟོས་དང……”

……

“ཏོའུ — ཏོའུ — ཏོའུ —”སྐབས་དེར། ཕ་བཞི་སྒང་ནས་རྭ་དུང་གི་སྒྲ་ཞིག་གྲགས་འོངས། སྲུ་མོ་ལྷ་མཚོ་གཉིད་ལས་སད་པ་ལྟར་ཡེ་རེར་བཏང་བ་དང་། མགོ་དཀྲིའི་སྣེ་མོ་མིག་ཁར་ཁྱེར་ཚེ་མཁུར་ཚོས་མཆི་མས་བརླན་འདུག

རྭ་དུང་གི་སྒྲ་ནི་སྡེ་དཔོན་གྱིས་བུས་པའི་ཚོགས་འདུའི་བརྡ་རེད། དུང་སྒྲ་དེ་ལས་སྲུ་མོ་ལྷ་མཚོས་སླར་ཡང་རང་གི་ནུ་བོ་རྡོ་རྗེ་དྲན་བྱུང་། གོ་ཐོས་ལྟར་ན། ནུ་བོ་རྡོ་རྗེ་མདའ་ཁོག་སྡེ་བའི་སྡེ་དཔོན་དུ་བསྐོས་ཡོད་ཚོད་རེད། དོན་དེས་མོའི་དབང་རྩའི་སྦུབས་ལམ་དུ་སྤྲོ་སྣང་གི་དྲོད་ཀྱིས་ཁྱབ། སྔོན་ཆད་ཕ་རྒན་ལྡོམ་ནས་ཡོང་། དེ་ནས་མག་པར་བསྡད། དེ་ནས་སྡེ་གྲལ་དུ་བླངས། ད་ལྟ་ནི་སྡེ་དཔོན་དུ་གྱུར། ངོ་མ་འདི་ལ་མི་དགའ་གང་ལ་དགའ།

ཉིན་འདི་འགའི་རིང་ལ། ཕ་བཞི་སྡེ་དཔོན་གྱི་རྭ་དུང་གི་སྒྲ་ནི་མཚམས་མེད་པར་ཐོས་ཐུབ་པར་དེ་ལ་ཡ་མཚན་རྒྱུ་ཅི་ཡང་མེད་མོད། འོན་ཀྱང་། སྡེ་མི་རྣམས་དུས་ལྟར་མ་ཎི་ཁང་དུ་མ་སླེབས་ན་མི་རེར་འབྲུ་རིགས་རྒྱ་མ་ལྔ་བཅུས་ཆད་པ་གཅོད་ངེས་ཡིན་པས། སྲུ་མོ་ལྷ་མཚོས་མིག་ཞགས་མདའ་ཁོག་སྡེ་བ་ནས་ཕྱིར་བསྡུས་ཏེ་རང་ཉིད“དུར་ཐང”གི་དེའུ་འབུར་དང་ཁ་འབྲལ་དགོས་བྱུང་།

དེ་རིང་སྡེ་དཔོན་ཁྲོས་པ་འདི་འདྲ་ཞིག་ད་ལྟའི་བར་དུ་ཁྲོས་མ་མྱོང་བ་འདྲ། ཁོའི་སྐེ་ཤ་དམར་པོར་གྱུར་འདུག་པ་དང་། མིག་མདངས་སྔོན་པོར་གྱུར་ཅིང་ཁ་ཤ་ལྷབ་ལྷུབ་ཏུ་འདར་བཞིན་ཚང་མར་སྐོར་ལྟ་ཞིག་བྱས་རྗེས“ཉོན། འུར་མ་རྒྱག   འུར་མ་རྒྱག  འུར་རྒྱག་འདོད་ན་རྒྱག་རྒྱུ་གཞུག་ན་ཡོད། ད་ཐེངས་ང་ཚོའི‘དུར་ཐང’ལ་འདྲེ་ལག་བརྐྱངས་འདུག་པ་ཨེ་ཤེས”ཟེར་བཞིན་རུམ་ནས་ལག་ཕྱིས་ཚི་སྟུག་ལ་སོང་བ་ཞིག་བླངས་ཏེ་ཁ་སྣ་ཕར་འཕུར་ཚུར་འཕུར་བྱས་ནས་ཕྱིས།

