ཀྲུང་གོ་བོད་ཀྱི་དྲ་བ།

བོད། སྦས་སྐུང་གི་ལོ་ཟླ།(གཉིས)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བཀྲ་ཤིས་ཟླ་བས་བརྩམས།འབྲོང་བུ་རྡོ་རྗེ་རིན་ཆེན་གྱིས་བསྒྱུར།   སྤེལ་དུས། : 2021-08-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཚེ་རིང་རྒྱལ་མོ་ལོ་གཉིས་ལ་སོན་པའི་དུས་དེར་མོ་ལ་གཞན་དང་མི་མཚུངས་པའི་ཁྱད་རྟགས་སྣ་ཚོགས་ཐོན་གྱིན་འདུག མོར་ལས་རྒྱུ་མེད་དུས་ས་ལ་ཙོག་སྟེ་རྟོགས་པར་དཀའ་བའི་བྱེ་མའི་རྩིས་གཞུང་སྣ་ཚོགས་བཟོ་བར་བྱེད། མོས་བཟོས་པ་ནི་མི་ཡུལ་གྱི་འཁོར་བའི་སྐྱེ་འཆི་མཚོན་པའི་བྱེ་རིས་ཤིག་ཡིན་པ་བགྲེས་པོ་མིག་དམར་གྱིས་ག་ལ་ཤེས། ཡང་གཅིག་བཤད་ན། མོ་རང་ཀྱ་ཙེ་གོམ་ཙེར་འགྲོ་ཐུབ་པ་ནས་བཟུང་བྲོ་འཆལ་མ་འཆོལ་ཞིག་འཁྲབ་ཤེས་ལ། མོས་བྱེ་ཐང་དུ་སྤོས་པའི་རྐང་རྗེས་ཀྱང་ནམ་མཁའི་མཐོངས་སུ་ཤར་བའི་སྐར་ཁྱིམ་གྱི་བསྒྲིགས་རིས་དང་ཡོངས་སུ་མཚུངས། མིག་དམར་གྱིས་དེ་ནི་བོད་དུ་སྔ་མོ་ནས་དར་ཞིང་ནུབ་པའི་དགེ་ལུགས་པའི་རྡོ་རྗེའི་འཆམ་སྟེག་ཚུལ་ཞིག་སྟེ། མོས་ཐོག་མར“རྡོ་རྗེ་གདོང་གཅིག”གི་འཆམ་ནས་རིམ་གྱིས“རྡོ་རྗེ་གདོང་ལྔའི”འཆམ་སྟེགས་ཀྱི་ཡོད་པ་དེ་བས་ཀྱང་ག་ལ་རྟོགས། ཡིན་ན་ཡང་། ལྷའི་སྤྲུལ་བ་འགྱེད་པ་ལྟ་བུའི་རྣམ་ཐར་འདི་དག་ཅང་མ་འགོར་བར་སྒོར་ཁང་དུ་ཡོང་བའི་མི་རྒྱུས་མེད་དེ་དག་གིས་བསྣུབས་པར་གྱུར་ལ། མི་རྣམས་ཡ་མཚན་པར་བྱེད་པའི་མངོན་སུམ་སྣ་ཚོགས་པ་དེ་དག་ཀྱང་གར་སོང་ཆ་མེད་དུ་གཏོར་ཏེ་མོ་ནི་རུ་སྡེ་འདི་གའི་མི་སྤྱིར་བཏང་ནང་གི་ཕལ་བ་ཞིག་ཏུ་བསྒྱུར། 

