ཀྲུང་གོ་བོད་ཀྱི་དྲ་བ།

བོད། སྦས་སྐུང་གི་ལོ་ཟླ།(དྲུག)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བཀྲ་ཤིས་ཟླ་བས་བརྩམས།འབྲོང་བུ་རྡོ་རྗེ་རིན་ཆེན་གྱིས་བསྒྱུར།   སྤེལ་དུས། : 2021-08-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

“ཨ་པ་རྒན་པོ་ལགས། ཁྱེད་རང་ཁོང་ཁྲོ་མ་ལངས། ཨ། མེ་མདའི་མ་ཤུ་གཏན་ནས་གནོན་མི་ཉན། ཁྱོད། ཁྱོད། ཁྱོད་ཀྱིས་དེ་ལྟར་བྱས་ན་ཁྲིམས་ཆད་ཕོག་ཡོང་། ཁྱོད་ཀྱིས་ཉོན་དང་ངས་བཤད། ཨེ་ཨེ། ཁྱོད་ཀྱིས་གསལ་བོར་ལྟོས་དང་། ང་ནི་ཀྲུང་གོའིUFOའཕུར་སྡེར་སློབ་ཚོགས་ཀྱི་ཁོངས་མི་ཡིན། ང་ལ་དཔང་ཡིག་ཡོད། ཨེ། དཔང་ཡིག་འདི། རྫུན་མ་ག་ལ་ཡིན། ང་རང་ངོ་མ་སྐྲག་སོང་། ཁྱོད་ཀྱིས་མདའ་ཁ་ང་ལ་ཐོག་མཐའ་བར་གསུམ་དུ་མ་གཏོད་ཡ། གལ་ཏེ་མདའ་ཁ་ཤོར་ཚེ། འོ། ང་འགྲོ། ཆོག་གི་ཆོག་གི  ང་རེམ་པོར་འགྲོ། ཁྱོད་ཀྱིས་ངའི་རྒྱབ་ཏུ་ལྐོག་མདའ་འཕེན་མི་རུང་། ང་འགྲོ། ཨེ། གོ་མེད་ཁྱོད། གླེན་རྒན་ཁྱོད་ལ་ཇི་ལྟར་བཤད་ཀྱང་ཧ་མི་གོ་བ་ཅི་རེད། ཡ་ལགས། ང་འགྲོ། ཨ་པ་རྒན་པོ་ལགས། ངས་འདི་ལྟར་བྱས་ན་བྱ་བ་ངན་པ་ཞིག་སྒྲུབ་པ་ག་ལ་ཡིན། ངས་དཔྱད་རྩོམ་ཞིག་འབྲི་བཞིན་པའི་སྒང་ཡིན། ཨེ། དངོས་གནས་ཧ་གོ་ཡི་མི་འདུག ཁྱོད་ཀྱིས་ང་ལ་འདི་གར་ཆུ་ཚོད་གཅིག་ལ་སྡོད་དུ་ཆུགས་དང་། རིང་པོ་མ་རེད། ཆུ་ཚོད་གཅིག་ཉིད་རེད། རིང་པོ་མི་འདུག ཆུ་ཚོད་གཅིག་ཉིད་རེད། གལ་ཏེ་ངས་འཚོལ་སྡུད་འདི་ཙམ་ཞིག་བྱེད་ཐུབ་པ་བྱུང་ན།  དུས་ཚོད་རིང་པོ་མི་དགོས་ཏེ། ཆུ་ཚོད་གཅིག་ཉིད་ཀྱིས་ཆོག་པ་ཡིན། ཁྱོད་ཀྱིས་ཤེས་གསལ་ལྟར། ས་འདི་དང་རྣ་སི་ཁ་ཀླུང་ཐང་གཉིས་ཤིན་ཏུ་འདྲ་སྟེ། ལར་ངས་འདི་ག་ནི་དངོས་གནས་གནའ་བོའི་དུས་རབས་ཀྱི་འཇིག་རྟེན་ཐོག་གི་མི་འབབ་སའི་གནས་ཡིན་པ་ར་སྤྲོད་བྱེད་ཐུབ་ཀྱང་སྲིད། འོ། འདི་ནི་ཅི་ཞིག་རེད། འདི། འདི། རྡོ་འདི། ཨ། ཡག་པོ་འདུག་ཨང་། ཨེ་ཨེ་ཨེ། ཨ་པ་རྒན་པོ་ལགས། ངས་རྡོ་འདི་གལ་ཏེ་ལག་ཏུ་བསྒྲུགས་ཚེ། ཁྱོད་ཀྱིས་ང་རང་གསོད་མི་ཉན།  ངས་ངས་ངས་ཁྱོད་ལ་རེ་བ་ཞུ། ངས་ཁྱོད་ལ་རེ་བ་ཡང་ཡང་ཞུ” འགྲུལ་བཞུད་རྒྱབ་ཁུག་ཁུར་ཞིང་ཤེལ་མིག་གྱོན་པའི་སློབ་གྲྭ་ཆེན་མོ་པ་དེས་ཅི་བྱ་གཏོལ་མེད་ཀྱི་ངང་ནས། པུས་མོ་གཉིས་ཀ་ས་ལ་བཙུགས་ཏེ་མཚམས་མེད་པར་མིག་མདུན་དུ་མེ་མདའ་བཟུང་ཞིང་དུས་ངེས་མེད་དུ་མ་ཤུ་གནོན་རྐྱང་བྱེད་པའི་བགྲེས་པོ་དེ་ལ་ཕྱག་འཚལ་བཞིན་ཞུ་བ་བྱེད་པ་དང་། ཡིད་འགུལ་ཐེབས་ཏེ་འདར་ལྕུག་ལྕུག་བྱེད་པའི་རང་གི་ལག་པས་ལྐོག་ཏུ་ཆུ་ཤེལ་བཞིན་འོད་འཚེར་ཞིང་གསལ་བའི་རྡོ་ཆུང་དེ་དམ་དུ་འཆང་ནས་འདུག ཁོས་དངོས་གནས་བགྲེས་པོ་དེས་རྒྱ་སྐད་མི་གོ་ཞིང་ཁྲིམས་ལུགས་མི་རྟོགས་པ་ཤེས་མི་འདུག་ལ། ཡང་གཅིག་བཤད་ན། UFOརི་ཁུལ་གྱི་འབྲོག་མིས་དོགས་གནས་ཅུང་ཟད་དང་ཕྲད་ཚེ་ཚམ་ཚོམ་ཅི་ཡང་མེད་པར་ཁོའི་བེམ་པོ་དུས་གཏན་དུ་འདི་གར་བསྐྱུར་ངེས་ཡིན་པ་ལྷག་ཏུ་རྟོགས་ཐབས་མེད། 

“ཁྱོད་ཀྱིས་ཅི་བྱེད་བསམ་པ་ཡིན། གལ་ཏེ་ཁྱོད་ནི་དཀའ་ལས་མྱངས་པའི་ལམ་འགྲོ་བ་ཞིག་ཡིན་ན་ངས་ཁྱོད་རང་མགྲོན་པོ་ཞིག་གི་ཚད་དུ་བཟུང་ནས་སྣེ་ལེན་བྱེད་སྲིད་པ་ཡིན། འོན་ཀྱང་། ཁྱོད་ཀྱི་མིག་གཉིས་མཐའ་གཅིག་ཏུ་ས་ཐོག་ཏུ་ཅེར་ཏེ་ཅི་ཞིག་འཚོལ་བཞིན་འདུག དེ་མི་ཆོག ངས་ཁྱོད་ཀྱི་གདོན་འདྲེའི་མིག་འཕྲུལ་གྱིས་ས་འདི་གར་ཁྱད་གསོད་གཏོང་དུ་མི་འཇུག ཁྱོད་ཀྱིས་ཅི་ཡང་ཁྱེར་རྩིས་མ་བྱེད། ཐ་ན་རྩྭ་རྐང་གཅིག་ཀྱང་འཁྱེར་མི་ཆོག” ལོ་ན་བགྲེས་པའི་རྒན་པོ་དེས་གཞོན་ནུ་དེ་ལ་རྡོག་ཐོས་གཞུས་ཤིང་ལུས་པོ་བསྒུར་ཏེ་ཁོའི་ལག་ནས་རྡོ་བ་དེ་ཕྱིར་ཕྲོགས་ཤིང་རང་ཉིད་ཀྱི་ལག་མཐིལ་དུ་བཤམས། ངོ་མ། རྡོ་བ་དེ་ནི་རང་ག་བ་ཞིག་མ་ཡིན་པར་ཕྱི་གསལ་ནང་གསལ་དུ་འོད་མདངས་འཚེར་བ་ཞིག་ཡིན་ལ། ནང་དུ་ད་དུང་ཡ་མཚན་ཅན་གྱི་དཔེ་རིས་དང་བརྡ་རྟགས་ཤར་ནས་འདུག བགྲེས་པོས་འདི་གར་མི་ཚེའི་ཕྱེད་རྫོགས་ཀྱང་ད་རག་བར་དངོས་པོ་འདི་འདྲ་མཐོང་མ་མྱོང་མོད། ཡར་ཡོང་ནས་ཇ་ཡུན་ཙམ་ཡང་མ་འགོར་བའི་གསར་བུ་དེས་ཏག་ཏག་དེ་འདྲ་རྙེད་བྱུང་བར་ཡ་མཚར་བའི་གནས་ཅི་ཡང་མ་མཐོང་། ཡིན་ན་ཡང་། རྡོ་བ་འདི་ས་འདི་གར་ལོ་མང་པོའི་རིང་ལ་གཉིད་དུ་ཡུར་བ་ཡིན་པས། སྔར་བཞིན་དུས་གཏན་དུ་འདི་རུ་སྡོད་པ་ལས་ཕྱི་མི་དག་གིས་ཁྱེར་ན་ག་ལ་འགྲིག དེ་ནས། བགྲེས་པོས་ལག་ཤེད་བཀོལ་ནས་རྡོ་བ་དེ་གཙང་པོའི་ནང་དུ་ཅལ་སེ་གཡུགས། 