སྡེ་མི་ཚོས་ཧ་མ་གོ་བར་གཅིག་གིས་གཅིག་ལ་ཧྲིག་ཧྲིག་ཏུ་ལྟ་བཞིན་བསྡད།

སྡེ་དཔོན་ལ་ཆམ་པ་བྱུང་བ་འདྲ་སྟེ“ཨ་ཁིས —”ཞེས་ར་ལུ་ཙམ་བརྒྱབ་རྗེས་སླར་ཡང“འདྲེ་སྡེ་ཚང(མདའ་ཁོག་ལ་བསྟན)གིས་རྫོང་སྲིད་གཞུང་ལ་གཏུགས་ཏེ‘དུར་ཐང’དུ་སྡེ་བ་གཉིས་ཀྱི་གཞུང་ལ་སློབ་གྲྭ་འཛུགས་རྒྱུ་རེད་ཟེར། ཧིན། ‘དུར་ཐང’ནི་དུར་ཐང་ཡིན་པས་འདིར་སློབ་གྲྭ་མ་དགོས་དགོན་པ་ཡང་འདེབས་མི་ཆོག ཚང་མས་བསམ་བློ་ཐོངས་དང་། ཁྱི་དང་ར་གཉིས་མཐུན་ཐབས་ཇི་ལྟར་ཡོད”ཅེས་བཤད་པ་ན། མི་ཚོགས་ཀྱི་ཁྲོད་ནས་གཅིག་གིས་གཅིག་གི་རྣ་རྩར་ཤབ་བེ་ཤུབ་བེ་ཞིག་བཤད་དེ་སྡེ་དཔོན་གྱི་ཚིག་རྗེས་མར་ཉན་ཐབས་མ་བྱུང་།

སྡེ་དཔོན་གྱིས་ཡུད་ཙམ་ལ་ཅི་ཡང་མི་སྨྲ་བར་མི་ཚོགས་ཀྱི་གྲག་འགུལ་ལ་བརྟགས་ནས་བསྡད།

“ཡ། ཉོན་དང་། ”ཅུང་ཙམ་ནས་སྡེ་དཔོན་སླར་ཡང་ཁ་གྲགས་བྱུང་། “བྱུར་གྱི་སྣ་འདྲེན་ནི། ཧིན། འདྲེ་སྡེ་ཚང་གི་འདྲེ་དཔོན་ཡིན་པ་སུས་མི་ཤེས”ཟེར་བཞིན་མིག་རིལ་གཉིས་ཀླད་ལ་བསྐོར་ཏེ“འདྲེ་དཔོན་ཁྱོད། འུ་གཉིས་ཀྱིས་རྩམ་པ་ཡུན་གྱིས་ཟ་ལ། བཟང་ངན་རིམ་གྱིས་འགྲན”ཞེས་བཤད་ཀྱིན་བཤད་ཀྱིན་སྐད་མགོ་ཇེ་མཐོ་ཇེ་མཐོར་གྱུར།

སྡེ་མི་ཚོ་ཡང་འདང་བརྒྱབ་ཀིན་བརྒྱབ་ཀིན་མེ་ལ་བུད་ཤིང་བསྣན་པ་ལྟར་ཁོང་ཁྲོ་ཇེ་ཆེ་ཇེ་ཆེར་གྱུར།

“མི་རང་བསྡད་མགོ་ལ་རང་འཐག་སྐོར། བཙན་ཚོད་མེད་རྡོ་ཐོག་ཕུར་བ་རྡེབ་ཟེར་བ་འདི་མིན་ན་གང་ཡིན།”

ཁ་ཁ་རོག་བསྡད་ན་ཁ་མཆུ་མེད། མགོ་ལག་པས་བསྐྱོར་ན་རྒྱག་མཁན་མེད་ཟེར་བ་སྐྱག་རྫུན་རེད།”

“མདའ་ཁོག་འདྲེ་སྡེ་བོ། ཁྱོད་ཚོས་རང་མགོ་རུམ་ལ་ཨེ་ཆུག་ལྟོས་དང་། སྐལ་མེད་སར་སྐེ་དེ་ཨེ་མཛའ།”