ཉིན་དེར། ཚ་ཞང་སྒོ་ཕྱིར་ཆུ་ལེན་དུ་སོང་བར། བྲག་རྡོའི་ཕག་ན་མི་ཚོགས་ཤིག་གི་མགོ་འབུ་རུ་རུ་བྱེད་པ་མཐོང་། དེ་ཚོའི་འགོ་བའི་ཚུགས་ཀ་ནི་ཁྱད་པར་བ་ཞིག་སྟེ། ཁ་ན་སྨ་ར་མཐུག་པོ་ཞིག་སྐྱེས་པ་དང་། གདོང་མདོག་དཀར་ཞིང་དམར་ཤས་ཆེ། མོས་དེ་ཚོ་མཐོང་མ་ཐག་ཟོ་བ་གཡུགས་ནས་ཚབ་ཚུབ་ཀྱིས་ཁྱིམ་དུ་བྲོས་ཡོང་སྟེ་སྒོ་གཏན་དམ་པོར་བརྒྱབ་ཅིང་། སྨྱོས་པ་ལྟར་མོ་རང་གདོན་འདྲེ་དང་ཕྲད་བྱུང་ཟེར་ནས་སྐད་ཅོར་བརྒྱབ། མིག་དམར་གྱིས་མི་རྒོད་དེ་ཡང་བསྐྱར་ཡར་འགོས་ནས་ཡོང་གི་འདུག་གམ་ཞེས་དྲིས། ཚ་ཞང་གི་གདོང་མདོག་ཀྱང་གདོན་འདྲེ་ལྟར་འཇིགས་སུ་རུང་བ་ཞིག་ཏུ་གྱུར་ནས་ན་རེ། དེ་སྔའི་མི་རྒོད་ལས་ཀྱང་འཇིགས་པ་སྟེ། དེ་ནི་གདོན་འདྲེ་སྐྲ་དམར་རེད་ཟེར། རྒན་རྒོན་གཉིས་ཀྱིས་ཚེ་རིང་རྒྱལ་མོ་པང་དུ་བཟུང་སྟེ་མཆོད་སྟེགས་སྟེང་གི་གནའ་བོའི་ལི་སྐུ་འགའི་མདུན་དུ་པུས་མོ་བཙུགས་ནས་སྐད་འདར་བཞིན་གསོལ་བ་ལན་འགའ་བཏབ་ཅིང་བྱམས་དང་སྙིང་རྗེའི་བདག་པོ་སྤྱན་རས་གཟིགས་ཀྱིས་འདྲེ་ཚོགས་དེ་ཕར་སྐྲོད་པ་དང་། དེ་དག་ནང་དུ་འཛུལ་ཏེ་ཉེས་མེད་ཀྱི་མི་སྲོག་ལ་གནོད་པ་མི་འབྱུང་བའི་སྐྱབས་འཇུག་ཞུས། སྐབས་དེར། ཚེ་རིང་རྒྱལ་མོས་ཕྱི་རོལ་ནས་མི་ཞིག་གི་སྐད་སྒྲ་གྲགས་པ་ཐོས་ནས་སྲོག་བསྡོས་ཀྱིས་ངུ་སྐད་བརྒྱབ་སྟེ་རྒན་རྒོན་གཉིས་ཀྱི་པང་ནས་ཤུགས་ཀྱིས་ཐར་ཐབས་བྱེད། མ་གཞི་མི་དེས་གུས་པའི་ངག་གིས་བདག་པོ་སྒོར་ཕེབས་ཏེ་དཀའ་ལས་མྱོང་བའི་མགྲོན་པོར་འགྲུལ་རྩིས་གཏོང་བའི་རེ་བ་ཞུ་བཞིན་འདུག གུས་ཚིག་འདིའི་རིགས་ནི་མིག་དམར་ཆུང་དུས་སུ་ཤར་ལུང་རྫོང་དུ་རྒན་པོ་གཟུངས་འབུམ་ལ་མེ་གསོ་བྱེད་ཀྱི་སྦུད་པ་གཉིས་སྐྱེལ་དུ་འགྲོ་སྐབས་སྐུ་དྲག་ཚོས་ཕན་ཚུན་ལ་ཁ་བརྡ་བྱེད་པ་ལས་ཐོས་མྱོང་། མིག་དམར་གྱིས་སྒོའི་ཧྲག་བར་ནས་བལྟས་པར། བྲག་རྡོ་དེའི་སྟེང་དུ་དངོས་ནས་གདོན་འདྲེ་སྐྲ་དམར་ཞིག་ཙོག་འདུག་ལ། གོན་པ་ཡ་མཚན་ཅན་དག་གོན་ཞིང་རྒྱབ་ཏུ་ཁུག་མ་ལྗིད་ཏིག་ཏིག་ཅིག་ཁུར་བར་མ་ཟད། སྐེད་པ་བསྒུར