གཞོན་ནུ་དེས་འགོག་རྩིས་བྱས་ཀྱང་བྱེད་ལོངས་མ་བྱུང་བར། གཙང་ཆུས་རླབས་ཀྱི་ཟེགས་མ་གཏོར་ཞིང་གཉེར་རིས་རིམ་པ་རེ་རེ་བཞིན་བརྩེགས་ཏེ་གཙང་ངོགས་སུ་མཆེད་ཡོང་།

“ཀླད་མེད་ཁྱོད”གཞོན་ནུ་དེས་དཔུང་བ་གཉིས་བརྒྱངས་ཤིང་བཟོད་གླགས་མེད་པར་སྐད་ཅོར་བརྒྱབ་ཅིང་། དང་ཐོག་བྲང་ཁོང་བརྡུངས་ཏེ་རྐང་རྡེབ་གཏོང་བ་དང་། དེ་ནས་ས་ལ་ཙོག་སྟེ་མགོ་བོ་བསྐྱོར་ནས་སྐད་ཆེན་པོས་ངུ་འབོད་གཏོང་ལ། སྐྱོ་གདུང་ཚད་མེད་ཀྱི་རྣམ་འགྱུར་དེས་བགྲེས་པོ་ཡང་ཅི་བྱ་གཏོལ་མེད་ཀྱི་གནས་སུ་སྦྱར། 

“གན་ཁྱོད་ཀྱི་ཨ་ཕའི་སྤྲུལ་བ་ཡིན་ནམ། དེ་མིན་ན། ཁྱོད་རང་ཅི་ཞིག་གི་རྣམ་ཤེས་འཚོལ་དུ་ཡོང་བ་ཡིན་ནམ”བགྲེས་པོས་ལུས་པོ་སྒུར་སྒུར་གྱིས་དྲན་པ་ཉམས་པ་ལྟ་བུའི་གཞོན་ནུ་དེ་སྒུལ་བཞིན་དུ་དེ་ལྟར་བཤད། སློབ་གྲྭ་ཆེན་མོ་པ་དེས་བགྲེས་པོར་ལྟ་བཞིན་ཅི་ཡིན་འདི་ཡིན་མེད་པར་ཐོག་མར་མགོ་བོ་ནང་དུ་ལྡེམ་ལྡེམ་བྱས་ཤིང་དེ་མུར་ཡང་མགོ་བོ་འཕྲེད་དུ་གཡུག་གཡུག་མཛད་དེ་ག་ལེར་ཡར་ལངས་པ་དང་། བླ་སྲོག་བོར་བ་ཇི་བཞིན་འགྲུལ་བཞུད་ཁུག་མ་ལག་ཏུ་བླངས་ཤིང་ར་རོ་བ་ལྟར་འཁྱར་མ་འཁྱོར་གྱིས་ཁོ་དང་ཁ་བྲལ། 

“ཁྱོད་མ་འགྲོ། ངས་ཁྱོད་ལ་བཤད”བགྲེས་པོས་ཁོ་རང་བཀག་ནས“དངོས་པོ་གན་མཐར་གཏུགས་ན་ཅི་ཞིག་རེད། ཁྱོད་ཀྱིས་ང་ལ་དེའི་ནང་དུ་གསང་བ་ཅི་ཞིག་གནས་པ་བཤད་འདོད་པ་ཡིན་ནམ། རེད། ཡིན་ངེས་རེད”

གཞོན་ནུ་དེས་ཁ་ཡ་ཙམ་ཡང་མི་བྱེད་པར་མིག་ཟུང་གིས་ཧད་དེ་རྒྱང་རིང་ལ་ལྟ་བཞིན་ཀླུང་ཐང་གི་སྣེ་མོར་ཕྱིན་སོང་། 

“བྱིས་པ་ལགས། ཕྱིར་ཤོག ཁྱོད་ཕྱིར་ཤོག”བགྲེས་པོས་སྐད་ཆེན་པོས་འབོད་ཀྱིན་མེ་མདའ་བཏེགས་ནས་བསྟུད་མར་མ་ཤུ་ཐེངས་འགར་མནན་པ་ན། མདེའུ་ནི་ཟིར་སྒྲ་དང་བཅས་སློབ་གྲྭ་ཆེན་མོ་པ་དེའི་སྤྱི་གཙུག་གི་ཀླད་ནས་ཡེར་བ་དང་། ཁོ་ཁ་ཕྱིར་ཙམ་ཡང་མི་འཁོར་བར་བླ་འཁྱམས་པ་ལྟར་ཀླུང་ཐང་གི་མཐའ་ཁུལ་ནས་ག་ལེར་བབས། 

