ཀྲུང་གོ་བོད་ཀྱི་དྲ་བ།

བོད། སྦས་སྐུང་གི་ལོ་ཟླ།(གསུམ)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བཀྲ་ཤིས་ཟླ་བས་བརྩམས།འབྲོང་བུ་རྡོ་རྗེ་རིན་ཆེན་གྱིས་བསྒྱུར།   སྤེལ་དུས། : 2021-08-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1929 — 1950

སྦྲུལ་ལྷ་རི་བོ་ནི་འཕགས་པོ་གནས་སྒང་རི་ཁུལ་གྱི་ལྷོ་ངོས་སུ་ཆགས་ཤིང་། མཚོ་ངོས་ལས་སྤྱི་ཁྲུ་ལྔ་སྟོང་སུམ་བརྒྱས་མཐོ་བའི་སྙུང་དབྱིབས་ཅན་གྱི་རྩེ་མོ་སྙོམས་པའི་རི་བོ་ཆེན་པོ་ཞིག་སྟེ། དེ་ནི་ཕྱི་བརྩེགས་ནང་བརྩེགས་ཀྱི་རི་ཆུང་མང་ཞིང་ལུང་ཤུར་གང་སར་ཁྱབ་པ། འཕྲང་ལམ་ཀྱག་ཀྱོག་མང་བ་ཅན་ཞིག་ཡིན་པར་མ་ཟད། སྟོན་དུས་ཆུ་ལོག་ཐེངས་འགར་བྱུང་བ་དེས་རྒྱུ་སྤུས་ཞན་པའི་ས་རོ་རྣམས་ཁུར་བ་དང་། འདམ་ཤུན་ཡོད་ཚད་བཤུས་པས་ཤུལ་དུ་རྡོ་ཕུང་སྤུངས་ཤིང་རྒྱུ་ལམ་ཚང་མ་ཁ་ཤོ་སྣ་ལོ་ཅན་དུ་བཏང་འདུག་ལ། ཞིང་སའི་སྟེང་གི་ལོ་ཏོག་རྣམས་རྔོ་ནད་བྱུང་བའི་གཡག་རྒྱབ་ཀྱི་སྤུ་གྲ་དང་ཡོངས་སུ་མཚུངས་པར་ཐར་ཐོར་དུ་སྐྱེས་ཤིང་གཡས་འགྱེལ་གཡོན་ལོག་ཏུ་འཛིངས་ཤིང་ཡེགས་པ་དང་། ཉེ་འཁོར་གྱི་རི་ཚོགས་དག་གནའ་བོའི་ཡར་ཀླུང་གཙང་པོའི་འགྲམ་རྒྱུད་དུ་བར་མེད་ཀྱིས་མུ་འབྲེལ་ཞིང་གཅིག་འཇགས་གཅིག་ལངས་ཀྱིས་རྒྱུན་བསྲིངས་ནས་འདུག སྦྲུལ་ལྷ་རི་རྩེ་ནི་ཡངས་ཤིང་མུ་མཐའ་མེད་པ་དང་མི་མེད་དབེན་འཇགས་ཀྱི་ཀླུང་ཆེན་ཞིག་སྟེ། བལྟས་པ་ཙམ་གྱིས་སྐྱ་ཐེར་ཐེར་དུ་མཐའ་སྣེ་མི་དཔོག་ཅིང་། གང་སར་སྲ་མཁྲེགས་ཀྱི་ས་ལེབ་དང་རྡེའུ་ཟེགས་ཀྱིས་ཁེངས། ཀླུང་ངོས་ཀྱི་གཞོགས་ཤིག་ནི་མིང་ལ་བཀའ་རོང་ཟེར་བའི་གངས་རིའི་རྩེ་མོ་དང་འབྲེལ་ཞིང་། ཉི་མས་ཞུ་བའི་གངས་ཆུ་ནི་གངས་འདབས་ཀྱི་གྲོག་ཤུར་ནས་བབས་ཏེ་ཀླུང་འགྲམ་གྱི་ཉག་ཁ་ནས་བཞུར་བ་དང་། གྲོག་རོང་ཟབ་མོ་བརྒལ་ཞིང་རི་སྐེད་ན་ལྷིང་འཇགས་སུ་གནས་པའི་སྒོར་ཁང་བརྒྱུད་དེ་རི་འདབས་སུ་འཕུར་བ་ལྟར་འཕྱོ་ལ། དེ་ནས་དལ་ལྷོད་ལྷོད་ཀྱིས་གཙང་འགྲམ་གྱི་ཐུར་དུ་གསེག་པའི་བྱེ་སྒང་གི་ས་རྒྱུད་བརྒྱུད་ནས་གཙང་པོར་འདྲེས། ཀླུང་ཐང་གི་གཞོགས་གཞན་ཞིག་ནི་མཐིལ་ཞབས་མི་མཐོང་བའི་གཅོང་རོང་ཟབ་མོ་ཞིག་ཡིན་ལ། འབྲོམ་སྟོད་ཀྱི་གཞིས་ཀ་ནི་བྲག་གཟར་གྱི་འོག་ཏུ་ཆགས་འདུག་ཅིང་། ལོགས་ཀྱི་སྨི་ལྔ་བརྒྱ་ཙམ་གྱི་སར་ཡང་ཀླུང་ཐང་ཞིག་ཡོད་ཀྱང་ས་ཁྱོན་ཆེན་པོ་མི་འདུག་མོད། སྣེ་འདི་ནས་སྣེ་དེ་གའི་བར་དུ་བསྐྱོད་ན་ཉིན་ལམ་ཙམ་གྱིས་ཆོད་པ་ཙམ་ཡིན། གཙང་ངོས་ནས་ཕར་བལྟས་ན་སྦྲུལ་ལྷ་རི་བོའི་ཆ་ཧྲིལ་བོ་ནི་གཞོགས་གཉིས་ཀྱི་ལས་སྟེགས་ཆེན་པོ་དང་འདྲ་ཞིང་། ཆེས་རྩེ་མོར་ཆགས་པའི་ཀླུང་ཐང་གི་དཀྱིལ་དབུས་ན་ཧ་ཅང་སྒོར་ཞིང་ཟླུམ་པའི་མཚེའུ་ཞིག་ཆགས་པ་དང་།  དེ་ནི་ངོས་སྙོམས་པའི་མེ་ལོང་ཆེན་པོ་ཞིག་དང་འདྲ་བར་ནམ་མཁའ་སྔོན་པོའི་ལྡོག་གཟུགས་དག་བསྡུས་ཤིང་འཆར་བར་བྱེད། གཙང་པོའི་འགྲམ་འཁོར་ནི་ཧ་ཅང་རྒྱ་ཆེ་བའི་སྔོ་རྩྭའི་དོ་ར་ཞིག་སྟེ། འདི་ནི་རྩྭ་ཆུ་གཉིས་འཛོམས་ཀྱི་རང་བྱུང་གི་ཕྱུགས་ར་བཟང་པོ་ཞིག་ཡིན་ལ། ནོར་ལུག་སྟོང་ཕྲག་དུ་མ་གསོ་བར་འདང་རྒྱག་མེད་དོ།།

ཟླ་བཟང་མ་གཏོགས་ས་འདིར་མི་ཞིག་ཡོང་མ་མྱོང་། 

བསམ་ཡས་དགོན་པའི་དཔེ་མཛོད་ཁང་དུ་ཉར་བའི་གནའ་བོའི་ཡིག་ཚགས་ལྟར་ན། ལོ་མང་པོའི་སྔོན་ལ། ཨོ་རྒྱན་ཡུལ་གྱི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་སྦྲུལ་ལྷ་རི་བོའི་སྤོ་ནས་ཁོང་གི་ལྷ་མོས་སྤྲུལ་བའི་ལྕམ་གཉིས་ཁྲིད་ཅིང་འཇའ་འོད་སྣ་ལྔའི་མེ་ལྕེ་འགྱེད་པའི་མྱུར་བགྲོད་འཁོར་ལོར་བཞུགས་སུ་གསོལ་ཏེ་ལྷོ་ཕྱོགས་སྲིན་པོའི་ཡུལ་དུ་གཤེགས་སྐབས། ཡ་མཚན་ཅན་གྱི་མེ་ལྕེ་དེས་ཀླུང་ཐང་གི་དབུས་སུ་འོབས་སྒོར་མོ་ཞིག་གཤགས་ལ། ཕྱིས་སུ་ལྗང་མདོག་ཅན་གྱི་མཚེའུ་ཞིག་ཏུ་གྱུར་པ་རེད་སྐད།