“སྡེ་བ་གཉིས་ལ་སློབ་གྲྭ་གཅིག  ཧོ་ཧོ་ཡ།” བུད་མེད་ཚོ་ཡང་ཁ་གྲགས་བྱུང་།

“ཟས་ཟ་ན་མདའ་ཁོག་གི་ཟས་མི་ཟ། མིར་འགྲོགས་ན་མདའ་ཁོག་གི་མིར་མི་འགྲོག” ཅི་འདྲའི་བུད་མེད་ཁ་བདེ་ཞིག

སྡེ་དཔོན་གྱིས་གདོང་ལ་ཡིད་ཚིམས་པའི་མདངས་ཤིག་ཤར་པ་དང་། ངོ་ཤ་དང་མ་ནེ་ཐུར་དུ་ལུགས་ཏེ་ཡུད་ཙམ་ནས“ཨ་ཁིས —”ཞེས་ར་ལུ་ཙམ་བརྒྱབ་སྟེ“ཆོག་གི  ཆོག་གི ཁ་རོག ད་ཐེངས་ཀྱི་དོན་འདི་ཕྱི་ངོས་ནས་བལྟས་ན་སྡེ་བ་གཉིས་ལ་ཕན་ཕན་འདྲ་སྣང་ཡང་དོན་ངོ་མར་ང་ཚོར་བཪྙས་བཅོས་དང་ཐུབ་ཚོད་བཏང་བ་ཡིན་པས …… འོ། བུད་མེད་ཚོ་སྒོར་སོང་། གཅིག་ཀྱང་མ་འདུག འོ་ཡ། སྐྱེས་པ་ཚོ་གཅིག་ཀྱང་སྒོར་མ་འགྲོ། ང་ཚོར་གཞུག་ན་ད་དུང་གྲོས་ཤིག……ཨ་ཁིས —”

“རེད་རེད་རེད། ཕོ་གྲོས་ཐོག་ལ་མོ་ཁ་གསབ་ན་མི་རུང་།” བུད་མེད་རྒན་པ་བསམ་ཤེས་ཤིག་གིས་ཐོག་མར་ཁ་གྲགས་ཏེ་ཡར་ལངས་ནས་ཐུ་བ་སྤྲུག་སྤྲུག་ཅིག་བཏང་སྟེ་སོང་བ་ན། བུད་མེད་ཐམས་ཅད་གཅིག་འཕྲོར་གཅིག་ལ་ལངས་ཏེ་རང་རང་གི་ཁྱིམ་དུ་སོང་།

ས་རུབ་ནས་རྒྱང་མིག་ཆད་པ་དང་སྡེ་བའི་སྲང་ཁྱི་ཚོ་ཟུག་མགོ་བརྩམས། ཁྱོ་བོ་ཉིན་གང་བོར་མ་ཡོང་བས་སྲུ་མོ་ལྷ་མཚོའི་སེམས་བློང་བློང་བོར་གྱུར་པ་དང་། བུ་ཆུང་དཔལ་ལྡན་གྱི་ངུ་སྐད་དེས་ལྷག་པར་འཇིགས་སྣང་དང་རྣམ་རྟོག་ཅིག་བསླངས།

ཡུད་ཙམ་འགོར་རྗེས། རྒྱ་སྒོ་ཙིར་སྒྲ་དང་བཅས་ཕྱེ་ནས་ཁྱོ་བོ་ནང་དུ་འཛུལ་ཡོང་། ཁོས་ཅི་ཡང་མི་བཤད་པར་ཐད་ཀར་གོ་ཁའི་ཡར་སྒྱེད་དུ་སོང་སྟེ་སྐྱིལ་ཀྲུང་དུ་བསྡད་ནས་ཁ་མུ་རུ་རུ་ཇ་མཆོད་ཅིག་བཏོན་རྗེས། ལོབས་ཕྱོགས་ལྟར་ལྷ་མཚོས་དྲངས་པའི་ཇ་དཀར་ལག་ཏུ་བླངས་ཏེ་ཧུབ་འགའ་འཐུངས་ཤིང“ཨ་ལ་ལ། དེ་རིང་གི་ཚ་བ་འདི་ཅི་རེད། ཁ་སྐོམ་ནས་ལྕེ་བསྲད་སོང”ཟེར།