བགྲེས་པོས་ཡིད་ཕམ་པའི་ངང་སྤང་ངོས་སུ་ཙོག་ཅིང་མེ་མདའ་པང་དུ་བཟུང་སྟེ་ཧུར་རེར་གཙང་ངོས་སུ་ཅེར་ནས་འདུག ཁོས་གློ་བུར་དུ་རང་གིས་གླེན་རྟགས་ཅི་ཞིག་བསྟན་པར་རྟོགས་སད་བྱུང་སོང་། ཤེལ་མིག་གྱོན་པའི་མི་དེས་སྦྲུལ་ལྷ་རི་བོའི་སྟེང་གི་གསང་བ་ཅི་ཞིག་རྟོགས་འདུག་པ་ཁོ་ཐག་ཡིན་ཏེ། གསང་བ་དེ་ནི་ཁོས་ལོ་དུ་མའི་རིང་ལ་བརྟོལ་འདོད་ཡོད་ཀྱང་ཡང་སྙིང་གང་ཞིག་བརྟོལ་དགོས་པ་མི་རྟོགས་པའི་ལྐོག་གྱུར་ཞིག་ཡིན་ལ། ཁོའི་མི་ཚེ་གང་བོའི་དཀའ་སྤྱད་ཀྱི་བརྒྱུད་རིམ་དང་འབྲེལ་བ་ཡོད་པ་ཞིག་ཀྱང་རེད། དེ་ལྟར་མིན་ན། ཁོས་དེ་ལྟར་འཚོལ་དོན་ཅི་ཡོད། བགྲེས་པོའི་མི་ཚེའི་ལོ་ཟླ་རིང་མོའི་ཁྲོད་དུ་སྟེ། ཁོས་ཁུར་ཡོང་བའི་བུ་མོ་དང་སྙོར་སྐྱོང་བྱས་པའི་བྱིས་པ། སྲོག་བསྐྱབས་མྱོང་བའི་ཇག་པ། སྣེ་ལེན་བྱས་མྱོང་བའི་བཅིངས་འགྲོལ་དམག་དང་། རི་འདབས་སུ་མཐོང་མྱོང་བའི་སྐྱེས་པ་དང་བུད་མེད། ཞིང་པ། བླ་མ། སྤྲང་བོ། བགྲེས་པོ། ལས་ཀ་པ། སྒྱུ་རྩལ་པ་སོགས་ནི་གང་ལའང་བགྲང་རིན་མི་འདུག་མོད། གཞོན་ནུ་འདིའི་སྐྱོ་ཞིང་ཁྲོ་བའི་ངང་ཁོ་དང་ཁ་གྱེས་ཚུལ་ནི་ཁོའི་དྲན་པའི་ངོས་ནས་ཡལ་ཐབས་མི་འདུག ཁོའི་བསམ་པར། གལ་ཏེ་གཞོན་ནུ་དེ་ནམ་ཞིག་ལ་སླར་ལོག་ན་ཁོས་དེ་ལ་ངེས་པར་དུ་མི་མཆོག་གྱུར་ཞིག་གི་ཚད་ནས་སྣེ་ལེན་བྱ་རྒྱུ་ཡིན་པ་དང་། ཁོས་ཅི་ཞིག་འཚོལ་འདོད་ན་ཁོ་ལ་རང་དབང་གིས་དེ་ཉིད་འཚོལ་དུ་འཇུག་དགོས་སྙམ། རྒྱུ་མཚན་ནི། གཞོན་ནུ་དེས་ནམ་ཞིག་གི་ཚེ་ན་རང་གི་སེམས་ན་སྦས་པའི་འདག་པར་དཀའ་བའི་བསམ་ཚུལ་དེ་དག་བརྟོལ་དགོས་པ་སྟེ། དཔེར་ན། རང་ཉིད་ཅིའི་ཕྱིར་མི་ཡུལ་དུ་སླེབས་རྗེས་ཕ་མས་འདོར་དགོས་པ་དང་། ཅིའི་ཕྱིར་བུད་མེད་ཅིག་ལ་མི་ཚེ་གང་བོར་དུངས་ཏེ་ཞེན་ཆགས་དྲག་པོ་འདོར་མི་ཐུབ་ཀྱང་མཐའ་མར་དེ་ཡང་ཐོབ་མ་ཐུབ་པ་དེ་གནད་གང་ལ་ཐུག་པ། རྒྱུ་གང་ཞིག་གིས་ཁོ་རང་མི་མེད་ཀྱི་ཐང་སྟོང་འདིར་ཨུ་ཚུགས་ཀྱིས་བདས་ཏེ་འཚོ་གནས་དང་མི་རྒྱུད་སྤེལ་དུ་བཅུག་པ། ཁོའི་འཚོ་བའི་འཇིག་རྟེན་ནི་ཁོ་རང་ཉིད་ལ་གཏོགས་མིན་དང་། དེ་ནི་བདེན་པའི་དོན་ཞིག་ཡིན་མིན། གཞན་ཡང་རི་ཚོགས་ཀྱི་ཕྱི་རོལ་ན་ད་དུང་ཁོ་ལ་མཚོན་ན་སྔར་ལས་ཆ་རྒྱུས་ཡོད་ཅིང་བདེན་པར་གྲུབ་པའི་འཇིག་རྟེན་གཞན་ཞིག་ཡོད་མེད་སོགས་རྟོགས་འོས་པ་ལྟ་བུ་རེད།

ཁོས་ཁ་རོག་གེར་གསོལ་བ་འདེབས་མགོ་བརྩམས། 

བསྟུད་མར་ཉིན་གསུམ་ལ། སྒོར་ཁང་གི་དུད་ཁྱིམ་གྱི་དུ་བ་ལ་ངེ་ལིང་ངེ་དེ་མཐོང་ལམ་དུ་མི་སྣང་བར་གྱུར། ཀླུང་ཐང་དང་གངས་རྩེ་སྦྲེལ་བར་བྱེད་པའི་རྒྱུགས་ཆུའི་ཉག་ཁའི་འགྲམ་ནས་ཐུར་དུ་བལྟས་ཚེ། ཆུ་མཛོད་ནི་གཤོང་ཁུག་ཅིག་དང་འདྲ་བར་ནང་ངོས་ཐམས་ཅད་སྔར་ནས་བསྐམས་ཚར་འདུག དེ་སྔ་སྐབས་ཤིག་གི་རིང་དུ་ལངས་པའི་ཚ་ཚ་འུར་འུར་གྱི་ངོ་མཚར་བའི་ཤུལ་རྗེས་དག་ད་ནི་ཁུ་སིམ་གྱི་ས་རྒོད་དུ་བསྐྱུར་འདུག གངས་འདབས་ཀྱི་ཆུ་ཕྲན་ནི་ཆུ་མཛོད་ཀྱི་འགྲམ་ངོགས་བརྒྱུད་དེ། སྔོན་དང་འདྲ་བར་ཤུགས་ཆེན་པོས་ཟབ་རྫིང་དུ་འབབ་ཅིང་རི་འདབས་ཀྱི་བྱེ་སྒང་ཁུལ་དུ་བཞུར་ནས་གཙང་པོར་འདྲེས། སྒོར་ཁང་དུ་ཆགས་པའི་རྡོ་ཁང་དེའི་ཁ་དོག་དང་གྲོག་རོང་གི་ཁ་དོག་གཉིས་གཞི་གཅིག་ཏུ་འདྲེས་ཏེ་དབྱེར་མེད་དུ་སྣང་། བགྲེས་པོ་ཟླ་བཟང་རི་རྩེའི་ཀླུང་ཐང་དུ་འཚོ་བ་རོལ་བའི་དུས་ཡུན་ནང་དུ། འདི་གར་ཡོང་ནས་སྒོར་ཁང་ལ་ཕུར་ཚུགས་སུ་མི་ལྟ་བའི་ཉིན་ཞིག་མེད། སྔོན་དུས་ཤ་དར་ཁྲག་དར་གྱི་སྐབས་སུ་ཁོ་རང་བྱིན་པ་གཉིས་ལ་བརྟེན་ནས་ཕར་རྒྱུག་ཚུར་རྒྱུག་བྱེད་མོད། འོན་ཀྱང་ད་ནི་ཁོ་དང་འདྲ་བར་རྒས་འཁོགས་སུ་གྱུར་པའི་རྟ་ཕོ་ཁམ་པ་ཞིག་ལ་ཞོན་ཏེ་ལམ་གང་བོར་ཧ་ནེ་ཧོན་ནེར་གཉིད་ལྕོག་རྒྱག་གིན་དུ་འགྲོ། 

ཁོས་ཀླུང་ཐང་དཀྱིལ་དབུས་ཀྱི་རྒྱང་རིང་གི་སྦྲ་གུར་ལ་གདོང་གཏད་དེ། མཛུབ་གུ་ཁ་ནང་དུ་བཙུགས་ཤིང་ལུས་ཀྱི་ཤུགས་ཡོངས་སུ་བསྒྲིལ་ནས་ཁ་ཤུ་རིང་པོ་ཞིག་བཏབ། ཁ་ཤུ་བཏབ་པ་དེས་ཁོའི་མིག་ནང་དུ་མེ་སྟག་འཚུབ་ཅིང་ལུས་ཤུགས་ཞོམ་སེ་ལྷུང་ལ། དངོས་ནས་ཏག་ཏག་ཅུང་ཟད་ལས་ལྷག་མེད་པའི་ཟུངས་ཤུགས་དེ་ཁ་ཤུ་དེ་ཙམ་གྱིས་ཡོངས་སུ་བཅིལ་བ་དང་མཚུངས། ཆུང་དུས་མ་མོ་ཞིག་གིས་བརྫིས་ནས་རྐང་བ་བཅགས་པའི་ལོ་བཅོ་ལྔ་ཅན་གྱི་ཡང་ཚ་དེ་རྟ་ཕོ་དཀར་པོ་ཞིག་ལ་ཞོན་ནས་ཚུར་ཡོང་བ་དང་། ཁོས་ཡང་ཚ་དེ་རི་འདབས་ཀྱི་འབྲོམ་སྟོད་དུ་སོང་སྟེ་དེ་གའི་མི་རྣམས་ཡར་སྒོར་ཁང་དུ་འབོད་དུ་བཅུག ཁོ་ཚོ་དངོས་ནས་སྒོར་ཁང་གི་ཆེས་མཐའ་མཇུག་གི་མི་ལ་བལྟ་རུ་ཡོང་ན་འགྲིག་གི་རེད། ཟླ་བཟང་གིས་དེ་ལྟར་གདམས་རྗེས་འཁར་བར་བརྟེན་ནས་གཡང་རོང་གི་བྲག་གཟར་ཕྱོགས་སུ་ཆས། 