ཚེ་རིང་རྒྱལ་མོ་ནི་སྒོར་ཁང་གི་སྡོད་མི་གཅིག་པུ་ཡིན། སྒྲུབ་ཕུག་ཏུ་མཚམས་ལ་བཞུགས་ཤིང་མཆོད་གཡོག་གཏོང་སའི་རྣལ་འབྱོར་པ་ཕུད། མོ་དང་ཉི་མ་འཁྱོལ་ཐབས་བྱེད་པ་ནི་ར་ལུག་འགའ་དང་། བྱ་ཝང་ཁྱུ་གཅིག་དང་རི་བོང་བཅས་ལས་མེད། ར་ལུག་རྣམས་ཀྱིས་ཉིན་རྒྱུན་ཉེ་འགྲམ་གྱི་སྐྱ་ཐིང་ཐིང་གི་རྡོ་གསེབ་ལས་རྩྭ་རྩི་རེ་འཚོལ་བར་བྱེད་ལ། རྩྭ་རྩི་སྐྱེས་དམའ་བས་ཆུ་བལ་རེ་རེ་དང་མཚུངས་ཤིང་། ར་ལུག་གིས་རྩྭ་རྩི་ཟ་སྐབས་ས་ཤུན་དམུར་བ་དང་འདྲ། ཟླ་བཟང་དེ་དུས་རི་རྩེར་འགོས་ནས་ཡོང་སྐབས་རང་ཁྱིམ་གྱི་ར་ལུག་བཅུ་བཞི་བོ་མ་གཏོགས་གཞན་ཅི་ཡང་མ་ཁྱེར་ལ། ཐ་ན་མོ་ལ་རེག་རེག་ཙམ་ཡང་མ་བྱས། ར་མའི་འོ་མས་དཀྲོགས་པའི་མར་ལོ་དེ་ཇ་དང་ཚྭ་ཁུ། ད་དུང་འབྲུ་རིགས་ཙམ་ལ་བརྗེ་བའི་དོན་དུ་མ་གཏོགས། ཚེ་རིང་རྒྱལ་མོ་རི་ལས་འབབ་དུས་ཤིན་ཏུ་ཉུང་ཞིང་། རྒྱུན་དུ་སྒོའི་མ་ཐེམ་སྟེང་དུ་ཙོག་ནས་ཕ་མས་བསྐྱུར་བའི་ཕྲེང་བ་བགྲང་ཞོར་ཉི་མ་ནམ་ཤར་དང་ནམ་ནུབ་ལ་ལྟ་བཞིན་དུ་ག་ལེར་བྱིས་དུས་ཀྱི་རབ་རིབ་ཀྱི་འཚོ་བ་དག་ཕྱིར་དྲན་བྱེད། མོས་ཇི་ལྟར་བྱས་ཀྱང་ཕ་མའི་བྱམས་བརྩེའི་ཞལ་རས་ཕྱིར་དྲན་བྱེད་ཐབས་མེད་མོད། འོན་ཀྱང་། དེ་དག་གི་སྐད་སྒྲ་ནི་དེ་འདྲའི་གསོན་པོར་ཐོས་ཐུབ་པ་སྟེ། ཕ་མའི་སྐབས་ནམ་ཞིག་གི་སྐད་ཆ་ཐོས་འདོད་ཀྱང་དེ་བཞིན་རྣ་འགྲམ་དུ་གསལ་ལྷང་ལྷང་གྲག་ངེས་ཡིན། འདི་ལྟའི་ལྷིང་འཇགས་ཀྱི་རྣམ་པའི་འོག་ཏུ་འདས་དོན་ལ་ཕྱིར་དྲན་བྱེད་སྐབས་མོ་ནམ་རྒྱུན་སྒོ་ལྡང་ལ་བསྔས་ནས་གཉིད་ལྕོག་རྒྱག་གིན་ཡོད། མཚམས་རེར་མོ་རང་བློ་མ་བདེ་བར་མིག་གིས་ཡར་ལྟ་མར་ལྟ་ཙམ་བྱེད་ལ། སེམས་སུ་ཟླ་བཟང་སྔོན་ཆད་དང་འདྲ་བར་ཡུལ་ག་ཤེད་ཅིག་ནས་ལྡིང་ཡོང་བར་རེ་ལྟོས་བྱེད། ད་ལྟ་མོ་ལ་འགོག་སྡོམ་བྱེད་མཁན་མེད་པ་དང་། སྒོ་སྲུབས་ནས་ཨ་མས་ཞེ་གནག་པོས་ལྟ་རྟོག་མི་བྱེད་ལ། ཨ་མའི་ཧ་ཅང་མ་དགའ་བའི་སྐད་འདྲག་ཀྱང་ཐོས་མི་ཐུབ། ཡིན་ན་ཡང་། ད་ནི་ཟླ་བཟང་ཡེ་ནས་ཡོང་མི་སྲིད། ལོ་ན་གཞོན་པའི་ཚེ་རིང་རྒྱལ་མོས་དབུགས་རིང་ཞིག་བཏོན་ནས་ཁ་ཕྱིར་འཁོར་ཏེ་ཁྱིམ་དུ་འཛུལ་བ་དང་། མོ་རང་ལྷིང་འཇགས་ཀྱི་ངང་ནས་དུས་ཚོད་ཀྱི་འདུ་ཤེས་མེད་པའི་རྟག་བརྟན་ཁེར་རྐྱང་གི་འཚོ་བའི་ཁྲོད་དུ་ཞུགས་སོང་། 

སྒྲུབ་ཕུག་ལས་བཏོན་པའི་ཟངས་རྐྱན་དང་རྩམ་ཁུག་ནམ་རྒྱུན་སྟོང་བར་ཕུད་ཟིན་པའི་རྐྱེན་གྱིས་ཚེ་རིང་རྒྱལ་མོ་དུས་གཏན་དུ་མཁར་རོ་ལྟ་བུའི་ལྷིང་འཇགས་ཀྱི་སྒོར་ཁང་དང་ཁ་འབྲལ་མི་སྲིད། 

རི་རྩེའི་ཀླུང་ཐང་གི་གཙང་ངོགས་ཀྱི་སྤང་ཐོག་ཏུ་སྦྲ་གུར་ནག་པོ་ཞིག་ཕུབ་བྱུང་ལ། རྒྱང་རིང་ནས་བལྟས་ན་ནོར་ནག་ཅིག་ས་ལ་ཉལ་ཏེ་ངལ་གསོ་བཞིན་པ་དང་མཚུངས། ཟླ་བཟང་གིས་འདི་གར་ར་ལུག་ཁྱུ་གཅིག་འཚོ་བཞིན་མི་ལོ་གཉིས་འགྱངས་རྗེས་དངོས་གནས་བཟོད་ཐབས་མེད་པར་གྱུར། ཁོས་ཉིན་རེར་དུས་ཚོད་མང་པོ་སྤྱད་དེ་ཀླུང་ཐང་དང་གངས་རི་འབྲེལ་མཚམས་དང་ཡང་ན་རྒྱུགས་ཆུ་གྲོག་རོང་དུ་འབབ་སའི་ཉག་ཁའི་འགྲམ་དུ་བརྒྱུགས་ནས་གཅོང་རོང་ཟབ་མོའི་ཁྲོད་དུ་ཆགས་པའི་སྒོར་ཁང་ལ་ཐུར་ལྟ་བྱེད། ཁོས་ཞོགས་པར་ལུང་མཐིལ་ནས་ཡར་སྐྱོད་པའི་དུ་བ་སྲབ་བུ་དེ་མཐོང་ཐུབ་པར་མ་ཟད། ད་དུང་གྲོག་མ་ལས་ཀྱང་ཆུང་བའི་ཚེ་རིང་རྒྱལ་མོའི་གཟུགས་བརྙན་འགུལ་སྐྱོད་བྱེད་པ་ཡང་མཐོང་ཐུབ་མོད། འོན་ཀྱང་མོ་རང་གྲིབ་མའི་ནང་དུ་ཞུགས་ཚེ་ཁོས་ད་གཟོད་ཅི་ཡང་མཐོང་མི་སྲིད། ཟླ་བཟང་གིས་རྒྱུན་དུ། གལ་ཏེ་དང་ཐོག་ཁོས་མོ་རང་རི་མགོར་ཁུར་ཡོང་སྟེ་རང་དང་མཉམ་དུ་འཚོ་བ་རོལ་ན་ཅི་མ་རུང་བསམས། འོན་ཀྱང་དེ་ནི་དཔེ་མི་སྲིད་པ་ཁོས་ཅིར་མི་ཤེས། དེ་ནས་ཁོས་མཐོ་སྒང་གི་མཁའ་དབུགས་གཙང་མ་དེ་ཤུགས་ཆེན་པོས་ཐེངས་ཤིག་བརྔུབས་པ་དང་། བློ་བཀོད་ཅིག་འཐེན་ནས་ལག་སྟོང་དུ་གཞོགས་གཞན་ཞིག་ནས་རི་ལས་བབས།  