“ཁྱོད་ལ་ཁྱིམ་དང་བྱིས་པ་མི་དགོས་པར་ཉིན་གང་བོར་གང་དུ་ལྡོམ་སོང་།” སྲུ་མོ་ལྷ་མཚོ་ཅུང་དགའ་མེད་པ་འདྲ།

ཁྱོ་བོས་ལན་ཅི་ཡང་མི་འདེབས་པར་སྔར་བཞིན་ཇ་ལ་ཧུབ་འགའ་བྱས་ཏེ་དཀར་ཡོལ་སྟོང་བ་ལྷ་མཚོའི་མདུན་དུ་བསྲིངས།

“ཁྱོད་ངོ་མ་གང་དུ་སོང་། དེ་རིང་ངེད་མ་བུ་གཉིས་ཀྱི་སྙིང་གནམ་ལ་བཏགས་སོང་།”

“ཁྱོད་བུད་མེད་ཅིག་ལ་དེས་ཅི་བྱེད། དེ་རིང་གཞུང་དོན་དུ་རྫོང་ཐོག་ལ་སོང་།”

“གཞུང་དོན་ཅི་ཞིག ཁྱོད་སྡེ་དཔོན་ཚོ་དཔོན་མིན།”

ཁྱོ་བོ་ཞ་ཉེ་མེ་ཡིས་བཞུས་པ་ལྟར་ཇེ་སྙི་ཇེ་གཉོམ་དུ་སོང་ནས“ཁྱོད་ཁོང་ཁྲོ་མ་ལང་། ངས་ཁྱོད་ལ་བཤད།  ཡིན་ན་ཡང་། རང་གི་ཁ་ལ་རང་གིས་བདག་བྱེད་དགོས།” ཟེར་བཞིན་སྐད་མགོ་ཇེ་དམར་བཏང་ནས“ང་ཚོ་སྡེ་བའི་འཐུས་མི་འགའ་སོང་ནས་རྫོང་དཔོན་ལ་དེ་རིང་བཤད་པའི་གྱོ ད་དོན་དེ་མྱུར་དུ་ཐག་གཅོད་དགོས་པའི་རེ་བ་ཞུས།”

“རྫོང་དཔོན་གྱིས་ཅི་གསུངས་བྱུང་།”

“ཅི་གསུང་རྒྱུ། ད་དུང་ང་ཚོར་སྡིགས་མོ་དང་སློབ་གསོ་རིམ་པ་ཞིག་བཏང་། དེར་མ་ཟད། ཉིན་བཅུའི་སྔོན་ལ་ཕྱོགས་གཉིས་ཀའི་འདུམ་ཡིག་དང་འཐད་ཡིག་ཁྱེར་ཤོག་ཟེར། ཧིན། སྐྱག་པའི་འདུམ་ཡིག་འཐད་ཡིག ཡ། ཁྱོད་ཀྱིས་མྱུར་དུ་ནུབ་འཚལ་སྐོལ་དང་། ང་ཚོ་དོ་དགོང་ཡང་འཚོགས་དགོས།”

ངོ་མ། ནུབ་འཚལ་འཐུངས་ཚར་མ་ཐག  “ཏོའུ — ཏོའུ — ཏོའུ —”ཞེས་དུང་སྒྲ་ཙག་ཙག་ཏུ་གྲགས་འོངས་པ་དང་ཕ་བཞི་སྡེ་བའི་བར་སྣང་ཡོངས་སུ་མཚན་མོའི་བྲག་ཅ་བསྐྱིལ། སྒོ་ཁའི་ཁྱི་སྐད་ཀྱང་རེ་ཞིག་གྲག་མེད་དུ་གྱུར།

“ཁྱོད་ཡང་འགྲོ་རན་སོང་། སྡེ་དཔོན་ཀན་ལ་སུན་པ་ཞིག་མི་འདུག ༀ་མ་ཎི་པད་མེ་ཧྰུཾ”སྲུ་མོ་ལྷ་མཚོས་སྡིགས་དམོད་དང་ཁ་ཏོན་བསྲེས་མ་ཞིག་བཟླས།