“སྤོ་བོ་ལགས། ཉེན་ཁ་ཆེན་པོ་འདུག” ཡང་ཚས་སྐད་ཅོར་བརྒྱབ།

“ཉོག་བཤད་མ་རྒྱག  ལམ་འདིར་ང་སོང་མྱོང”ཟླ་བཟང་ཡང་ཚའི་སྟེང་ལ་ཁོང་ཁྲོ་ཆེན་པོ་སྐྱེས་བྱུང་ལ། དེའི་ཚུགས་ཀར་བལྟས་ན་ཁོ་དང་རྡུང་རེས་ཐེངས་ཤིག་རྒྱག་འདོད་པ་དང་ཀུན་ནས་མཚུངས། 

རེད། དེ་དུས་ང་རང་ལམ་འདི་ཀོ་བརྒྱུད་ནས་ཡར་འགོས་ཡོང་བ་ཡིན་ལ། ཐེངས་ག་ཚོད་ལ་འགོས་པ་ནི་དྲན་པས་མི་ཟིན་པར་འདུག ཐེངས་ཤིག་རི་རྩེར་སླེབས་དུས་ས་རུབ་འདུག་པ་དང་། ང་རང་རྡོ་ལེབ་ཅིག་གི་སྟེང་དུ་ཞག་གང་བོར་གཉིད་པ་ཡིན། ཕྱི་ཉིན། མིག་ཕྱེ་དུས། ཨ་ཙི། གནམ་རྒན་མ། འདི་ནི་གནས་ས་གང་ཞིག་རེད་དམ། འཇིག་རྟེན་སྟེང་དུ་ང་རང་གཅིག་པུ་ལས་ལྷག་མེད་པ་དང་འདྲ། རེད། ངས་ད་དུང་རྡོ་ལེབ་འདི་རྐང་བས་བརྫིས་ནས་ལག་པ་བསྲིངས་ཤིང་སྡོང་བུ་དེ་འཛིན་དགོས་པ་ཡིན་ནམ། སྡོང་བུ་དེ་སྔར་ནས་ཤི་ཟིན། རེད་ཡ། ས་སྟེང་གི་སྐྱེ་དངོས་ཡོད་ཚད་ལ་སྐྱེ་འཆི་ཡོད་འདུག སྔོན་ཆད་སྒོར་ཁང་གི་ར་ལུག་རྣམས་ཀྱང་འདི་འདྲའི་ཉེན་ཁ་ཆེ་བའི་གནས་སུ་འགོས་མ་མྱོང་སྟེ། ངས་ཇི་ལྟར་བདས་ཀྱང་དེ་ཚོའི་སུག་བཞི་བྲག་སྲུབས་སུ་གཟེར་མ་བཏབ་པ་བཞིན་འདེད་མི་ཐུབ་པས་ཤུགས་ཀྱིས་ཡང་དང་བསྐྱར་དུ་འཐེན་ནས་བཏོན། སྐབས་དེ་ཤེད་ཀྱི་རིང་ལ་ང་ནི་ངོ་མ་འགྲན་ཟླ་མེད་པ་ཞིག་རེད། ཨ་ཙི། འགྲིག་མ་བྱུང་། རྐང་འདྲེད་ཤོར་སོང་། གནམ་རྒན་མ། སུ་ཞིག་ང་རང་བསྐྱབ་ཏུ་ཡོང་ངམ། ཟླ་བཟང་གི་མགོ་བོ་ཐུར་དུ་ཕྱོགས་ཤིང་། རྐང་བ་གཉིས་གནམ་ལ་བསྟན། ཁོས་སྒོར་ཁང་གི་རྒྱུད་སྐུད་དཀར་པོ་ལྟ་བུའི་རྒྱུག་ཆུ་མིག་ལམ་ནས་སྐད་ཅིག་ལ་འཁྱུག་པ་མཐོང་ལ། ཁོར་ཡུག་གི་རི་ཚོགས་མིག་མདུན་དུ་མགོ་རྟིང་འགྲིལ་བ་ཡང་མཐོང་། ཁོའི་ལུས་པོ་བར་སྣང་ནས་ལྗིད་ཏིག་གེར་ལྷུང་ཞིང་གང་ལ་ཡང་ཐོགས་རེག་མ་བྱུང་། ཁོས་དངོས་པོ་གང་ཞིག་ལ་དམ་པོར་འཇུས་འདུག་ཅིང་། དངོས་པོ་དེ་ནི་ལྗིད་ཚད་སྤུ་ཙམ་ཡང་མེད་པར་ཁོ་དང་མཉམ་དུ་མཐའ་གཅིག་ཏུ་མར་ལྷུང་གིན་ཡོད་ལ། མ་གཞིར་དེ་ནི་ལག་པའི་ནང་དུ་འཆང་བའི་འཁར་བ་རེད། ཁོའི་སྙིང་ཡང་མིད་པའི་ཁར་བཙངས་ཡོང་སྟེ་ཁོག་གི་ནང་ཁྲོལ་ཕྱིར་བྲུས་པ་དང་འདྲ་བར་ཡ་ཆུང་ཁོག་པ་སྟོང་ལྷང་ལྷང་དུ་གྱུར་འདུག ཨ་ཁ་ཁ། མ་གཞིར་མགོ་ནག་མི་འཕུར་སྐྱོད་བྱེད་པའི་ཚོར་བ་ནི་འདི་འདྲའི་བསྲན་དཀའ་བ་ཞིག་རེད་ཨང་། མིའི་རྐང་བ་གཉིས་ས་གཞི་དང་ཁ་བྲལ་ཚེ་གསོན་ཐབས་མེད་ཅིང་། མཐར་གཏུགས་ན་ཡར་འཕུར་བའམ་ཡང་ན་མར་ལྷུང་བ་ནི་སུས་ཀྱང་བཤད་དཀའ་བ་ཞིག་རེད། ལུས་པོ་འཁོར་སྐྱོད་བྱས་ཏེ་བར་སྣང་དུ་མགོ་རྟིང་འགྲིལ་ཡང་དུས་གཏན་དུ་ཕུགས་སྣེར་རེག་མི་ཐུབ་པ་ནི་ཅི་ཞིག་ཡིན། སྡུག་བསྔལ་ཆེས་ལྕི་བ་ནི་ཇི་ལྟར་གསོན་པ་དང་ཇི་ལྟར་འཆི་བ་དེ་མ་ཡིན་པར་ལུས་ཕུང་གང་ལ་ཡང་རེག་མི་ཐུབ་པར་བར་དོའི་མུན་ཁང་དུ་ལྡིང་སྐོར་རྒྱག་པ་དེ་རེད། དེ་ལྟར་ན་ང་ལ་སྔར་བཞིན་ཚེ་རིང་རྒྱལ་མོ་དང་སྐྱེ་བ་སྔ་མའི་ལས་འཕྲོ་ཡོད་པ་འདྲ་སྟེ། མཇུག་མཐར་ངས་མོ་རང་མཐོང་ཐུབ་པ་བྱུང་མོད། འོན་ཀྱང་། གལ་ཆེན་ནང་གི་དོན་ཆེན་དུ་གྱུར་བའི་རེ་ལྟོས་དེ་གང་ལ་སོང་། ངའི་མཐའ་མཇུག་གི་རེ་སྒུག་ནི་ཤེལ་མིག་གྱོན་པའི་གཞོན་ནུ་དེ་སླར་ཡང་སྦྲུལ་ལྷ་རི་རྩེར་ཐེངས་ཤིག་བསླེབ་རྒྱུ་དེ་མ་ཡིན་ནམ།

ཚེ་རིང་རྒྱལ་མོ་པགས་གདན་དམའ་མོ་ཞིག་ཏུ་བསྡད་དེ་ཁོ་ལ་སྒུག་ཅིང་འདོད་པས་གདུང་བའི་རྣམ་འགྱུར་སྣ་ཚོགས་སྟོན་པར་བྱེད། མོས་ལག་ཟུང་གིས་མ་ནེ་བཏེགས་ཤིང་མིག་གིས་སྒེག་ཉམས་དང་ལྡན་པའི་ངང་ཟླ་བཟང་ལ་ཟུར་མདའ་རེ་འཕེན། ཁང་བའི་ནང་གི་སྒྲོན་འོད་མག་མོག་ཅིག་ལས་མི་གསལ་ན་ཡང་ཟླ་བཟང་གིས་སྔར་བཞིན་མོའི་མིག་ནང་གི་འཛུམ་མདངས་འཕྲོ་བའི་མཆི་མ་གསལ་བོར་མཐོང་ཐུབ། ཚེ་རིང་རྒྱལ་མོའི་གོན་པ་འཆལ་ལེ་འཆོལ་ལེ་ཞིག་གྱོན་པ་དང་སྐ་རགས་ཀྱང་གློད་དེ་འདུག་ལ། སྐད་དམའ་མོས་གླུ་གཞས་ལེན་བཞིན་འདོད་པ་སློང་བ་ལྟར་པགས་གདན་སྟེང་དུ་འགྲེ་ལྡོག་རྒྱག་པ་ལས། སྐད་ཆ་ཚིག་གཅིག་ཀྱང་མི་བཤད་པར་མགོ་བོ་དུད་དེ་འདུག་ཅིང་། སྐབས་འགར་ད་དུང་སྡུག་བསྔལ་དང་བརྩེ་གདུང་ཟབ་མོས་ཟླ་བཟང་ལ་ལྟ་ཙམ་ཡང་བྱེད། 