དགུན་བསླེབ་ལ་ཉེ་དུས། ཟླ་བཟང་གིས་བུད་མེད་ཅིག་ཁྲིད་ནས་ཡོང་། དེ་ནི་ལོ་ན་ཕྲ་ཞིང་འཕྱོར་སྒེག་རབ་ཏུ་ལྡན་པ་ཞིག་རེད། ཁོས་རྒྱབ་ཏུ་མེ་མདའ་ཁུར་ཞིང་ལག་པས་བལ་སྐུད་འཁེལ་ཞིང་། བུད་མེད་དེས་ཞི་དུལ་གྱི་ངང་ནས་གཞུག་ཏུ་བཞོན་པ་ཞིག་འཁྲིད་ནས་འདུག་ལ། རྟ་རྒྱབ་ཏུ་ཕྱིས་སུ་རི་མགོར་བཀོལ་ཆོག་པའི་རྒྱུན་སྤྱོད་ཅ་ལག་འགའ་བཀལ་འདུག བུད་མེད་འདི་ནི་ཅང་མ་འགོར་བའི་སྔོན་ལ་མི་རྣམས་ཀྱིས་བརྩི་བཀུར་བྱེད་ཅིང་ཐོབ་ཐང་ལྡན་པའི་ན་ཆུང་ལྕམ་མོ་ཞིག་ཡིན། མོའི་ཁྱོ་ག་ནི་སྐུ་ངོ་གཟུངས་འབུམ་གྱི་སྤྱི་གཉེར་པ་ཡིན་ལ། མོས་སྦྲུམ་ཐེངས་གཅིག་གིས་བུ་མོ་གསུམ་བཙས་པས་ཉེ་འཁོར་ཀུན་ཏུ་བྲེད་ཤ་བསླངས་པ་དང་། མི་རྣམས་མཉམ་དུ་དགོན་པར་ཆས་ཏེ་ཕྱག་བསྟུད་མར་བཙལ་ནས་བླ་མར་སྐྱབས་འཇུག་ཞུས་ཤིང་། བདུད་ཡུལ་ནས་ཐོན་པའི་གདོན་མོ་འདི་འདུལ་བའི་རེ་བ་བཏོན། འདྲེ་གདོན་སྐྲོད་པའི་ཆོ་ག་ནི་དགོན་པའི་ཕྱི་རོལ་གྱི་ཚོགས་རར་སྤེལ་བ་རེད། བླ་མ་ཡོད་དོ་ཅོག་གིས་ཉིན་ཞག་ཕྲུགས་གཅིག་ལ་གཟུངས་སྔགས་བཟླས་པ་དང་། ཕྱི་ཉིན་མོ་རང་ཁྲིད་ཡོང་ཤིང་ལག་པ་རྒྱབ་ཏུ་བཀྱིགས་ཏེ་བོང་རྒན་ཞིག་ལ་ཁ་ཕྱིར་འཁོར་གྱིས་ཞོན་དུ་བཅུག ཉེ་འདབས་ཀྱི་སྡེ་བ་བཅུ་ལྷག་གི་སྡེ་མི་རྣམས་རྟར་བཞོན་པའམ་རྐང་ཐང་གིས་ཟང་ཟིང་ལང་ལོང་དུ་འདུས་ཏེ་གདོན་འདྲེ་སྐྲོད་པའི་ཆོ་གར་ལྟད་མོར་བྱོན། ཁོ་ཚོས་མོའི་བུ་རོ་གསུམ་པོ་འདམ་གྱིས་ལེགས་པར་བཏུམས་རྗེས་ལྷུང་བཟེད་རེའི་ནང་དུ་བཅུག་ཅིང་། སྡིག་རྒྱུད་དེ་མ་ཉིད་དུ་ས་འོག་ཏུ་སྦས་ཏེ་སྟེང་དུ་རྡོ་དཀར་པོ་ཞིག་བསླངས་ནས་བར་དོའི་ཁམས་སུ་བཙན་གྱིས་རྫོང་གྲབས་བྱས། ཚང་མས་ཡ་མཚན་གྱི་མགྲིན་པ་རིང་དུ་བསྲིངས་ཏེ་མོ་ལ་སྡིག་ཆད་ཇི་ལྟར་གཅོད་པར་བསྒུགས་ནས་འདུག ཟླ་བཟང་ཡང་གནས་འདི་བརྒྱུད་སྐབས་ཕར་བཙངས་ནས་ལྟད་མོར་བལྟས་ཤིང་ཡ་མཚན་སྐྱེས་ཏེ་གནས་ཚུལ་ལ་རྒྱུས་ལོན་བྱས། བླ་མ་བགྲེས་པོ་དེས་གདུག་རྩུབ་ཅན་གྱི་བུད་མེད་དར་མ་གཉིས་ལ་བརྡ་བསྟན་ནས་འདྲེ་མོའི་གོན་པ་བཤུ་རུ་བཅུག་པར། བུད་མེད་དེ་གཉིས་ནི་ཁོང་ཁྲོས་གཟིར་བའི་སྤྲ་རྒོད་དང་འདྲ་བར་ཕར་བརྒྱུགས་ཏེ་འདྲེ་མོའི་གདོང་ལ་མཚམས་མེད་པར་མཆིལ་ཞགས་བཏབ་ཅིང་། གཡས་གཡོན་དུ་གནམ་ལྡིང་ས་ལྡིང་བྱས་ཏེ་ཕ་རོལ་པོའི་ལུས་ཀྱི་སྐྱི་པགས་འགོག་པ་ལྟར་སྨྱོ་ཧམ་གྱིས་རྒྱབ་ནས་གོས་ཡོངས་སུ་བཤུས། མོ་རང་གཅེར་རྗེན་དུ་ཚོགས་རའི་དབུས་སུ་འགྲེང་ཞིང་གདོང་ལ་འགྱུར་བག་ཅི་ཡང་མེད་པར་ཧོན་ཐོར་བ་ལྟར་ཅི་ཞིག་ལ་ཕྱིར་དྲན་བྱེད་པ་ལྟར་འདུག མི་ཚོགས་ཀྱིས་འུར་ཆེམ་ཆེམ་དུ་ཧ་དགོད་དི་རི་རི་བྱེད། ཟླ་བཟང་གིས་བུ་མོ་དེའི་ཤ་རྗེན་ལ་སྒྲིབ་གཡོགས་ཅི་ཡང་མེད་པ་མཐོང་བས། རེ་ཞིག་གདོན་གྱིས་བརླམས་པ་ལྟར་མིག་འབྲས་གཉིས་ཀ་དམར་པོར་གྱུར་ཏེ། ལག་ཏུ་གང་ནས་བཙལ་ཡོང་བ་ཡང་མི་ཤེས་པའི་དབྱུག་པ་སྦོམ་པོ་ཞིག་ཐོགས་ཏེ་སྨྱོས་པ་ཇི་བཞིན་སྲོག་བསྡོས་ཀྱིས་ཕར་རྒྱུགས་པ་དང་། རྐང་བྲོ་ལག་བྲོ་སྣ་ཚོགས་འཁྲབ་ཅིང་ངག་ནས་གང་བྱུང་དུ་སྐད་ཕྱུང་སྟེ་ལྟད་མོར་རུབ་པའི་སྡེ་མི་དང་བླ་མ་རྣམས་ལ་རྡེག་ཅི་ཐུབ་བྱས་པས། ཁོ་ཚོས་ཁ་ནས་ཨག་རིང་འདེབས་ཤིང་མགོ་བོ་སྐྱོར་བ་དང་གདོན་འདྲེ་སླེབས་བྱུང་ཟེར་ནས་ཕྱོགས་བཞིར་བྲོས་སོང་། ཟླ་བཟང་གིས་བུད་མེད་དེ་པང་དུ་འཆང་ཞོར་དུ་དེ་གར་ཧད་དེ་འདུག་པའི་ལས་སྣེ་པ་ཞིག་ས་ལ་བསྒྱེལ་བ་དང་། མོ་རང་བསྐྱོར་ནས་ལས་སྣེ་པའི་གཞུག་གི་རྟ་དཀར་པོ་དེའི་ཐོག་ཏུ་བསྐྱོན་ཞིང་། ཡང་ཕར་འཁོར་ཏེ་མིག་ནས་ཁོང་ཁྲོ་འབར་བའི་ལས་སྣེ་པའི་ལུས་སྟེང་ནས་མེ་མདའ་ཕྲོགས་འོངས་པ་དང་རྟ་ཐོག་ཏུ་ལྡིང་སྟེ་བྱ་འཕུར་བ་ལྟར་བྲོས། ལམ་དུ་བུ་མོ་དེའི་གཅེར་བུར་མངོན་པའི་རྒྱབ་ཤས་རྟའི་རྨིག་པའི་འདེགས་འཇོག་དང་བསྟུན་ནས་ཟླ་བཟང་གི་བྲང་ལ་ཕུར་རྡེབ་བྱས་པས། ཁོ་ལ་དགའ་བ་ཚད་མེད་པ་ཞིག་སྐྱེས་པ་དང་། སྔོན་ཆད་བྱུང་མ་མྱོང་བའི་སྐྱེས་པ་ཞིག་གི་དགྲ་ལས་རྣམ་པར་རྒྱལ་བའི་ང་རྒྱལ་ཞིག་བསླངས་འོངས། ཁོ་ལ་དངོས་གནས་རི་བོང་ཇི་བཞིན་སྐྱེ་རྒྱུད་སྤེལ་ཐུབ་པའི་བུད་མེད་ཅིག་མཁོ་ལ། མི་མེད་ལྷིང་འཇགས་ཀྱི་སྦྲུལ་ལྷ་རི་རྩེའི་བདེ་ཞིང་ཡངས་པའི་མཐོ་སྒང་དུ་ཁོས་བུ་རབས་ཚ་རྒྱུད་སྤེལ་ཏེ་མི་རབས་རྗེས་མ་གསོ་སྐྱོང་བགྱི་དགོས། བུད་མེད་དེས་དངོས་གནས་ཁོའི་རེ་བ་ཐམས་ཅད་སྟོང་ཟད་དུ་བཏང་མ་བྱུང་། ཁོ་གཉིས་ནི་ཆུ་དང་འོ་མ་བཞིན་དུ་མཐུན་ཞིང་གཅིག་སེམས་གཅིག་ལ་ཆགས་ཏེ། ཏག་ཏག་ལོ་འགའ་ཤས་ཀྱི་ནང་དུ་ཁོ་གཉིས་ལ་བསྟུད་མར་བྱིས་པ་ལྔ་སྐྱེས་བྱུང་ལ། དེ་ལས་གཉིས་མ་འཚམས་ཀྱང་འཕྲོ་མའི་བུ་གསུམ་པོ་ནི་མཐོ་སྒང་གི་ཚ་བ་སྟོང་ལྡན་གྱི་ཉི་འོད་ཀྱི་བྱབས་ཁྲུས་འོག་དང་། སྨྱོ་ཧམ་གྱི་དྲག་རླུང་གི་དབུགས་འགྱེད་ཁྲོད། ཕ་མའི་དཔྲལ་བའི་མིག་དང་ཁོང་གི་སྙིང་ལྟ་བུའི་གཅེས་སྐྱོང་འོག་ངང་གིས་འཚར་ལོངས་བྱུང་། 