ཁྱོ་བོས་མཆུ་ཏོ་ཕར་བསྲིངས་ཏེ་ལྷ་མཚོའི་འགྲམ་པར“ཐེལ”སྒོར་མོ་ཞིག་དཔར་རྗེས་ཏག་སེ་ཡར་ལངས་ཏེ་ཅི་ཡང་མི་སྨྲ་བར་སྒོར་བརྒྱུགས། སྐབས་དེར། བུ་ཆུང་ཚ་ཐབ་ཐོག་ན་གཉིད་དུ་ཡུར་འདུག

ཁྱོ་བོ་སོང་རྗེས། སྲུ་མོ་ལྷ་མཚོ་ལ་ཁེར་རྐྱང་གི་སྐྲག་སྣང་ཞིག་བྱུང་བ་དང་། རང་དབང་མེད་པར་དངངས་འདར་ཞིག་བརྒྱབ་སྟེ་སྒྲོན་མེ་ཡང་གཟིམ་མ་ཕོད་པར་སྡུར་སྒྲ་ཡང་མོར་འབྱིན་བཞིན་པའི་བུ་ཆུང་ཚུར་ལ་རུམ་ན་ཡང་། མོ་གཏན་ནས་གཉིད་མ་ཁུགས་པར་རྣ་ལམ་དུ་སྡེ་དཔོན་གྱི་རྭ་དུང་གི་སྒྲ་སང་སང་དུ་གྲག་གིན་འདུག ངོ་མ། སྲུ་མོ་ལྷ་ཚོར་ཅི་ཁག མོ་སྐྱེས་ཡུལ་དང་གཏན་དུ་བྲལ་ནས་ཁྱིམ་འདིར་སླེབས་པ་ནས་བཟུང་། དགོང་ཞག་གཅིག་ལ་ཡང་ཁྱོ་བོ་དང་ཁ་བྲལ་མ་མྱོང་བར་སྐྱིད་ཀྱི་འཇིག་རྟེན་སྣང་བ་ཁོ་ནའི་འོག་ཏུ་འཚོ་བ་རོལ། ཁྱོ་བོའི་ཤ་དྲོད་ཐེངས་དང་པོར་ཤོར་བའི་མཚན་མོ་འདིར། མོས་གློ་བུར་དུ། མོ་ལོ་བཅུ་དྲུག་ཐོག་ནས་བརྩེ་དུང་གི་ས་བོན་ཐོག་མར་བཏབ་པའི་བྱུང་བ་དེ་ཡིད་ལ་ཝ་ལེར་འཁོར་འོངས།

ཆར་བ་ཟིམ་ཟིམ་དུ་འབབ་ཀྱིན་འདུག ཕ་བཞི་ནགས་ན་སྒྲོལ་མའི་ལྷ་བྱ་དང་སྐྱ་ཀ་ལྷ་མོ། ཕུག་རོན་སྔོན་མོ་སོགས་མི་ལ་མི་འཛེམ་པར་གང་སར་རྒྱུ་ཞིང་འཕུར་བཞིན་གདའ། གསོམ་སྡོང་ཆེན་པོ་ཞིག་གི་འོག་ཏུ་ཁོ་དང་མོ་གཉིས་བཤིབས་ནས་བསྡད་འདུག

རྒོད་ཐང་དཀར་གཤོག་རྩལ་ཅན་པོ།། ཁྱོད་ངོ་མ་འཕུར་རྒྱུ་ཨེ་ཡིན།།

ཁྱོད་ངོ་མ་འཕུར་རྒྱུ་ཡིན་ན།། ཁྱོད་གཤོག་སྣེ་བྲག་ལ་མ་རྡེབ།།

བརྡབ་ཉེས་པའི་ན་ཟུག་ཁྱོད་ཆེ།། འཕུར་མ་ཐུབ་འགྱོད་སེམས་ང་ཆེ།།

རོགས་ཆུང་ལོ་སྙིང་ལ་རྗེ་བོ།། ཁྱོད་ངོ་མ་འགྲོག་རྒྱུ་ཨེ་ཡིན།།

ཁྱོད་ངོ་མ་འགྲོག་རྒྱུ་ཡིན་ན།། མི་གཞན་པར་ཤེས་སུ་མ་འཇུག།

ཤེས་སོང་ན་དཀའ་ལས་ཁྱོད་ཆེ།། འགྲོག་མ་ཐུབ་འགྱོད་སེམས་ང་ཆེ།།

སུ་ཞིག་གིས་ཐོག་མར་བླངས་པའང་མི་ཤེས་པའི་ལ་གཞས་སྙན་མོ་འདིས་ཁོ་དང་མོའི་སྤོབས་པའི་སྒོ་མོ་ཆེ་རུ་ཕྱེ་ཞིང་འདུན་པའི་ལམ་ཐིག་སྣེ་གཅིག་ཏུ་དྲངས།