“ད་ལྟ། སྒོར་ཁང་དུ་ང་གཅིག་པུ་ལུས་འདུག” ཚེ་རིང་རྒྱལ་མོས་དེ་ལྟར་བཤད། 

“ད་དུང་ང་ཡང་ཡོད་པ་མིན་ནམ” ཟླ་བཟང་གིས་དེ་ལྟར་ལབ།

“ཁྱོད། ཁྱོད་ནམ་ཡང་ཕྱི་རོལ་ན་སྤྲང་པོ་བཞིན་དུ་འཁྱམ་བཞིན་འདུག”

“ང་འཁྱམ་གྱིན་མེད། ངས་ད་རག་བར་ཁྱོད་ཉིད་ཆུང་མར་ལེན་བསམ་ནས་བསྡད་ཡོད”

“ད་ལྟ་ང་རང་ཆུང་མར་བླངས་ཆོག” ཚེ་རིང་རྒྱལ་མོ་ཕར་སོང་ནས་སྒོ་གཏན་བྱུང་ལ། མོ་རང་ཕར་འགྲོ་སྐབས་གོས་ཐམས་ཅད་གློད་འདུག་པས་ལུས་ཡོངས་སྔར་ནས་གཅེར་བུར་མངོན་བྱུང་། 

ཟླ་བཟང་གིས་དང་ཐོག་སྒོ་ལ་རྡོག་པས་གཞུ་ཞོར་སྐད་ཆེན་པོས་བཤད་རྒྱུར། “མ་ཡེ། བྱམས་བརྩེ་ལྡན་པའི་དམག་མིས་ལེགས་སྐྱེས་ཁྱེར་ནས་ཡོང་གིན་འདུག ཁོ་ཚོ་ལམ་ཧྲིལ་བོར་ཁ་བསྐམས་ཤིང་ལྕེ་བསྲད་འདུག་ན་ཅིའི་ཕྱིར་ང་ཚོ་སྒོར་ཕུད་པ་ཡིན། ཁྱོད་ཚང་གི་བུ་མོ་གནས་ལ་འགྲོ་བར་བློས་མི་ཐོངས་པ་ཡིན་ནམ་ཡང་ན་ལེགས་སྐྱེས་ཉུང་དྲགས་པར་འཛེམ་པ་ཡིན”

“སུ་ཞིག་གིས་སྤྲང་པོ་ལྟར་སྒོ་ཕྱི་ན་ཕ་འབོད་མ་འབོད་བྱེད་པ་ཡིན”ཚེ་རིང་རྒྱལ་མོས་ཁང་བའི་ནང་ནས་དེ་ལྟར་འདྲི་ཞིང“ངེད་ཚང་གི་ཤིང་སྒོ་རྡོག་པས་བཅགས་ན་ཁྱོད་ཀྱིས་གསེར་སྒོས་ཀྱང་འཇལ་ཐབས་མེད”ཟེར་བཞིན་སྒོ་ཕྱེ་བྱུང་།

“མི་སྡུག་པ་འདིའི་ཚུགས་ཀར་ལྟོས་དང་། ས་གང་ཞིག་ན་རྟ་བབས་ཡོད། ལྟོས་དང་ཁྱོད་ཀྱི་གོན་པ་ནི་ཇི་འདྲའི་བཙོག་ཅིང་ཇི་འདྲའི་རལ་བ་ལ། ཉེ་མི་སྣེ་ལེན་དང་བསུ་མ་མཛད་མཁན་རྣམས་གང་དུ་བདས་སོང”

ཁོ་གཉིས་ཀྱིས་ཡུད་ཙམ་ལ་དགོད་རེས་སྡིགས་རེས་བྱས་པ་དེས་ཉེ་མི་བསུ་བའི་ཆོ་ག་ཡོངས་སུ་རྫོགས་པར་བྱས་ཤིང་། དེ་མུར་སྒོ་ཡང་གཏན་ཏེ་སྙིང་ཉེ་ཉེའི་སྒོ་ནས་སྟན་ཐོག་ཏུ་ཙོག སྐལ་བ་བཟང་པོ་འདིར། ཚེ་རིང་རྒྱལ་མོས་གསོལ་ཇ་དེམ་གང་དང་སོ་མ་བཏགས་པའི་རྩམ་པ་དཀར་ཡོལ་དོ། མར་གསར་བ་དཀར་ཡོལ་དོ་བཅས་བསྣམས་འོངས་པར་མ་ཟད། སྟེང་དུ་ནས་ཀྱི་ལྗང་བ་བཙུགས་པའི་གྲོ་སོ་ཕྱེ་མར་གྱི་སྒྲོམ་ཁྱེར་ཡོང་སྟེ་ལྷ་སྐུ་ལ་ཕྱག་གསུམ་བཙལ་རྗེས་མཉམ་དུ“དཀོན་མཆོག་གསུམ་པོ་ནི་མགོན་དང་བྲལ་བ་དག་གི་སྐྱབས་གནས་དང་སྐྱབས་མེད་པ་རྣམས་ཀྱི་མགོན་དུ་གྱུར་པ་ཡིན་ན་ངེད་གཉིས་གཅིག་སེམས་གཅིག་ལ་མཐུན་ཞིང་། བགེགས་དང་བར་ཆད་མེད་པ། གཏན་དུ་འབྲལ་བ་མེད་པ་དང་། བསམ་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་ཤོག”ཅེས་སྨོན་ལམ་བཏབ་ཅིང་། དེ་ནས་ཚེ་རིང་རྒྱལ་མོ་ཡར་ལངས་ཏེ་ཕྲག་པ་འདར་ཙམ་བྱས་པའི་མོད་ལ་ལུས་ཀྱི་གོན་པ་དེ་བྱིན་པའི་བར་དུ་མར་ལྷུང་བ་དང་། ཟླ་བཟང་གིས་ལག་ཟུང་རྩུབ་པོ་དེ་ཕར་བསྲིངས་པའི་མུར། དེ་མ་ཉིད་དུ་ཀླད་པའི་ནང་དུ་དྲན་པ་སྣ་ཚོགས་ཤིག་ཉོག་པར་ཤར……ང་ནི་སྐྱེས་པ་ཞིག་ཡིན་ནམ། ཕྱིར་ཤོག་དང་། སྔར་ནས་ཤོར་ཟིན་པའི་བདག་གི་རྣམ་ཤེས་ཨང་། འཇམ་ཞིང་ནེམ་པའི་རྩྭ་རྩེ་ཙམ་གྱིས་ཀྱང་མ་གཞིར་ཤ་སྐྱི་བརྟོལ་ཐུབ་པ་མ་ཡིན་ནམ། སྦྲུལ་ལྷ་རི་བོར་མངོན་ཤེས་མེད་ཀྱང་དེ་ལ་དངོས་གནས་རྣམ་ཤེས་འཁོར་བཞིན་ཡོད་པ་རེད། ཁྱོད་ཀྱིས་ཐང་སྟོང་དབུལ་ལྗོངས་ཀྱི་མཐོ་སྒང་གི་རྟག་བརྟན་གྱི་མཛེས་པ་དང་། རྩུབ་ཅིང་འཇམ་པའི་ཚོར་བ་དེ་རྒྱུད་ལ་མྱོང་ཐུབ་བམ། ཁྱོད་ཀྱིས་རྡོ་གསེབ་ཏུ་ལྷུང་ཞིང་ཁྱུ་དང་བྲལ་བའི་ལུ་གུ་མཐོང་མྱོང་ངམ། རྒྱང་རིང་རྩྭ་ཐང་གི་ལ་ངོས་ན་འཁང་མདོག་ཅི་ཡང་མེད་པར་འཆི་བར་སྒུག་པའི་ཁེར་རྐྱང་གི་གླང་རྒན་དེ་མཐོང་མྱོང་ངམ། གང་ནས་ལྡང་ཡོང་བ་ཡང་མི་ཤེས་པའི་ལྷགས་རླུང་དེས་རེག་མྱོང་ངམ། ད་དུང་གྲོག་རོང་དང་ཀླུང་ཐང་དུ་སྐྱེས་པ་གཞན་གྱིས་མ་ཤེས། ཤི་བ་རང་གིས་མ་ཚོར་བའི་མི་དེ་དག་མཐོང་མྱོང་ངམ། རི་རྩེའི་འབྲོག་པ་དག་གིས་ཕ་བོང་ཐོག་ཏུ་ཙོག་སྟེ་ངོ་གདོང་ཁ་ཁུ་སིམ་པའི་རི་ཚོགས་ལ་གཏོད་པ་དང་། ངོ་གདོང་དཔག་པར་དཀའ་བའི་ཨ་སྔོན་དབྱིངས་ལ་ཕྱོགས་ཤིང་། ངོ་གདོང་སྲིད་པའི་དངོས་པོ་ཇི་སྙེད་པ་གནས་པའི་མཁའ་དབུགས་ལ་གཏད་དེ་དལ་ཅག་གེར་འཇིག་རྟེན་གྱི་མཐོ་ཚད་རྟོག་པ་དང་གྲོག་རོང་གི་དྲི་མར་མྱོང་ཞིང་། རང་བྱུང་ཁམས་ཆེན་པོའི་ལྷིང་འཇགས་ལ་གསན་བཞིན་རང་ཉིད་ཚུད་པའི་སྟོང་ཁམས་ཀྱི་རིམ་པར་བསམ་བློ་ཞིབ་ཏུ་གཏོང་བར་མ་ཟད། སྔ་མོ་ནས་རང་གི་ལུས་ཕུང་དང་བྲལ་བའི་རྣམ་ཤེས་ལ་འཚོལ་འདེད་བྱེད་བཞིན་མཆི། ཁོ་ཚོས་གླུ་དབྱངས་ཤིག་ཐོས་བྱུང་། ཡིད་ཁམས་སུ་ལོ་དང་ཟླ་བར་ཉར་ཏེ་ངག་དང་སྐད་སྒྲ་མེད་པར་གྱུར་པའི་གླུ་དབྱངས་དེ་ནི་དུས་གཏན་དུ་སེམས་ཀྱི་གཏིང་རིམ་དུ་སྦེད་པར་བྱེད་པ་ལས་བྲང་ཁོང་ནས་བརྟོལ་ཏེ་རྒྱང་རིང་གི་ཡུལ་དེར་མཆེད་མི་ནུས། ཡིན་ན་ཡང་། ཁྱོད་ཀྱིས་ཐོས་བྱུང་ངམ། ཐོས་བྱུང་ངམ། ཐོས་བྱུང་ངམ། གྲོག་རོང་ཧྲིལ་བོའི་ཁྲོད་དུ་ཁྱོད་ཀྱིས་ཐོས་བྱུང་ངམ་ཞེས་པའི་སྐད་སྒྲ་དེ་བྲག་ཅར་ལྷང་ལྷང་དུ་འཁོར།