སྟོང་ལྷང་ངེར་གྱུར་ཞིང་མུ་མཐའ་མི་མངོན་པའི་ཀླུང་ཐང་གི་མཚན་མོ་ནི་ནམ་རྒྱུན་དང་མི་འདྲ་བར་སྨག་རུམ་སྟུག་པོས་ཁྱབ་ཅིང་། སྐྱེ་དངོས་ལ་སྐྱེ་སྟོབས་རྣམ་པར་རྒྱས་པར་བྱེད་པའི་རི་གྲོག་གི་བསུང་ངད་བསྣམས་པའི་དཔྱིད་རླུང་གིས་གཟི་དཔལ་རབ་ཏུ་ལྡན་པའི་ངང་ནས་ས་རྡུལ་སྟུག་པོ་ཁུར་ཏེ་མཁའ་མཐའ་ནས་ལྡང་འོངས། དཔྱིད་རླུང་དེས་ད་དུང་བདེ་ཞིང་ཡངས་པའི་མཐོ་སྒང་དུ་གཅེར་རྗེན་དང་རང་དབང་གྲུང་པོའི་སྒོ་ནས་འགྲེ་ལྡོག་རྒྱག་ཅིང་། སྨྱོ་གཏུམ་གྱིས་འཕྲེད་གཡུག་བྱས་ཏེ་ཧ་ཅང་ངར་ལངས་པའི་འུར་སྒྲ་འབྱིན་ཞིང་གཉིད་དུ་ཡུར་བའི་རང་བྱུང་ཁམས་ལ་འགོག་ཐབས་མེད་པའི་སྟོབས་ཤུགས་དྲག་པོ་དག་ངོམ་པར་བྱེད། འཐོར་རླུང་ཡུད་ཙམ་ནས་ཡུད་ཙམ་དུ་ལྡང་བ་དེས་རི་གྲོག་ལ་མུན་པ་བསྐྱིལ་བ་དང་ནམ་མཁའ་ཡང་ཡོངས་སུ་འགེབས་ལ། མགྱོགས་ཤིང་སྐྱེན་པོས་ས་གཞིར་རེག་སྟེ་ཁུ་ཚུར་ཙམ་གྱི་རྡོ་བ་མཁྲེགས་པོ་དག་སྐར་མདའ་བཞིན་འཕངས་ཏེ་ཞག་གང་བོར་མཚམས་མི་འཇོག

ཟླ་བཟང་དང་བུད་མེད་གཉིས་ནག་རོག་རོག་གི་སྦྲ་ནང་དུ་ཙོག་འདུག བྱིས་པ་ཚོས་ཕྱི་རོལ་འཇིག་རྟེན་གྱི་མི་སེམས་སྒུལ་བའི་ངར་སྐད་ཀྱི་ཀློང་ནས་བློ་བདེ་བག་ཕེབས་ངང་བྱིས་དུས་ཀྱི་རབ་རིབ་ཀྱི་ཞིང་ཁམས་སུ་འགྲིམ་པར་བྱེད། དཔྱིད་རླུང་གིས་ཆོག་ཤེས་མེད་པའི་མི་རྒན་ཞིག་གིས་ཐལ་དྲགས་པའི་ཀུ་རེ་རྩེ་བ་ལྟར་སྦྲ་ནག་ལ་གཡོ་སྐྱོམ་དྲག་པོ་གཏོང་ལ། ཁེར་རྐྱང་དུ་སྡོད་པའི་ཁྱིམ་འདིའི་སྐྱེས་པ་དང་བུད་མེད་དམ་བྱིས་པ་སོགས་ཁྲིད་ནས་རྒྱང་རིང་གི་འཇིག་རྟེན་ཞིག་ལ་བསྙེག་པར་གཟས་པ་དང་མཚུངས། མུ་མཐའ་མེད་པའི་ཀླུང་ཐང་དུ་གཅིག་པུར་ཀྲོང་ངེར་འགྲེང་བའི་སྦྲ་ནག་དེ་རླུང་ནག་ཁྲོད་སྙིང་རྗེ་བའི་ངང་གཡས་འགྱེལ་གཡོན་འགྱེལ་བྱེད་ན་ཡང་། དེའི་རྨང་རྟེན་ནི་སྔར་བཞིན་སྲ་ཞིང་འཐས་པའི་སྒོ་ནས་སྲ་མཁྲེགས་ཀྱི་ས་གཞིའི་གཏིང་རིམ་དུ་ཟུག་ཡོད་ལ། སྦྲ་གུར་ཧྲིལ་བོ་དང་མཐོ་སྒང་གཉིས་གཞི་གཅིག་ཏུ་འདྲེས་པར་བྱས་འདུག སྦྲ་གུར་དོག་པོའི་ནང་དུ་སྐྱེས་པ་ཞིག་དང་བུད་མེད་ཅིག་ཡུན་རིང་ལ་མཉམ་དུ་ཙོག་ནས་རང་བྱུང་ཁམས་ཆེན་པོའི་ཚེ་སྲོག་གི་ངར་སྒྲར་གསན་ཞིང་གདའ། ཁོ་གཉིས་ཀྱིས་ཕན་ཚུན་གཅིག་གིས་གཅིག་མི་མཐོང་ནའང་རང་ས་ནས་སེམས་ཁམས་ལ་བརྟེན་ཏེ་ཕ་རོལ་བོར་གསང་བརྡ་གཏོང་བ་དང་རང་ཉིད་ལ་བདེན་དཔང་གསོལ་བཞིན་ཡོད། དཔྱིད་རླུང་འདིས་ཡོལ་བར་དཀའ་ཞིང་འཁྱགས་པས་བསྡམས་པའི་དགུན་ཟླ་རིང་མོའི་ནང་དུ་ཁ་བས་མནན་པའི་འདོད་པའི་གདུངས་པ་དག་གཉིད་ལས་བསླངས་ཤིང་། ལུས་ཡོངས་ཀྱི་ཁྲག་རྩའི་སྦུབས་སུ་གསོན་ཤུགས་བསྟབས་པ་ནི་གཙང་བོའི་རགས་ཁ་ཤོར་ལྟར་འགོག་ཐབས་ག་ལ་ཡོད། 