་ནས་ལག་པ་གཉིས་རྐྱ་བཀར་བའི་བརླ་ཤ་རེའི་སྟེང་དུ་ཁེན་ནས་དབུགས་ཧལ་ཧལ་བྱེད་ཅིང་། ཚུལ་དེར་བལྟས་ན་ཁོ་རང་ཧ་ཅང་ཐང་ཆད་འདུག་པ་འདྲ། ཁོའི་འགྲམ་དུ་ད་དུང་རྐང་རྗེན་དུ་བུད་པའི་བོད་པ་འགའ་འགྲེང་འདུག་ཅིང་། དེ་ཚོས་ཀྱང་རྒྱབ་ཏུ་དངོས་པོ་མང་པོ་ཞིག་བསྣམས་འདུག  ཅང་མ་འགོར་བར། ཡང་གདོན་འདྲེ་སྐྲ་དམར་དང་མཚུངས་པའི་མི་ཞིག་ཡར་འགོས་ཡོང་བ་དང་། ཁོ་གཉིས་ཀྱིས་ལྡབ་ལྡིབ་ཏུ་ཚིག་འགའ་བཤད་རྗེས། མི་དེ་ཨ་ཐང་ཆད་དེ་ཤུགས་ཟད་པ་ལྟར་བྲག་རྡོའི་སྟེང་དུ་འགོ་མ་ཐུབ་པར་སྤང་ཐོག་ཏུ་འགྱེལ་བ་དང་། ཨ་ཐང་ཆད་པའི་ངང་མགོ་བོ་གཡུག་གཡུག་ཙམ་བྱེད། འགོ་བ་གདོན་འདྲེ་སྐྲ་དམར་དེ་ཚུར་ཡོང་ནས་ལུས་པོ་སྒུར་སྒུར་གྱིས་ཁོ་ལ་འགྲམ་ལྕག་ཅིག་གཞུས་པ་དང་། སྒོ་ལ་ཧྲག་བར་ཅུང་ཟད་ཕྱེ་བ་མཐོང་ནས་མིག་དམར་འབོད་ཞོར་དུ་བོད་སྐད་གཙང་མ་བྱང་ཆ་ལྡན་པ་ཞིག་བཤད་དེ་ཕར་སོང་། ཕལ་ཆེར་ཆུ་ཚོད་གཅིག་ཙམ་འགོར་རྗེས་སྒོར་ཁང་གི་མི་རྣམས་ཀྱི་སྔངས་སྐྲག་དང་དོགས་ཟོན་རིམ་གྱིས་སངས་པར་གྱུར། མི་དེ་གཉིས་ཀྱིས་བགྲེས་པོ་མིག་དམར་ལ་ཁོ་ཚོ་ནི་གདོན་འདྲེ་མ་ཡིན་པར་དབྱིན་ཇིའི་མི་ཡིན་ཚུལ་དང་། ཡར་ཀླུང་གཙང་པོའི་མཐའ་མཇུག་གི་བཞུར་རྒྱུན་ལ་རྟོག་དཔྱོད་དུ་ཡོང་ནས་ལམ་བར་དུ་འཕགས་པོ་གནས་སྒང་རི་ཁུལ་བརྒྱུད་ཚུལ་ལབ་པར་མ་ཟད། ཁོ་ཚོའི་རོགས་པ་ལ་ན་ཚ་བྱུང་བ་དང་། རི་འདབས་སུ་འགྲོ་སྐབས་མདུན་གྱི་རུ་སྡེ་མ་མཐོང་བས་རྒྱང་ཤེལ་གྱིས་རི་སྐེད་ཀྱི་གྲོག་རོང་དུ་སྒོར་ཁང་ཞེས་པའི་རི་སྡེ་ཞིག་ཡིབ་ནས་ཆགས་འདུག་པ་རྙེད་པ་དང་། འདི་གར་འགོས་ཡོང་ནས་ཞག་ངལ་གསོ་རྒྱུ་ཐག་བཅད་ཚུལ་སོགས་བཤད། བོད་པ་དེ་དག་ནི་ཞབས་ཞུ་སྒྲུབ་པའི་ལས་ཀ་པ་ཡིན་ལ། དབྱིན་ཇི་པ་དེས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་དང་པཎ་ཆེན་སྐུ་ཕྲེང་དགུ་པའི་སྐུ་འདྲ་བཏོན་ནས་སྒོར་ཁང་གི་མི་རྣམས་ལ་བསྟན།  