“ཁྱོད་ཀྱིས་ངའི་སེམས་པ་བཀུག་སོང་།”

“ངས་ཀྱང་ཁྱོད་སྔ་མོ་ནས་ངོ་ཤེས། ན་ནིང……ཨེ་དྲན།”

“……”

ཕྱིས་སུ། བརྩེ་དུང་གིས་མྱོས་པའི་ལྷ་མཚོ་ཕ་མ་དང་ཁ་ཡ་ན་ཟླ། གཉེན་ཉེ་དུ་སུས་བཀག་ཀྱང་མ་ཁོགས་པར་ཕ་བཞི་སྡེ་བར་གནས་ལ་ཡོང་། ཅང་མ་འགོར་བར། ཨ་མྱེས་དང་ཨ་ནེ་གཉིས་སྔ་ཕྱིར་འདས་པས་བཟའ་ཟླ་གཉིས་ཀྱི་བར་དུ་ཁ་རྩོད་འདྲ་ཆད་དཀའ་ནའང་མོ་དངོས་གནས་ཁྱིམ་འདིའི་བདག་མོ་ངོ་མར་གྱུར།

……

ཕྱི་ཉིན། ནམ་གསལ་མ་ཐག   སྲུ་མོ་ལྷ་མཚོས་ར་ལུག་རྣམས་རི་མགོར་བརྒྱབ་པ་དང་། ཕྱིར་ལོག་ནས“དུར་ཐང”གི་དེའུ་འབུར་ཞིག་གི་ཐོག་ཏུ་བསྡད་དེ་རང་གི་སྐྱེས་ཡུལ་ལ་རྒྱང་ལྟ་བྱས། ཞོགས་པའི་ཉི་ཟེར་འོག་གི་སྐྱེས་ཡུལ་ལ་འདི་ལྟར་བལྟས་ན།  མོའི་སེམས་ནད་མཐའ་དག་རང་བཞིན་གྱིས་ཅུང་ཟད་སངས་འགྲོ་བ་དང་། ཕ་མ་དང་སྤུན་ཟླ། གཉེན་ཉེ་སོགས་དང་ཕྲད་པའི་སྣང་བ་མངོན་སུམ་ལྟ་བུར་སྐྱེས་འོངས། 

ངོ་མ། རང་ཡུལ་གད་པ་ཡིན་རུང་སྐྱིད་ཟེར་བ་ཅི་མ་བདེན།

ཉིན་འགའི་རྗེས་ཀྱི་ནངས་མོ་ཞིག་ལ། སྲུ་མོ་ལྷ་མཚོས་ར་ལུག་རྣམས་རི་མགོར་བསྒོས་པ་དང་། ཕྱིར་ལོག་ནས“དུར་ཐང”གི་དེའུ་འབུར་ཞིག་གི་ཐོག་ཏུ་བསྡད་དེ་རང་གི་སྐྱེས་ཡུལ་ལ་རྒྱང་ལྟ་བྱེད་འདོད་པའི་སྐབས་དེར། གློ་བུར་དུ།  ཉེ་མདུན་ན་སྔར་མཐོང་རྒྱུ་མེད་པའི་རོ་དུར་དུ་སྦས་པའི་ས་ཕུང་གླང་ཆེན་འདྲ་བ་ཞིག་སྤུངས་ཡོད་པ་མཐོང་། མོ་ནི་བུད་མེད་སྙིང་རྗེ་ཅན་ཞིག་ཡིན་པས་སེམས་གཏིང་ནས་ཤི་བོ་འདིར་སྙིང་རེ་རྗེ་ཨང་སྙམ་སྟེ་ཁ་ནས“ༀ་མ་ཎི་པད་མེ་ཧྰུཾ། ༀ་མ་ཎི་པད་མེ་ཧྰུཾ……”ཞེས་གྲངས་མེད་ཅིག་བཟླས།