“མ་ཡེ། སྐྱེས་དམན། ཁྱོད་ཀྱིས་ངའི་སྙིང་ལ་སྙོབས་དང”ཟླ་བཟང་གིས་ཤུགས་དང་ལྡན་པའི་ལག་པས་མོའི་འཇམ་ཞིང་མཉེན་པའི་མཁྲིག་མ་ནས་འཇུས་ཏེ་རང་གི་དམར་ཧྲེང་ཧྲེང་གི་སྙིང་གར་གླན།

“ཟླ་བཟང་། ཀ་ཡེ། ཟླ་བཟང”ཁོའི་ཆུང་མས་ཐེངས་རེ་རེར་ཡིད་འགུལ་ཐེབས་པའི་ངང་འབོད་ཅིང་། མུན་པའི་ཁྲོད་དུ་ཁོ་དང་བཅར་ཅི་ཐུབ་བྱེད།

མཚན་མོ་ནི་སོལ་བས་བྱུགས་པ་བཞིན་སྨག་ཧ་ཅང་ནག མཐའ་མཇུག་གི་མཚན་རླུང་གིས་དབྱངས་ཀྱི་ལྷག་མ་བསྣམས་ཏེ་མཐོ་སྒང་ལ་རེག་པའི་མུར། གློ་བུར་གྱི་འགྱུར་ལྡོག་གིས་བསྐྱེད་པའི་ཁུ་སིམ་གྱི་ཁྲོད་དུ། རང་བྱུང་ཁམས་ཀྱི་ལྷིང་འཇགས་ནི་བཟོད་ཐབས་བྲལ་བ་ཞིག་ཡིན། དབུགས་ཀྱི་རྒྱུ་བ་ཆད་པ་ལྟ་བུའི་ཁུ་སིམ་དེས་ནི་རྨི་ལམ་གྱི་སྒྱུ་འཕྲུལ་དང་འདྲ་བར་མིའི་ཕུང་བོ་མཁའ་ལ་འདེགས་པའི་སྣང་བ་སྟེར་ཞིང་རེ་ཞིག་མགོ་ཡོམ་འཁོར་བར་བྱེད་ལ། ཐ་ན་སྒྲ་ཕྲན་བུ་ཞིག་ཡིན་ཀྱང་ཐོས་ཐུབ་པའི་རེ་བ་འཆང་དུ་འཇུག འདི་ནི་མི་ལ་སྡུག་བསྔལ་བསྐྱེད་པའི་རེ་སྒུག་ཅིག་ཀྱང་ཡིན། མཇུག་མཐར་གྲག་འགུལ་ཅུང་ཙམ་བྱུང་བ་སྟེ། ཐག་རིང་དགུ་རིང་གི་ཡུལ་གང་ཞིག་ནས་མཆེད་པའི་གྲགས་སྒྲ་ཧ་ཅང་རྣལ་མ་ཞིག་གཅན་གཟན་གྱི་ང་རོ་ཕྲ་མོ་དང་འདྲ་ལ་བུས་པའི་ངུ་སྐད་དང་ཡང་མཚུངས། ཟླ་བཟང་དང་བུ་མོ་གཉིས་སྦྲ་གུར་ལས་བུད་ཅིང་ལག་རྡང་སྦྲེལ་ཞིང་སྤྲིན་སྲུབས་ནས་ག་ལེར་འགྱེད་པའི་ཟླ་འོད་ཀྱི་འོག་ཏུ་འགྲེང་སྟེ་བསྡད། ཁོ་གཉིས་ཀྱིས་གོས་ཅི་ཡང་གྱོན་མེད་པས་ཟླ་འོད་གཙང་མས་ཁོ་གཉིས་ཀྱི་སྟོབས་ཀྱིས་ཁེངས་པའི་ལུས་པོ་ལ་བྱབས་ཁྲུས་བྱས། ངོ་མཚར་བའི་མཚན་མོའི་འོད་མདངས་ཀྱིས་ཁོ་གཉིས་རབ་ཏུ་གཟིར་བར་བྱས་པ་དང་ཟླ་འོད་འོག་ཏུ་འགུལ་ཙམ་ཡང་མི་བྱེད་པར་ཡུན་རིང་ལ་ཀྲོང་ངེར་འགྲེང་ནས་གང་ཞིག་ལ་རྣ་བ་བླགས་ཏེ་འདུག་ལ། གང་ནས་ཡོང་བ་ཡང་མི་ཤེས་པའི་གྲགས་སྒྲ་དེས་ཀྱང་ཁོ་གཉིས་ལ་བདེ་བ་དཔག་ཏུ་མེད་པ་རེ་བསྩལ།

“ཁྱོད་ཀྱིས་ལྟོས་དང་། ང་ཚོ་ནི་ཁེར་རྐྱང་བ་ཞིག་མ་རེད”ཟླ་བཟང་གིས་བྱམས་བརྩེའི་ངང་ཆུང་མའི་འཁྱག་ཅིང་བསིལ་ལ་འཇམ་ཞིང་སྣུམ་པའི་དཔུང་བ་བསྡམས་འདུག “སྦྲུལ་ལྷ་རི་བོ་དེས་ལྷ་ཞིག་དང་འདྲ་བར་ང་ཚོར་གང་མང་ཅི་མང་ཞིག་གནང་ཡོད་ལ།  ང་ཚོའི་ཁོར་ཡུག་གི་གང་ས་གང་དུ་ཚེ་སྲོག་གནས་ཡོད་པ་དང་། གང་ས་གང་དུ་རྣམ་ཤེས་འཁྱམས་ནས་འདུག ཁོ་ནི་ང་ཚོའི་མགོ་ཐོག་དང་རྩིབས་ལོགས། རྡོག་འོག་སོགས་ན་ཡོད་དེ། ང་ཚོའི་ཆུ་བུར་མིག་གིས་ཁོ་རང་དངོས་སུ་མཐོང་དགོས་དོན་ཅི་ཡོད། ངའི་རྣ་ཡིས་ཐོས་བྱུང་། སྣ་ཡིས་མནམས་བྱུང་། ཚོར་བས་མྱངས་བྱུང” ཁོས་དེ་ལྟར་བྲང་ལ་རྡེག་རྡེག་ཅིག་བྱས།

ཚེ་རིང་རྒྱལ་མོས་རྩྭ་རྐང་ཕྲ་མོ་ཞིག་བལ་ནས་མཐེབ་ཆེན་རྒྱབ་ངོས་ཀྱི་འཕྲེད་གཉེར་གོང་མའི་བར་ཁུགས་སུ་བསླངས་པ་དང་། མཛུབ་ཚིགས་བསྲངས་ཙམ་བྱས་པར་རྩྭ་རྐང་དེ་གཉེར་མའི་བར་དུ་དམ་པོར་བཙིར་ནས་འགྱེལ་མི་ཐུབ་པར་གྱུར། མོའི་ལུས་པོ་འཁོར་ཙམ་བྱས་ཏེ་མཛུབ་མོ་རི་འདབས་ཀྱི་མཐོང་ལམ་ཡངས་པའི་ལྷོ་ཕྱོགས་སུ་གཏད་དེ་གྲིབ་མ་གང་ལ་ཕོག་པ་ལས་དུས་ཚོད་ལ་བརྟག་པར་འདོད། ཐབས་འདི་ནི་མིག་དམར་གྱིས་ཁོ་ལ་བསླབས་པ་ཞིག་ཡིན། མོས་ཞིབ་མོར་ཡུན་རིང་ལ་བལྟས་པར། མཛུབ་མོའི་རྒྱབ་ཏུ་དངོས་གནས་གྲིབ་མ་ཅུང་ཙམ་ཡང་ཕོག་མ་བྱུང་ལ་དེས་མོ་ལ་སེམས་མི་སྐྱིད་པའི་སྣང་བ་ཞིག་བསྐྱེད་སོང་། མོས་སྐབས་ཐོག་འདི་ནི་བོད་ཆུ་བྱ་ལོའི་ཟླ་བཅུ་པའི་ཚེས་སུམ་ཅུའི་ཕྱི་དྲོའི་ཆུ་ཚོད་དྲུག་པ་དང་ཕྱེད་ཀ་ཡིན་པ་ག་ལ་ཤེས། མོས་རང་གི་ལོགས་སུ་འཁོར་བའི་བྱ་ཝང་འགའ་ལ་ནས་འབྲུ་སྤར་གང་གཏོར་རྗེས་ཁྱིམ་དུ་སོང་ནས་པགས་སྟན་སྟེང་དུ་ཙོག་པ་དང་། མཁྲིག་མའི་སྟེང་གི་ཕྲེང་བ་བླངས་ཏེ་ཁ་རོག་གེར་མ་ཎི་བགྲང་མགོ་བརྩམས། སྐབས་དེར། མི་ཞིག་གིས་ཕྱི་རོལ་ཏུ་སྐད་དམའ་མོས་མོ་རང་བོས་བྱུང་། མོ་རང་དེ་མུར་སྐྲག་ནས་ཡེ་རེར་བཏང་སོང་། ལོ་འདི་གར་མི་སུ་ཡང་སྒོར་ཁང་དུ་ཡོང་མ་མྱོང་བས། བཀྲ་ཤིས་པའམ་ལྟས་ངན་པ་ཞིག་ཡིན་པ་མོས་ཀྱང་ཇི་ལྟར་ཤེས། མོ་རང་ག་ལེ་ག་ལེར་ཕར་སོང་ནས་སྒོ་ཕྱེ་བ་ན། ཨ་ཙི། ཟླ་བཟང་མ་ཡིན་ནམ། ཁོ་སྤུ་ཙམ་ཡང་འགྱུར་མི་འདུག་སྟེ། མགོ་སྐྲ་འཇིལ་ལིར་ཆགས་པ་དང་། ལེབ་ཅིང་རིང་བའི་སྣ་མདོ་ཡིས་ཁ་ཤ་མནན་འདུག་པ་སོགས་སྔར་བཞིན་དཔའ་ཉམས་ཐོན་འདུག་ལ། མིག་ཟུང་ལས་སྤྱང་གྲུང་གི་འོད་མདངས་དེ་འཚེར་ཞིང་མཆི།  