མིག་དམར་གྱིས་སྐུ་འདྲ་ཚུར་བླངས་ཏེ་ཡིད་ཆེས་ལ་མི་ཆེས་པའི་སྒོ་ནས་ཡོང་ཁུངས་མི་ཤེས་པའི་དབྱིན་ཇི་པས་རྒྱལ་བ་པཎ་ཆེན་རྣམ་གཉིས་ཀྱི་སྐུ་འདྲ་གང་སར་བསྣམས་ཐུབ་པ་ལ་རྣམ་རྟོག་ཅིག་ཟོས་བྱུང་། དབྱིན་ཇི་པས་བགྲེས་པོ་མིག་དམར་ལ་རྒྱང་ཤེལ་སྦུག་གཉིས་མ་ཞིག་གཏད་དེ་མིག་ཁར་འཁྱེར་ནས་ནུབ་རིའི་འདབས་ཀྱི་ཡངས་པའི་གཙང་ངོས་དང་རྒྱང་རིང་གི་རི་ཚོགས་ལ་ལྟ་རུ་འཇུག་སྐབས། ཁོ་རང་རེ་ཞིག་ཧད་པར་གྱུར་སོང་། དངོས་གནས་ཡུལ་ལྗོངས་མཐའ་དག་ཁོའི་མིག་མདུན་དུ་ལྷུང་བར་མ་ཟད། ཐ་ན་གཙང་ངོས་ཀྱི་ཀོ་གྲུ་དེ་ཡང་གསལ་གྱི་ལེར་མཐོང་ཐུབ། མིག་དམར་ཧ་ལས་ནས་ཁ་ཤ་མུར་མུར་དུ་འགུལ་བཞིན་ནོམ་ཆེ་ཞིང་ནག་ཀྲིག་ཀྲིག་གི་རྒྱང་ཤེལ་དེ་དོགས་མི་བདེ་བའི་ངང་དབྱིན་ཇི་པར་ཕྱིར་སྤྲོད་བཞིན་ཁོ་ཚོའི་འཕྲུལ་རྩལ་ལ་ཡིད་ཆེས་སྐྱེས་བྱུང་། ཚ་ཞང་གིས་ཁོ་ཚོར་ཇ་བསྐོལ་ཞིང་ཟས་གཡོས་པ་དང་།  མིག་དམར་གྱིས་ད་དུང་ཁོ་གཉིས་ཀྱི་གཅིག་གི་མིག་མདོག་སྔོན་པོ་ཡིན་ལ་ཅིག་ཤོས་ནི་སྐྱ་བོ་ཞིག་ཏུ་སྣང་བ་ལ་ཡ་མཚན་སྐྱེ་བཞིན་འདུག ཟས་ཟ་བའི་སྐབས་སུ། དབྱིན་ཇི་པས་འདི་གའི་ས་བབ་ཀྱི་གནས་ཚུལ་སྐོར་དྲིས་བྱུང་།  མིག་དམར་གྱིས་ཤུགས་བརྒྱབ་ནས་ཁོ་ཚོར་སྤྲོ་བ་བསྐྱེད་ཅིང་ཡིད་ཚིམ་དུ་འཇུག་པར་འདོད་དེ་རང་གི་གཞོན་དུས་ཀྱི་རང་དབང་གི་རྔོན་པའི་འཚོ་བ་དག་ཆུ་བཞུར་བཞུར་གྱིས་གླེང་། དབྱིན་ཇི་པས་ཉན་བཞིན་སྨིན་མ་ཐོད་ལ་བསྡུས་པ་དང་ད་གཟོད་ཅི་ཡང་མི་འདྲི་བར་ཟ་མ་ཟོས་རྗེས་མིག་དམར་ལ་ཊམ་ཀ་འགའ་གནང་སོང་། མིག་དམར་གྱིས་དེ་ལ་མགོ་བོ་འཕྲེད་དུ་གཡུག་གཡུག་མཛད་དེ་དབྱིན་ཇིའི་ལྭ་བ་ཞིག་གནང་བའི་རེ་བ་བཅངས། དབྱིན་ཇི་པ་རེ་ཞིག་གང་དཀར་གཏད་མོད། འོན་ཀྱང་མཇུག་མཐར་རྒྱབ་ཀྱི་ཁུག་མ་ལས་ལྗང་མདོག་གི་ཁཱ་ཅིའི་དམག་ལྭ་གསར་མིན་རྙིང་མིན་ཞིག་བཏོན་འོངས་ཏེ་ཁོ་ལ་བྱིན།  