ཡང་ཚས་མི་བོས་ཏེ་ཐོན་བྱུང་། ཁོ་རྐང་བ་མི་བདེ་བས་སྒོར་ཁང་དུ་ཡོང་མ་ཐུབ་པར་འབྲོམ་སྟོད་ཀྱི་དེ་ག་ནས་རི་རྩེར་ལོག་སོང་། མི་དེ་ནི་ད་ལྟ་རི་འདབས་སུ་སྡོད་པའི་བཀྲ་ཤིས་ཟླ་བ་རེད། ཁོ་རང་གི་ལྷ་སྒྲུང་ལྟ་བུའི་མཛད་རྗེས་དག་ནི་མི་རྣམས་ཀྱིས་ཡོངས་སུ་བརྗེད་འདུག་ལ། ཁོ་རང་ཡང་དེང་རབས་ཀྱི་ཞིང་པ་དཀྱུས་མ་དང་འདྲ་བར་བཟའ་ཟླ་དང་བྱིས་པ་རྣམས་དང་མཉམ་དུ་འཚོ་བ་རོལ་བཞིན་ཡོད་ཅིང་བུ་མོ་ཆེ་བ་དེ་གནས་ལ་སོང་ནས་ཕྲུ་གུ་རྒྱགས་པོ་ཞིག་བཙས་འདུག བཟའ་ཟླ་གཉིས་ཀྱིས་ས་ཞིང་མུའུ་བདུན་ལ་སོ་ནམ་གཏོང་གིན་གདའ་ལ། བུ་གཉིས་ཀྱིས་འདྲུད་འཐེན་འཁོར་ལོ་ཞིག་ཉོས་ཏེ་ཉིན་གང་བོར་ཕྱི་རོལ་ཏུ་བརྒྱུགས་ནས་སྐྱེལ་འདྲེན་གྱི་ལས་ལ་བྲེལ་འདུག སྒོར་ཁང་དུ་ད་དུང་བཀྲ་ཤིས་ཟླ་བར་འགྲོགས་ཏེ་ཡོང་བའི་ཞིང་པ་ཞིག་ཡོད་ལ། ཁོ་གཉིས་ཀྱིས་སྔར་བཞིན་དེ་སྔོན་དང་མཚུངས་པར་བཀྲ་ཤིས་ཟླ་བར་བརྩི་འཇོག་ལྷག་ཏུ་བྱེད། བཀྲ་ཤིས་ཟླ་བ་དང་མཐའ་མཇུག་འགྲོགས་ནས་ཡོང་མཁན་ནི་སྨན་སྒམ་ཁུར་བའི་ལོ་ན་ཉེར་ལྔ་ཅན་གྱི་བུ་མོ་ཞིག་རེད། མོའི་ཨ་ཕ་ནི་བོད་ལྗོངས་ཀྱི་ལས་ཁུངས་མཐོན་པོའི་ནང་གི་མཐོ་རིམ་དཔོན་པོ་རྩེ་གྲས་ཁྲོད་ཀྱི་གཅིག་ཡིན་ལ། རྒྱུན་དུ་བརྙན་འཕྲིན་ལས་མཐོང་གི་འདུག མོ་ནི་ཀྲུང་དབྱང་འཕྲོད་བསྟེན་པུའུ་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཚོ་ཆུང་དང་འགྲོགས་ཏེ་འཕགས་པོ་གནས་སྒང་རི་ཁུལ་དུ་མཐོ་སྒང་གི་ནད་རིགས་ཤིག་ལ་རྟོག་དཔྱོད་དུ་ཡོང་བ་ཡིན། སྒོར་ཁང་དུ་ཡོང་བའི་ལམ་བར་དུ་མོས་ལམ་ཧྲིལ་བོར་ནམ་ཞིག་ལ་རྟོག་དཔྱོད་བྱ་བ་མཇུག་རྫོགས་པར་རྩིས་འདེབས་ཀྱིན་ཡོད་ལ། ལྷ་སར་ལོག་རྗེས་ད་དུང་དུས་ཚོད་དམ་འཛིན་བྱས་ཏེ་དབྱིན་ཡིག་བསྐྱར་སྦྱོང་བྱ་དགོས། མོ་རང་མི་འགྱངས་པར་ཨ་རིའི་ཁ་ལི་ཧྥོར་ཉི་ཡ་གསོ་རིག་སློབ་གླིང་དུ་སོང་ནས་སློབ་གཉེར་གནང་རྒྱུ་དང་། དུས་ཡུན་ཐུང་ངུའི་ལོ་ངོ་འགའི་ནང་དུ། བོད་ལྗོངས་ཀྱི་བོད་རིགས་སྐྱེས་མའི་ཁྲོད་ནས་ཕྱི་གླིང་གི་མཐོ་རིམ་སློབ་གྲྭས་གནང་བའི་གསོ་རིག་འབུམ་རམས་པའི་མིང་བཏགས་ལེན་མཁན་ཐོག་མ་ཞིག་ཏུ་འགྱུར་བར་སེམས་ཐག་གཙང་བཅད་བྱས་ཡོད།