ཨ་ཁ། ཡང་ཁྱོད་རང་ང་ལ་རྩེད་མཚར་བྱེད་དུ་ཡོང་བ་ཡིན་ནམ།  ཁྱོད་ཀྱིས་ང་རང་སྔར་ནས་བཙུན་མ་ཞིག་ཡིན་པ་ལོས་ཤེས། མོ་འུ་ཐུག་ནས་དེ་ལྟར་ཁ་གྲགས་བྱུང་། 

ང་ལ་བསམ་ཚུལ་དེ་འདྲ་མེད། ཁྱོད་ཀྱི་ལུས་པོ་ནི་གཞན་གྱིས་སྔར་ནས་རྩེད་སྤྱད་བྱས་ཚར་ཟིན། ཁོས་དེ་ལྟར་སྙིང་ལངས་ནས་བཤད་པ་དང་། མཆུ་ཏོ་མཐུག་པོ་དེ་སྦོས་ནས་བྱུང་།

ཁྱོད་མ་གཏོགས་སུས་ཀྱང་ང་ལ་རེག་མྱོང་མེད། གནམ་རྒན་མར་མིག་ལོས་ཡོད། ཚེ་རིང་རྒྱལ་མོས་མ་ཉེས་ཁ་གཡོག་གི་སྒོ་ནས་དེ་ལྟར་སྐད་ཅོར་བརྒྱབ། 

ང་དངོས་ནས་ལྟོགས་བྱུང་། ཁྱོད་ཀྱིས་ཉིན་གསུམ་རིང་ང་ལ་ཟས་མ་བསྐྱལ། ཁོས་དེ་ལྟར་བཤད་བཞིན་འཁོབས་ཆེ་བའི་རུམ་ནས་ཟངས་རྐྱན་སྟོང་བ་དེ་དང་རྩམ་ཁུག་སྐམ་པོ་སྟོང་བ་དེ་གཉིས་ཕྱིར་བཏོན་ནས་མོའི་མདུན་དུ་བཞག  

དཀོན་མཆོག་གསུམ་པོས་མཁྱེན། མ་གཞིར་ངེད་ཚང་གི་ཕ་རིང་བུ་རིང་གིས་མཆོད་གཡོག་བྱས་པ་ནི་ཁྱོད་ཡིན་ནམ། མོས་ཡ་མཚར་བའི་ངང་དྲིས་བྱུང་། 

ཁྱོད་ཀྱིས་ཤེས་གསལ་ལྟར་ང་རང་ཁྱོད་དང་རྒྱང་དུ་གྱེས་ཏེ་འཚོ་བ་རོལ་མི་སྲིད། ང་ལ་རྒྱུན་དུ་བཟའ་བཅས་མི་འདང་བར་གདའ། ཡིན་ན་ཡང་སང་ལོའི་དཔྱིད་ཀའི་བར་དུ་ཉི་མ་ལེགས་པོ་འཁྱོལ་ཐུབ། ཁོས་དེ་ལྟར་བཤད་དེ་དོགས་མི་བདེ་བའི་ངང་མགོ་བོ་སྨད་སོང་།

ཚེ་རིང་རྒྱལ་མོ་ལ་དེ་མ་ཉིད་དུ་སྐད་ཆ་མང་པོ་ཞིག་ལབ་རྒྱུ་བྱུང་སོང་། ཟླ་བཟང་ལགས། ཁྱོད་ཀྱིས་ཅིའི་ཕྱིར་གདོན་འདྲེའི་གྲིབ་མ་ལྟར་ང་ལ་དཀྲི་དམ་པོ་བརྒྱབ་ནས་མི་གློད་པ་ཡིན་ནམ། ང་རང་ལོ་ན་ཧ་ཅང་ཆུང་དུས་སུ་ཁྱོད་ཀྱིས་ང་རང་པང་སྟེ་ཆེར་སྐྱེས་ན་ཁྱོད་ཀྱི་ཆུང་མ་བྱེད་དགོས་ཞེས་བཤད་མྱོང་། གལ་ཏེ་དེ་དུས་ངས་སྐད་ཆ་བཤད་ཤེས་རྒྱུ་ན། ང་རང་སྐྲག་གི་ཞེས་བཤད་སྲིད། ང་རང་ནར་སོན་མ་ཐག་པའི་དུས་དེ་ལ་ཁྱོད་ཀྱིས་ནམ་རྒྱུན་ཆུ་འགྲམ་དུ་ངའི་ཕྱོགས་སུ་ལག་པ་བསྲིངས་ཏེ་ངའི་རྣམ་ཤེས་རབ་ཏུ་གཟིར་བར་བྱས་ལ། ཁྱོད་རང་སྒོར་ཁང་དང་ཁ་འབྲལ་དུས་ངེད་ཚང་གི་ར་ལུག་ཁྱུ་གཅིག་དེད་སོང་། ངའི་བསམ་པར་དེ་ནས་བཟུང་ང་རང་ཁྱོད་ལ་ཆགས་པའི་འདོད་པ་དེ་བཅད་སོང་སྙམ་མོད། འོན་ཀྱང་མཚན་མོ་རེ་སླེབས་དུས་ནམ་རྒྱུན་ཉེས་པ་གསོག་པའི་ཁྲེལ་མེད་ཀྱི་རྨི་ལམ་དེ་ཡང་ཡང་རྨི་བཞིན་འདུག མ་གཞིར། ཁྱོད་ནི་རྣམ་ཤེས་ཀྱི་སྦྲང་མ་དང་འདྲ་བར་ངའི་སེམས་པའི་སྐྱེད་ཚལ་དུ་ལྡིང་སྐོར་རྒྱག ཁྱོད་རང་རི་རྩེར་གནས་བཅས་པ་ནི་ང་རང་དང་རྒྱང་དུ་གྱེས་པ་མིན་པར། མཐོ་སར་བསྡད་དེ་ང་རང་དགུག་པར་བསམ་པ་སྟེ། སྦྲུལ་ལྷ་རི་བོ་དང་བསྡོངས་ཏེ་ང་རང་མར་བསྒྱེལ་ཏེ་དབུགས་བསྒག་ལ་ཉེ་བར་གཏོང་འདོད་པ་ཉིད་རེད། འོ་ན་ཁྱོད་ཀྱིས་དུས་གཏན་དུ་ང་ལ་ཁ་ལོ་བསྒྱུར་འདོད་པ་མ་ཡིན་ནམ། མོས་དེ་ལྟར་འཆད་བཞིན་སྐྱོ་ཤས་ཀྱི་ངང་ནས་ངུ་ཤུམ་བྱས།

དེ་འགྲིག་གི  ཁྱོད་ཀྱིས་སྐད་ཆ་དེ་འདྲ་བཤད་ཕོད་ན། ཁྱོད་ལ་སྒོར་ཁང་དང་ཁ་གྱེས་ཏེ་ང་ལ་འགྲོགས་ནས་རི་རྩེར་འཚོ་བ་རོལ་བའི་སྙིང་སྟོབས་ལྡན་ན་འགྲིག