“ཏོའུ — ཏོའུ — ཏོའུ —” “ཏོའུ — ཏོའུ — ཏོའུ —”

སྐབས་དེར། སྡེ་དཔོན་གྱི་རྭ་དུང་གི་སྒྲ་ཙག་ཙག་ཏུ་གྲགས་བྱུང་།

སྡེ་མི་རྣམས་མ་ཎི་ཁང་དུ་ལམ་སང་ཚོགས་འདུག སྡེ་དཔོན་གྱི་གདོང་ལ་ཁྲོ་ཉམས་དང་རྫིག་མདོག་ཅིག་ཤར་ཏེ“ཡ། དེ་རིང་མི་རྣམས་འཛོམ་ཚུལ་ལེགས་པོ་འདུག འདི་རང་གིས་རང་ལ་ཤ་ཚ་བའི་རྟགས་རེད། མདོར་ན‘དུར་ཐང’ལ་སྲུང་རྩིས་ཆེ་བའི་རྟགས་རེད”ཟེར་བཞིན་མིག་གིས་ཚང་མར་སྐོར་ལྟ་ཞིག་བྱས་རྗེས་སླར་ཡང“ཨིན། ‘དུར་ཐང’ན་སུ་ཞིག་གི་དུར་སྦས་ཡོད་པ་ཁྱོད་ཚོས་མཐོང་ངམ། རེད་ཡ། དུར་ཐང’ནི་དུར་ཐང་ཡིན་པས་དེ་རུ་དུར་སྦ་ཆོག་པ་ལས་སློབ་གྲྭ་དང་དགོན་པ། བཟོ་གྲྭ་སོགས་གཅིག་ཀྱང་ཡོད་མི་ཆོག”ཟེར་བ་དང་། ཡང་སྐད་མགོ་ཇེ་མཐོར་བཏང་ཞིང་མཛུབ་གུ་གནམ་ལ་ཕར་ནས“ལྟོས་དང་། མདའ་ཁོག་སྤྲང་སྡེ་གན་ཚོ། འོ་ལེ། ང་ཚོས་ད་ནས་བཟུང་ཁོ་ཚོར་སྤྲང་སྡེ་ཞེས་འབོད། སྤྲང་སྡེ་གན་ཚོ། ད་ཐེངས་ངས་ཁོ་ཚོར་ལྟད་མོ་བཞག་ཡོད་ཡ།……”

སྐྱེས་པ་ཚོས་གདོང་ལ་ཡིད་ཚིམས་པའི་མདངས་ཤིག་ཤར་ཅིང་ལ་ལས་ལག་པ་རུམ་ལ་བཅུག་ནས་སྡོད་པ་དང་། འགའ་ཞིག་གིས་ཐ་མག་གི་དུ་བ་ལྷོག་ལྷོག་ཏུ་འབྱིན་ཅིང་ཅི་མི་སྙམ་པར་འདུག་ནའང་བུད་མེད་རྣམས་ཀྱིས་ད་དུང་ཅི་ཡིན་འདི་ཡིན་གྱི་ཧ་མ་གོ་བར་གཅིག་གིས་གཅིག་གི་གདོང་ལ་ཧྲིག་ཧྲིག་ཏུ་ལྟ་བར་བྱེད། 

ཕྱི་ཉིན་སྐྱ་རེངས་མ་ཤར་གོང་བུད་མེད་དར་མ་ཞིག་གིས་པང་དུ་བུ་ཆུང་ཞིག་བཟུང་སྟེ“དུར་ཐང”གི་ཕྱོགས་སུ་འཁྱར་མ་འཁྱོར་གྱིས་འགྲོ་བཞིན་འདུག   མོ་ནི་སྲུ་མོ་ལྷ་མཚོ་རེད། མོས་ལུས་ལ་སྐ་རགས་འཆལ་མ་འཆོལ་གྱིས་བཅིངས་པ་དང་ངོ་གདོང་ཧྲིལ་བོ་སྐྱ་ཐ་ལེར་གྱུར་ཅིང་མིག་རྩ་ཐམས་ཅད་དམར་པོར་ལོག་འདུག