ཚེ་རིང་རྒྱལ་མོ་དལ་ཅག་གེར་པགས་གདན་སྟེང་དུ་རིང་ཤར་ཉལ་འདུག མོ་རང་བག་ཕེབས་པའི་ངང་འདུག་ནའང་གཉེར་མས་ཁེབས་པའི་ངོ་གདོང་ལས་མིག་སྲུབས་ཧ་ལམ་གསལ་བོར་མཐོང་མི་ཐུབ་པ་ལྟར་སྣང་ཞིང་། སྣུམ་ཞིང་ཐོར་བའི་སྐྲ་ལོ་ཐུང་ངུ་དག་ནི་སྤུ་ཤད་ཅིག་དང་འདྲ་བར་ཟད་འདུག མོས་ད་དུང་རལ་ནས་བུ་ག་མང་པོ་བརྡོལ་ཞིང་མདོག་ཀྱང་སྔར་ནས་གང་ཡིན་མི་གསལ་བའི་དབྱིན་ཇིའི་དམག་ལྭ་རྙིང་མ་དེ་གྱོན་ཡོད་ཅིང་། ལས་དམག་གི་ལྭ་བའི་ཕུར་ཁ་དང་ཐུ་བའི་སྣེ་མོ་དག་རལ་ནས་ཙོར་ལོ་ལྟར་ལྷབ་ལྷུབ་ཏུ་སྐྱོད་ལ། རྐང་མགོའི་མཛུབ་མོ་ཡང་བུད་པའི་རྐང་འབོབ་ཧྲུལ་བོ་ཞིག་གོན་ནས་གདའ། སྣུམ་སྒྲོན་དེ་ད་དུང་འོད་འཚེར་བར་མཆིས་ན་ཡང་སྣོད་ནང་གི་སྣུམ་ཕལ་ཆེར་འཛད་ལ་ཉེ་སྟེ། ཚུགས་ཀར་བལྟས་ན་དེས་མཐའ་གཅིག་ཏུ་ཨུ་ཚུགས་ཀྱིས་དུས་ཚོད་བསྲིངས་ཏེ་ཕྱི་ཡོང་གི་མི་ལ་སྒུག་ཅིང་ཁོ་ཚོར་ཚེ་རིང་རྒྱལ་མོའི་ངོ་གདོང་ལ་བལྟ་རུ་འཇུག་བསམ་པ་དང་ཀུན་ནས་འདྲ། ཚེ་རིང་རྒྱལ་མོའི་ལོགས་སུ་དཀྲུག་ཇ་བཀང་བར་བླུགས་པའི་རྫ་དེམ་དང་རྩམ་ཁུག་ཅིག་བཞག་འདུག དཀྲུག་ཇ་སྔར་ནས་འཁྱགས་འདུག་ལ་ཁ་ལེབ་ཕྱེ་ཚེ་ནང་དུ་མར་ཞག་རིམ་པ་ཞིག་དཀག་འདུག་པ་མཐོང་ཐུབ། དེ་དག་གང་ལ་སྤྱོད་པ་སུ་ཡིས་ཀྱང་མི་ཤེས། རི་འདབས་ནས་ཡོང་བའི་ཞིང་པ་རྣམས་ཀྱིས་འོལ་ཚོད་བྱས་པ་ལྟར་ན། དེ་ནི་མོས་རང་གི་འཆི་ཁའི་སྔ་ལྟས་མཐོང་ནས་གནས་འདི་དང་ཁ་འབྲལ་བར་གྲ་སྒྲིག་བྱས་པ་ཁོ་ཐག་ཡིན་ཟེར། 

“ངས་ད་དུང་ནད་པ་ཞིག་ཡིན་པར་འདོད་ཡོད”ལོ་ན་གཞོན་པའི་སྨན་པ་སྐྱེས་མ་དེས་དངན་པ་ཞིག་འཐེན། མོས་མཁའ་དབུགས་བཙོག་པའི་ཁང་ཆུང་དང་ཁ་བྲལ་ཏེ། ཡ་མཚར་མཚར་གྱི་ངང་ནས་སྒོར་ཁང་གི་ཁོར་ཡུག་ལ་སྐོར་ལྟ་བྱས། ཕྱི་རོལ་གྱི་ཆུ་མཛོད་ཀྱི་རྡོ་རགས་དེ་ཁ་ཤོ་སྣ་རལ་དུ་བཏང་ཡོད་ན་ཡང་། དེ་ལས་ལོ་དེ་ཤེད་ཀྱི་བཟོ་ལྟ་མཐོང་ཐུབ་པ་སྟེ། རྒྱུགས་ཆུས་ཁོར་ཡུག་གི་རྐ་འོབས་དང་འོལ་སྒོ་དག་ཁུར་ནས་ཉ་གེ་ཉོག་གེར་བཏང་འདུག 

ཞིང་པ་རྣམས་ཀྱིས་སྒོ་ལེབ་ཕོག་ནས་ཚེ་རིང་རྒྱལ་མོ་དེའི་སྟེང་དུ་བསྙལ་ཏེ་སྒོར་ཁུར་ཡོང་། ཁོ་ཚོས་ད་དུང་བཀྲ་ཤིས་ཟླ་བས་དེ་ལྟར་བཀོད་སྒྲིག་བརྒྱབ་སྟེ་རི་ལས་འབབ་དོན་ཅི་ཡིན་གསལ་བོར་ཤེས་མེད།

“ཅུང་ཙམ་སྒུགས་དང”སྨན་པ་རྒྱུགས་ཡོང་ནས་ཚེ་རིང་རྒྱལ་མོར་བལྟས་ཙམ་བྱས་རྗེས་མོའི་གསོན་ཤུགས་ཅི་ཡང་མེད་པའི་གདོང་ལ་ལག་པས་ཡང་མོས་གནོན་ཙམ་གནོན་ཙམ་བྱས་ཏེ“ད་དུང་གཤག་བཅོས་བྱ་དགོས་སམ”ཞེས་དྲིས། 

“མི་དགོས” བཀྲ་ཤིས་ཟླ་བས་ལན་བཏབ། 

“རབ་ཡིན་ན་རི་འདབས་ཀྱི་མི་ལ་མོའི་ངོ་གདོང་མཐོང་དུ་མ་འཇུག” མོས་ལག་ཕྱིས་དཀར་པོ་ཞིག་བཏོན་ནས་རང་གི་རྨོ་མོའི་གདོང་ལ་བཀབ་སྟེ“ཁྱོད་ཚོ་སྔོན་ལ་སོང་དང་། ངའི་རྐང་བར་ཆུ་བུར་བརྡོལ་འདུག ང་ལ་ཁ་ཡ་མ་བྱེད། ང་རང་དལ་མོར་རྗེས་འབྲངས་ནས་ཡོང”ཟེར། 

མི་གསུམ་པོས་ཚེ་རིང་རྒྱལ་མོ་ཁུར་ནས་རི་ལས་བབས། སྐབས་དེར། སྒོར་ཁང་དུ་ཏག་ཏག་སྙིང་སྟོབས་འགྲན་ཟླ་བྲལ་བའི་བུ་མོ་ཞིག་ལས་མ་ལུས། 