མིན། ང་རང་སྒོར་ཁང་དང་འབྲལ་མི་ཉན།  མོས་འཇིགས་སྐྲག་གིས་དེ་ལྟར་བཤད།

དེ་རིང་ང་ཁྱོད་ཀྱི་གམ་དུ་སླེབས་པར་གཏམ་བཟང་རྒུམ་བུ་ཙམ་ཞིག་འཐོབ་རྒྱུ་ཕར་ཞོག ད་དུང་རྣ་ལ་གཟན་པའི་སྐད་ཆ་ལུང་བ་གང་ཙམ་ཉོས་སོང་། འདྲེ་ས་འདྲེ་ཡུལ་འདི། ཁོས་དེ་ལྟར་བཤད་ཅིང་ཕྱོགས་བཞིར་བལྟས་ཙམ་བྱས་ཏེ་མེ་ཆ་ཞིག་བཏོན་འོངས་ནས། ངས་ས་འདི་གཙང་མར་མེ་ལ་བསྲེག་རྒྱུ་ཡིན་ཟེར།

ཚེ་རིང་རྒྱལ་མོས་སྣང་མེད་ཀྱིས་ཁོའི་བྱ་བྱེད་ལ་ཅེར་ནས་བསྡད། ཁོས་ཐོག་མར་སྡོང་རས་མེ་ལ་བསྒྲོན་ཞིང་དེ་ནས་རས་ལེབ་ཅིག་ལ་མེ་བསྒོས་པ་དང་། མཇུག་ཏུ་མེ་སོན་དེ་རྩྭ་སྐམ་ཕུང་བོ་ཞིག་གི་ཁོང་གསེབ་ཏུ་བརྫངས། མེ་ཤུགས་རིམ་གྱིས་ཇེ་ཆེར་སོང་ཞིང་ལྷབ་ལྷུབ་ཏུ་མཆེད་ཡོང་། སྐད་ཅིག་གི་རིང་ལ། སྒོར་ཁང་མེ་ལ་ཤོར་བའི་དུ་བ་སྟུག་པོས་ཚེ་རིང་རྒྱལ་མོ་ཡོངས་སུ་བཏུམས་སོང་། ཟླ་བཟང་ཕྱོགས་གང་ཞིག་ལ་བྲོས་པ་ཡང་མི་ཤེས། ཚེ་རིང་རྒྱལ་མོ་གཉིད་ལས་སད་པ་ལྟར་ཕྱི་རོལ་ཏུ་འབྲོ་བར་བརྩམས་མོད། མོའི་ལོགས་སུ་འུར་འུར་དུ་འབར་བའི་མེ་ལྕེས་ཧམ་པའི་ལྕེ་དམར་རིང་དུ་བསྲིངས་ཏེ་མོའི་ཤ་སྐྱི་ལ་ལྡག་པར་བྱེད་ཅིང་། མོ་རང་དུ་བ་སྟུག་པོས་བརྒྱལ་ལ་ཁད་བྱས་ཏེ་སྡུག་སྐད་རྒྱག་པའི་སྟོབས་ཤུགས་ཀྱང་ཕྲ་བར་གྱུར་ཏེ་དམྱལ་བའི་མེ་འོབས་སུ་ལྷུང་བའི་ཚོར་བ་བྱུང་ལ། དེ་མུར་ཀླད་པའི་ནང་དུ་ཚབ་ཚུབ་ཀྱིས་ང་རང་ས་འདི་དང་ཁ་འབྲལ་རྒྱུ། ང་ལ་མནར་གཅོད་མ་གཏོང་། གནམ་རྒན་མས་སྐྱོབ་ཅིག ང་རང་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་བར་ཤོག་ཅེས་པའི་འོ་དོད་བསྒྲགས་བྱུང་། སྐབས་དེར་གློ་བུར་དུ་ནམ་མཁའ་ནས་སྔགས་ཀྱི་སྒྲ་ལྟ་བུའི་རོལ་དབྱངས་སྙན་པོ་ཞིག་མཆེད་ཅིང་། མོས་ཐམ་མེ་ཐོམ་མེའི་ངང་། སེམས་པ་ཡུལ་དང་མ་བྲལ་ན།། ལུས་པོ་བྲལ་ཀྱང་ཅི་ལ་ཕན།། ཟེར་བའི་སྐད་ཅིག་གོ་བྱུང་། 

མཚན་མོའི་སྨག་ཧ་ཅང་སྟུག་ཅིང་། བརླན་གཤེར་གྱི་མཁའ་དབུགས་ནི་སྟོང་བའི་དབྱིངས་ལ་ཁྱབ། ཆུ་ཕྲན་གྱི་ལྷུང་ལྷུང་གི་འབབ་སྒྲ་དེས་མི་རྣམས་ལ་ཅི་ཞིག་ཟློ་བཞིན་པ་ལྟར་བཞུར་མཚམས་མི་འཇོག་པར་ཅ་ཅོ་སྒྲོག་ཅིང་། ནམ་ཞིག་ལ་མགོ་ནག་མིས་ཧ་གོ་ཐུབ་པའི་ཚེ་ན་ད་གཟོད་མཚམས་འཇོག་སྲིད་པ་འདྲ།  གྲོག་རོང་ཧྲིལ་བོའི་རྡོ་དང་ཤིང་རིགས་དག་གིས་ནི་ཁ་རོག་གེར་མིག་ཟུང་གདངས་ཏེ་མཚན་མོའི་གསང་བར་ཕུར་ཚུགས་སུ་ལྟ་བར་བྱེད་མོད། འོན་ཀྱང་། དེ་ཚོས་དུས་གཏན་དུ་མཐོང་ཐུབ་པའི་དངོས་པོ་དག་ནི་ལྷིང་འཇགས་ཀྱི་ཁྲོད་དུ་བསྐུངས་ཤིང་སྐུང་བཞིན་འདུག 

ཚེ་རིང་རྒྱལ་མོའི་ལུས་ཀྱི་སྟོབས་ཤུགས་ཡོངས་སུ་ཟད་འདུག མོ་རང་མཆོད་སྟེགས་ཀྱི་མདུན་དུ་འགོས་ཏེ་སྣུམ་སྒྲོན་བཀར་བ་དང་། མཆོད་ཆུ་གཙང་མ་དཀར་ཡོལ་གང་ལག་ཏུ་བཟུང་སྟེ་ནང་དུ་ཤར་བའི་རང་གི་ངོ་གདོང་གི་གཟུགས་བརྙན་ལ་ཞིབ་ཏུ་བལྟས། མོ་ནི་ལོ་ན་ཆུང་སྟེ་ད་གཟོད་མོ་ལོ་ཉེར་གསུམ་ལ་བུད་པ་ཙམ་ཡིན་ཞིང་། སྐར་ཆེན་ལྟ་བུའི་མིག་འབྲས་ཟུང་གཅིག་དང་མཛེས་ཉམས་ལྡན་པའི་སྣ། འགྲམ་པའི་རྫུན་འཛུམ་སོགས་ཀྱིས་ངང་ངམ་ཤུགས་ཀྱིས་མོའི་གདོང་ལ་ཡིད་དུ་འོང་བའི་མཛེས་སྡུག་ཅིག་བསྣན་ཡོད་ཅིང་། འགྲམ་པ་གཡས་པའི་ངོས་ན་སྨེ་བ་ཕྲན་བུ་འགའ་མངོན་ལ། དེ་ནི་ལོ་གཉིས་ལ་སོན་པའི་སྐབས་དེར་དབྱིན་ཇི་པ་དེས་མོ་ལ་བཞག་པའི་དུས་གཏན་གྱི་རྗེས་ཤུལ་རེད། མོས་མགོ་བོ་དགྱེ་སྟེ་མག་མོག་ཏུ་གྱུར་པའི་གྱང་ལྡེབས་ལ་བལྟས་པར། ལྡེབས་ངོས་སུ་ཞིབ་ཅིང་སྟུག་པའི་རི་མོ་མང་པོ་སྟེ། འཕྲེད་ཐིག་དང་ཐུར་ཐིག གསེག་ཐིག་མང་པོ་ཤར་ཤར་དུ་ཞ་ཡོད་ལ། དེས་ལོ་ཟླ་འདི་དག་གི་ཟིན་ཐོ་རྣམས་གུང་བསྒྲིགས་ཡོད་པ་དང་། ལྐོག་གྱུར་གྱི་གསང་བ་རིགས་ཤིག་གི་རྟོགས་པ་མཚོན་པར་བྱས་ཡོད། མོས་རང་གིས་ཞ་བའི་རི་མོའི་རྗེས་ཤུལ་དག་བགྲངས་རྗེས། ཅི་ཡིན་འདི་ཡིན་མ་ཤེས་པར་དངོས་གནས་སྒྲུབ་ཕུག་ནང་གི་རྣལ་འབྱོར་པར་བསོད་སྙོམས་འབུལ་བའི་དུས་ཚོད་ཉིན་གསུམ་འགྱངས་འདུག་པ་ཚོར།