དུར་ཕུང་གི་གམ་དུ་སླེབས་རྗེས། སྲུ་མོ་ལྷ་མཚོས་ངུ་རྒྱངས་བྱེད་བཞིན་པའི་རང་གི་བུ་ཆུང་ས་ལ་བཞག་སྟེ་པུས་མོ་ཐང་ལ་བཙུགས་ཤིང་ས་ཕུང་ལ་སྦར་འབྲད་བརྒྱབ་ཅིང“རྡོ་རྗེ། ཁྱོད་ཕྱིར་ཤོག་ཡ། འུ་ཚང་འདྲ་བ་ཞིག་ལ་སྡེ་བའི་དཔོན་པོ་མི་མཛའ……”ཞེས་ངག་སྒོ་ཆེས་ཆེར་ཕྱེ་ཡང་མདང་དགོང་ཞག་གང་བོར་ངུས་པས་སྐད་སྔར་ནས་འགགས་འདུག

སྲུ་མོ་ལྷ་མཚོས་ལྗིད་ཏིག་ཏིག་གི་གོམ་པ་རེ་རེ་ལེན་བཞིན་ལྟོགས་ནས་ངུ་སྐད་རྒྱག་བཞིན་པའི་བུ་དཔལ་ལྡན་པང་དུ་བཟུང་སྟེ་མདའ་ཁོག་སྡེ་བའི་ཕྱོགས་སུ་ག་ལེ་ག་ལེར་བསྐྱོད……

སྨག་ནག་པའི“དུར་ཐང”ནི་དངོས་གནས་གཤིན་རྗེའི་དུར་ཁྲོད་ཅིག་དང་འདྲ་བར་སྐྱི་གཡའ་ཞིང་འཇིགས་སུ་རུང་བ་དང་། མུན་པའི་ཁྲོད་དུ་འདྲེ་སྲིན་ཐམས་ཅད་ཀྱིས་འདི་རུ་མཆེ་བ་དྲག་ཏུ་གཙིགས་ཤིང་། སྡེར་མོ་རིང་དུ་གཟེངས་ནས་སེམས་ཅན་གང་ཞིག་གི“གསོལ་སྟོན”ལ་རེ་སྒུག་བྱེད་ཀྱིན་འདུག་པ་དང་མཚུངས།


1629682930338893.jpg

འབྲོང་བུ་རྡོ་རྗེ་རིན་ཆེན། མདོ་སྨད་གཅན་ཚ་གླེ་ཆེན་གྲོང་ཚོའི་མི། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པ་ནས་གསར་རྩོམ་གྱི་ལས་ལ་གཞོལ། བརྩམས་དེབ་ལ་ལོ་རྒྱུས་སྒྲུང་རིང《གངས་ཅན་བོད་ཡུལ་ལ་སྤྲིངས་པའི་འཕྲིན་ཡིག》དང《རྩོམ་ལ་འཇུག་པའི་སྒོ》སོགས་ཡོད་ཅིང་། སྔ་ཕྱིར་སྒྲུང་ཐུང《གཞིས་བྱེས་ལྷན་འཛོམས》དང་རྩོམ་རིག་དཔྱད་བརྗོད《སྟག་འབུམ་རྒྱལ་གྱི“ཁྱིའི་སྒྲུང་གཏམ”གྱི་བཀླགས་ཚོར》གཉིས་ལ་སྦྲང་ཆར་རྩོམ་རིག་བྱ་དགའ་ཐོབ། ཨའེ་ལུན་ཕུ་ཡི་སྒྲུང་རྩོམ་དེབ《བྱི་ལ་ནག་པོ》སོགས་དེབ་རེ་གཉིས་བོད་ཡིག་ཏུ་བསྒྱུར་ཡོད་པ་དང་། ཁོང་གི་བརྩམས་ཆོས་འགའ་ཞིག་དབྱིན་ཡིག་དང་ཧྥ་རན་སེ། ཉི་ཧོང་སོགས་ཀྱི་སྐད་དུ་བསྒྱུར་ཡོད། ད་ལྟ་གཅན་ཚ་ས་ཁུལ་དུ་སློབ་གསོའི་ལས་ཀ་གཉེར་བཞིན་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།