མོས་ཅི་ཞིག་འཚོལ་གྱིན་པ་མི་ཤེས་ཀྱང་མཇུག་མཐར་རྩྭ་སྐམ་གྱིས་ཁེབས་པའི་ལམ་ཕྲན་ཞིག་རྙེད་བྱུང་། མོ་རང་རྒྱུགས་ཆུ་བརྒལ་ནས་རྐང་བས་སྟེང་ངོས་ཀྱི་རྡེའུ་དག་གཙང་འབྱིད་བྱེད་བཞིན་ལམ་ཕྲན་དེ་བརྒྱུད་ཅིང་བྲག་ལྡེབས་ཀྱི་འོག་ལ་གཏུགས་པར། དེ་སྔོན་བརྐོས་པའི་སུག་བྲིས་གསལ་ལ་མི་གསལ་བ་དག་ལས་གཞན་ཅི་ཡང་མཐོང་རྒྱུ་མ་བྱུང་། མོས་ལག་པ་བསྲིངས་ཏེ་བྲག་ལྡེབས་ལ་ཡང་མོས་འགའ་བརྡུངས་པ་ན་སྟོང་སྒྲ་ཞིག་གྲགས་འོངས་ལ། སླར་ཡང་ཐེངས་ཤིག་བརྡུངས་པར་ཚག་ཚག་གི་གས་སྒྲ་ཞིག་ཐོས་ཡོང་བ་དང་། ཐེངས་གསུམ་པར་རྡུང་སྐབས་མོའི་མདུན་དུ་བྲག་དུམ་ལེབ་མོ་ཞིག་ལྷུང་ཡོང་སྟེ་རྐང་བའི་བོལ་ཐོག་ལ་ཕོག་ཅིང་རྡོག་འོག་ཏུ་སིལ་བུར་ཆག་སྟེ་མོ་ལ་ན་ཟུག་ཅིག་བསྐྱེད་པ་དང་། མོས་རང་དབང་མེད་པར་ཁ་ནས“ཨ་ཡོ”ཞེས་སྐད་ཆུང་ངུ་ཞིག་ཤོར། མིག་མདུན་ནི་ཧ་ཅང་དོག་པའི་བྲག་ཕུག་ཅིག་ཡིན་ཞིང་། རྐང་བའི་པུས་མོའི་མཚམས་ཀྱི་མཐོ་ཚད་ལས་མེད་པའི་སྟེགས་ཐོག་ཏུ་མིའི་རུས་སྒྲོམ་དཀར་པོ་ཁ་ཚང་ཞིག་ཕྱེད་སྐྱིལ་ཀྲུང་དུ་བཞུགས་ཡོད་པ་སྟེ། གཡས་རྐང་དཔྱི་རུས་གཡོན་མའི་སྟེང་དུ་བཀལ་ཡོད་པ་དང་། གཡོན་ལག་བརླ་ངོས་སུ་ཁེན་ནས་འདུག་ཅིང་དེ་ནི་བྱང་ཆུབ་སེམས་དཔའི་རྡོ་རྗེ་སྐྱིལ་ཀྲུང་གི་བཞུགས་སྟངས་ཁྱད་པར་བ་ཞིག་རེད། རུས་སྒྲོམ་དེ་སྔར་ནས་འགྱུར་རྡོར་གྲུབ་ཡོད་པ་དང་། བྲག་ལྡེབས་ཀྱི་འབུར་རིས་དང་མཚུངས་པར་བྲག་ངོས་ཧྲིལ་བོ་དང་གཞི་གཅིག་ཏུ་ཆགས་འདུག རུས་སྒྲོམ་གྱི་འོག་ཏུ་རྩྭ་སྐམ་རིམ་པ་ཞིག་བཏིངས་ཡོད་ལ། ལོགས་སུ་རྡོ་རྗེ་དང་དྲིལ་བུ་ཞིག་བཞག་འདུག་པ་དེ་གཡའ་དང་བཙའ་སྔོན་པོས་ཟོས་འདུག་ཅིང་། གཞན་ཡང་ཅ་ནེ་ཞིག་དང་གནའ་བོའི་ལི་སྐུ་འགའ་ཡང་མཐོང་ཐུབ་ལ། རུས་སྒྲོམ་རྒྱབ་ལོགས་ཀྱི་བྲག་རྡོའི་ངོས་སུ་ཞབས་རྗེས་དང་ཕྱག་རྗེས་འགའ་བབས་འདུག

སྨན་པ་ན་ཆུང་མ་དེས་སྒྱུ་རྩལ་བརྩམས་ཆོས་ཤིག་ལ་མྱོང་རོལ་བྱེད་པ་དང་འདྲ་བར་རུས་སྒྲོམ་གྱི་མདུན་དུ་འགྲེང་ནས་བསྡད། མོའི་ཐོག་མའི་ཚོད་དཔག་ལྟར་ན། རུས་སྒྲོམ་དེ་ནི་སྐྱེས་པ་ཞིག་ཡིན་པ་དང་ན་ཚོད་ནི་ལོ་ཉེར་བཞི་ནས་ཉེར་ལྔའི་བར་ཡིན་ལ་ལོ་རབས་མང་པོ་ཞིག་འགྱངས་ཡོད་པ་ཐག་གིས་ཆོད། མོ་རང་སྔར་ནས་འགྱུར་རྡོར་གྲུབ་པའི་རུས་སྒྲོམ་ཁ་ཚང་འདི་སྨན་ཁང་དུ་བསྐྱལ་ནས་དམར་དཔེ་བྱེད་མི་ནུས་པ་ལ་ཕངས་སེམས་སྐྱེ་བཞིན་འདུག …… རྒྱབ་ཕྱོགས་ནས་གྲགས་སྒྲ་ཞིག་མཆེད་ཡོང་ལ། མོ་ཧར་གྱིས་ཁ་ཕྱི་རུ་འཁོར། 

གནས་གང་ཞིག་ནས་བྱུང་བ་མི་ཤེས་པའི་ཕྲེང་བ་ཞིག་མོའི་སར་ལྷུང་ཡོང་། ཕྲེང་བ་དེ་རྡོག་གཅིག་ཀྱང་ཐོར་མི་འདུག་ལ། མོས་ལག་ཏུ་བླངས་ཏེ་ཕྱོགས་བཞིར་སྐོར་ལྟ་ཞིག་བྱས།

“ཚེ་རིང་རྒྱལ་མོ་ལགས” མོའི་རྒྱབ་ཕྱོགས་ནས་སྐད་སྒྲ་ཞིག་གྲགས་བྱུང་།

“ལགས”བུ་མོས་སྐད་ལན་ཙམ་བྱིན་པའི་མོད་ལ་བླ་ཡང་འཁྱམས་སོང་། ད་ཅི་མཐོང་བའི་བྲག་ལྡེབས་ངོས་ཀྱི་རུས་སྒྲོམ་དེ་དང་སྐབས་འདིར་སྐྱིལ་ཀྲུང་དུ་བཞུགས་པའི་བགྲེས་པོ་གཉིས་ལས་གང་ཞིག་ནི་འཕྲུལ་སྣང་ཁྲོད་དུ་བྱུང་བའི་གཟུགས་བརྙན་དང་གང་ཞིག་ནི་དངོས་ཡོད་ཡིན་པ་དབྱེ་བ་འབྱེད་མི་ནུས། 

“ངས་སྒོར་ཁང་ནི་དབེན་གནས་ཐང་སྟོང་ཞིག་མ་ཡིན་པར། ནམ་ཡང་མིའི་རིགས་གནས་སྲིད་པ་ཤེས་ནས་ཡོད” བགྲེས་པོ་དེ་བྲག་ཁུང་དུ་ཉབ་བེ་ཉོབ་བེར་ཙོག་ཅིང་། ལུས་པོ་ཟུར་ལོགས་ཀྱིས་ཅི་ཞིག་ལ་ཁེན་ནས་འདུག

“ང་ནི།  ང་ནི …… མིན”

“ཚེ་རིང་རྒྱལ་མོ། ཁྱོད་ཀྱིས་ཕྲེང་རྡོག་དེ་རྩིས་དང” བགྲེས་པོས་ལག་བརྡ་ཞིག་བསྟན།

“བརྒྱ་དང་རྩ་བརྒྱད་འདུག” ཚེ་རིང་རྒྱལ་མོའི་ངག་ལས་དེ་ལྟར་ཐལ། 

“འདིའི་སྟེང་གི་ཕྲེང་རྡོག་རེ་ནི་ལོ་ཟླ་གཅིག་རེ་དང་། ཕྲེང་རྡོག་རེ་ནི་ཚེ་རིང་རྒྱལ་མོ་རེ་ཡིན་ལ། ཚེ་རིང་རྒྱལ་མོ་ནི་བུ་མོ་རེ་ཡིན” བགྲེས་པོས་མིག་ཟུང་ཕྱེ་སྟེ་གཟབ་གཟབ་ནན་ནན་གྱིས་མོར་ཡུད་ཙམ་ལ་ཧུར་རེར་བལྟས་ཤིང་། མཇུག་མཐར་ཚིག་གཅིག་གིས་འཇིག་རྟེན་གྱི་མིས་མི་རྟོགས་པའི་ཆོས་ཀྱི་དེ་ཉིད་ཅིག་གསལ་བོར་བསྟན།

ངོ་མཚར་བའི་བྱུང་བ་ནི་དུས་དང་རྣམ་པ་ཀུན་ཏུ་བསྐྱེད་པ་ཡིན་མོད། འོན་ཀྱང་ལོ་ཟླའི་ཆུ་རྒྱུན་ལ་ལན་གཅིག་གི་བཞུར་ཚུལ་ལས་མེད། ཆུ་རྒྱུན་དེའི་ནང་དུ་ལོ་རྒྱུས་རིང་མོ་ཞིག་བདེ་བར་ཤོང་ལ། སྐྱེས་པ་དང་སྐྱེས་དམན་ཁྲི་སྟོང་མང་པོ་ཞིག་ཤོང་ཞིང་མཆི  ……  (རྫོགས་སོ།།)

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།