ནམ་གུང་གི་ཆར། མོས་ལྭ་འདབས་ཡར་བརྫེས་ཤིང་དལ་ལྷོད་ལྷོད་ཀྱིས་སྒྲུབ་ཕུག་གི་ཁར་ཆས། བར་སྣང་དུ་ཟླ་འོད་བསྒྲིབས་པའི་སྤྲིན་ནག་ནི་བལྟས་པ་ཙམ་གྱིས་ནག་ཐིང་ཐིང་གི་རི་རྩེ་དང་མཚར་རྡོ་དག་དང་ཡོངས་སུ་མཚུངས་པར་རྣམ་པ་འཇིགས་སུ་རུང་ལ། ལོགས་ཀྱི་ཐོར་སྤྲིན་ནག་པོའི་གཟུགས་རིས་དག་ཀྱང་གཅན་གཟན་འགའ་ཞིག་གི་སྡེར་རྩེ་དང་མཆེ་བ་འདྲ།  སྐྱི་གཡའ་བའི་མཚན་མོར། སྣང་ཚུལ་དེ་དག་ནི་མདོར་ན་དམྱལ་བའི་ཁམས་ཀྱི་འཇིགས་སུ་རུང་བའི་འདྲ་རིས་ནག་པོ་ཞིག་བར་སྣང་མཐོན་པོའི་དབྱིངས་ནས་ཁ་ཐུར་དུ་བསྟན་ཡོད་པ་དང་གཉིས་སུ་མེད། གློ་བུར་དུ། མོའི་སྙིང་རྩ་འཁུམས་སྟངས་ཤིག་གིས་ཅུང་ཟད་མིན་ན་ལག་ནས་ཟངས་རྐྱན་ཡེར་སོང་། རྒྱུ་མཚན་ནི་སྒྲུབ་ཕུག་ལས་རྒྱུན་ལྡན་མ་ཡིན་པའི“གནམ་ནས་ཆོས་སྐྱོང་སྲུང་མ་མར་འབབ་བམ”ཟེར་བའི་གསལ་ཞིང་དག་པའི་སྐད་རྣལ་མ་ཞིག་ཕྱུང་བའི་སྟབས་ཀྱིས་སོ།།

ཚེ་རིང་རྒྱལ་མོས་རེ་ཞིག་ཧོན་ཐོར་བ་ལྟར་ཚིག་ལན་ཅི་ཡང་མི་འདེབས་པར་བྱིན་པ་ལྷོད་པར་གྱུར་ཅིང་། ལུས་པོ་ནི་སྟ་རེས་བཅད་པའི་སྡོང་སྐམ་ཇི་བཞིན་ལྟིག་སེ་ས་ལ་འགྱེལ་སོང་། 

“སྐུ་ཉིད་ནི་སྔར་ཡིན་ན་མཁའ་འགྲོ་མའི་སྤྲུལ་བ་ཞིག་རེད”སྐད་སྒྲ་དེས་སྒྲོ་སྐུར་ཅི་ཡང་མེད་པར་རྣལ་དུ་ཕབ་པའི་སྒོ་ནས་ཚེ་རིང་རྒྱལ་མོའི་སྐྱེས་རབས་གསལ་བར་བསྟན་ལ། དངོས་གནས་གནམ་ནས་སྤྲིན་རྟ་མགོ་ཙམ་མེད་པར་ཐོག་སྟ་རེ་ཙམ་འབབ་པ་ལྟར་མོ་རང་ཡུད་ཙམ་ལ་ངག་ཅི་ཡང་མ་འཁྲོལ་བར་ལུས།

དེར་མཐུད་ནས་གྲགས་པའི་སྒྲུབ་ཕུག་ནང་གི་སྐད་ཆ་དེ་དག་ཚེ་རིང་རྒྱལ་མོས་ཧ་ཅི་ཡང་མ་གོ  དཔོག་པར་དཀའ་བའི་དབྱངས་འགྲོས་དག་ཀྱང་སྐབས་རེར་རྒྱུགས་ཆུ་ལྟར་ལྷུང་ལྷུང་དུ་འབབ་ལ། མཚམས་རེར་མཚོ་རླབས་ལྟར་ཅ་ཅོ་སྒྲོག་པར་བྱེད། ཡིན་ན་ཡང་། མོས་རང་ཉིད་སྐབས་འདིར་ཕུག་པའི་ཕྱི་ན་འགྲེང་འདུག་པའི་འཇིག་རྟེན་གྱི་ཆེས་སྤྱིར་བཏང་བའི་མི་ཕལ་བ་ཞིག་ལས་མཁའ་འགྲོ་མ་མིན་པ་གསལ་བར་རྟོགས་ཡོད། མོའི་ལྷན་སྐྱེས་ཀྱི་ནུས་པས་ངོ་མཚར་བའི་རྣམ་རྟོག་འདི་འདྲ་ཞིག་བསླངས་ཡོང་བ་སྟེ། ཡོད་ཚད་རློག་པར་བྱེད་ཅིང་མྱངས་མ་མྱོང་བའི་སྡུག་བསྔལ་རིགས་ཤིག་དང་རྨི་ལམ་སྒྱུ་མ་ལས་འདས་པའི་ཐར་བའི་ཞིང་ཁམས་ཤིག་དོ་ནུབ་རང་གི་ལུས་སྟེང་དུ་ལེགས་པར་སྨིན་ངེས་རེད། འདི་ནི་ཧ་ཅང་གསང་རྒྱ་བའི་ལྷའི་ལུང་བསྟན་ཏེ། མེ་ལྕེས་སྦར་བའི་རྨི་ལམ་དེ་ནི་འདི་དག་ཡོད་ཚད་ཀྱི་སྔ་ལྟས་རེད། 

“ཕྱི་རོལ་ནི་དངོས་གནས་གསལ་བ་ལ”  སྐད་སྒྲ་དེ་རིམ་གྱིས་ངར་ཇེ་ཆེར་གྱུར་ཏེ། “མེ་ཡིན་ནམ་ཡང་ན་འོད་རེད”ཟེར།

“རིན་པོ་ཆེ་ལགས། རིན་པོ་ཆེ་ལགས།” ཚེ་རིང་རྒྱལ་མོ་ལུས་པོ་ལྷ་བ་བཞིན་དུ་མཚམས་མེད་པར་འདར་བྱུང་ལ། རིག་པ་ཉམས་ཤིང་དྲན་པ་ཚབ་ཚུབ་དང་རབ་རིབ་ཀྱི་ངང་ལ་ཞུགས་སོང་། 

“གསལ་རྒྱུ་མང་དྲགས་སོང་། མང་དྲགས་སོང”སྐད་སྒྲ་དེས་འུར་བརྒྱབ་སྟེ“དེ་སྒྲིབས་ཤིག གསལ་བོ་ཡོང་མི་ཉན། སྒྲིབས་དང་། ང་རང་འཇིགས་ཤིང་ཞེད།  དེ་སྒྲིབས་པར་གྱིས་ཤིག”ཅེས་ཟེར། 

ཚེ་རིང་རྒྱལ་མོས་སྡུག་བསྔལ་གྱིས་ངུ་ཤུམ་རྒྱག་བཞིན་ཤུགས་བཏོན་ཏེ་ཕར་འགོས་པ་དང་། དཔུང་པ་གཉིས་བསྐྱེད་དེ་ལུས་པོ་ཧྲིལ་བོ་ཁུང་ཁར་གཞོལ།  

ཟླ་ཟེར་གྱིས་སྤྲིན་རུམ་བརྟོལ་ནས་དཀར་ཆེམ་ཆེམ་ངང་བསིལ་ཞིང་གྲང་བའི་འོད་སྣང་སྦྱིན་བྱུང་། 

ཚེ་རིང་རྒྱལ་མོ་འགུལ་ཙམ་ཡང་མི་བྱེད། དེ་ནི་མོའི་ལུས་རྒྱབ་ལ་འཛེར་མ་བཏབ་སྟེ་བྲག་ལྡེབས་ལ་བརྡབས་པ་དང་ཡོངས་སུ་མཚུངས། 

ཚེ་རིང་རྒྱལ་མོའི་ལུས་ཡོངས་ཟླ་འོད་ཀྱིས་གཡོགས་བྱུང་། (མུ་འགོད)

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།