ནམ་རྒྱུན་ལོབས་ཕྱོགས་ཀྱིས་སྒོར་ཁང་དུ་སྐོམ་ཆུ་འཐུང་དུ་ཡོང་བའི་བྱ་ཝང་དང་། རི་བོང་། གླ་བོ་དེ་དག་གིས་སྲོག་ཆགས་ཀྱི་ཐུན་མོང་མ་ཡིན་པའི་དབང་ཤེས་ཀྱིས་ཅི་ཞིག་བསྣམས་བྱུང་བ་དང་འདྲ་བར། ད་ནི་སྒོར་ཁང་གི་ཆུ་ངོགས་ཀྱི་སྤང་ཐོག་ཏུ་གཏན་ནས་མི་ཡོང་བར་གོམ་པ་བརྒྱ་ཕྲག་གི་ཕྱི་རོལ་གྱི་རྡོ་ཚོགས་ཀྱི་སྲུབས་ཀ་ལས་སྐད་ཅོར་འདོན་གྱིན་འདུག  དབྱིན་ཇི་པས་ཤིན་ཏུ་སྤྲོ་བ་ཡོད་པའི་སྒོ་ནས་ཡུད་ཙམ་ལ་གཟིགས་མོར་རོལ་རྗེས། དཀྲུམ་མདའ་གཡོན་འཁོར་མ་ཆེ་བ་ཞིག་བཏོན་འོངས་ཏེ་མིག་གར་བླངས་ནས་ཡུད་ཙམ་དུ་དམིགས་ཀྱང་མཐའ་མར་སྔར་བཞིན་མདེའུ་འཕངས་མ་བྱུང་། དབྱིན་ཇི་པ་གཞན་པ་ནད་པ་དེ་དབང་མེད་ཚང་གི་སྔོན་གྱི་ཁང་ཧྲུལ་ནང་དུ་ཁུར་ཡོང་འདུག་ལ། རྗེས་སུ་འབྲངས་པའི་བོད་པ་ཞིག་གིས་རས་ལེབ་ཅིག་ཆུ་ལ་སྦངས་རྗེས་ཁོའི་དཔྲལ་བར་གློན་གྱིན་གདའ། ཚུགས་ཀར་བལྟས་ན་ཁོ་རང་དོ་ནུབ་གསོན་ཐབས་མི་འདུག་པ་འདྲ། སྙིང་རྗེ་ཅན་གྱི་ཚ་ཞང་གིས་ལྷ་སྐུའི་མདུན་དུ་པུས་བཙུགས་ཏེ་ཡུན་རིང་ལ་གསོལ་བ་དྲག་པོ་ཞིག་བཏབ། ལུས་སྟོབས་དར་ལ་བབས་པའི་དབྱིན་ཇི་པ་གཞན་པ་དེས་ཐབ་འགྲམ་དུ་ཙོག་ནས་ཅི་ཞིག་འབྲི་བར་རྩོམ་དུས། གློ་བུར་དུ་ཀླད་པའི་སྟེང་དུ་རྡེའུ་ཞིག་ཕོག་པ་ཚོར། ཁོས་མགོ་དགྱེ་ནས་བལྟས་པར། ལོ་ན་བཅུ་ལྷག་ལ་སོན་པའི་བྱིས་པ་ཞིག་གིས་བྲག་རྡོའི་ཕག་ནས་པྲ་ཚག་གི་མགོ་བོ་ཕྱིར་བུད་དེ་འདུག་ལ། དབྱིན་ཇི་པས་བགྲེས་པོ་མིག་དམར་ལ་བྱིས་པ་དེ་ཁོའི་བུ་ཡིན་མིན་དྲིས་བྱུང་བ་དང་། མིག་དམར་གྱིས་མགོ་བོ་འཕྲེད་དུ་གཡུག་གཡུག་བྱས་ནས་བསྡད། དབྱིན་ཇི་པ་དེ་དེ་མུར་ཁོང་ཁྲོ་ལངས་བྱུང་སྟེ་དཀྲུམ་མདའ་ཡར་བཀྱགས་ཏེ་བོའུ་སྐད་ཐེངས་གཉིས་བསྒྲགས་པ་ན་མིག་དམར་དངངས་སྐྲག་ཅིག་གིས་ཧད་ཧད་དུ་བཏང་བ་དང་། དབྱིན་ཇི་པས་ཚུགས་ཀ་དེ་མཐོང་ནས་ཧབ་དགོད་ཅིག་བྱས་ཏེ་དེ་ནི་བོའུ་སྐད་ཀྱིས་སྙིང་ལངས་པའི་བྱིས་པ་མ་རབས་དེ་ཕར་བདས་པ་ཙམ་ཡིན་ཟེར། ཕྱི་ཉིན། ཕྱི་སྲོག་ཆད་པའི་དབྱིན་ཇི་པ་དེ་ལ་སྐྱོན་ཅི་ཡང་མ་བྱུང་། ཁོ་ལ་ན་བ་ལྕི་མོ་ཞིག་བྱུང་སོང་ཟེར་ན་གཏན་ནས་རྣར་མི་འགྲོ་བ་ཞིག་རེད། ཁོ་ཚོ་འགྲོ་ཁར་ད་གཟོད་ཞི་ལ་ཆུང་ཆུང་དང་འདྲ་བར་མི་རྒན་ཚོའི་བརླ་བར་ནས་ཕར་འཛུལ་ཚུར་འཛུལ་བྱེད་པའི་ཚེ་རིང་རྒྱལ་མོ་ལ་དོ་སྣང་བྱས་བྱུང་། ནད་ལས་དྲག་པའི་དབྱིན་ཇི་པ་དེས་ཚེ་རིང་རྒྱལ་མོ་པང་དུ་བསྣམས་ཏེ། གདོང་ལ་སྐྱུག་ཉམས་ཤིག་འཆར་བཞིན་མོའི་འབག་བཙོག་གི་ངོ་གདོང་ལ་ལྟ་བར་བྱེད་ཅིང་། མཐའ་མར་སྔར་བཞིན་མོའི་འགྲམ་པ་གཡས་པར་འོ་ཞིག་བྱས། འོ་བྱས་པ་དེས་ཚེ་རིང་རྒྱལ་མོ་ལ་ཅི་ཞིག་གིས་གཙགས་ནས་ན་ཟུག་བསྐྱེད་པ་ལྟར་ངུ་རྒྱངས་བྱེད་བཞིན་ངོ་གདོང་ལག་པས་བཀབ་ནས་སྤང་ཐོག་ཏུ་འགྲེ་ལྡོག་བརྒྱབ་བྱུང་།  འགྲུལ་བ་རྣམས་སྒོར་ཁང་དང་ཁ་གྱེས་ཏེ་དེ་ཙམ་མི་གཟར་བའི་བྲག་ངོས་ནས་བབས་ཏེ་གྲོག་རོང་ཟབ་མོའི་ནང་དུ་འཛུལ་སྐབས། མིག་དམར་གྱིས་ཁོ་ཚོ་མཚམས་མེད་པར་འགྲེད་ནས་འགྱེལ་བ་དང་། སྐབས་རེར་ད་དུང་མི་དང་རྒྱབ་ཁུག་དང་བཅས་པ་ས་རུ་འགྲིལ་ནས་ཡུན་རིང་ལ་ཡར་ལངས་མི་ཐུབ་པའི་བཟོ་ལྟ་སྡུག་པོ་དེ་མཐོང་། ཁོས་ད་གཟོད་སྒོར་ཁང་དང་ཁ་གྱེས་ཏེ་ཕྱིར་མི་ལྡོག་པའི་མི་ཞིག་ཡིན་ཕྱིན་མར་འབབ་སྐབས་རྦབ་ཏུ་དྲིལ་ཏེ་མགོ་རྟིང་བསློགས་སྲིད་པར་འདོད་པ་དང་། དབང་མེད་ཚང་ཡང་འདི་ལྟར་ཐང་ལ་འགྱེལ་བཞིན་རི་ལས་བབས་པ་ཡིན་པས། ཁོ་ཚོ་ཕྱིར་ལྡོག་ནས་ཁྱིམ་མཚེས་རྒན་པོར་ལྟ་རུ་ཡོང་བ་དཔེ་མི་སྲིད་སྙམ།

དབྱིན་ཇི་པ་གཉིས་ལས་གཅིག་ནིF.M.བྷེ་རུའི་ཀྲུང་ཞའོ་དཔོན་པོ་ཞིག་ཡིན་ལ། དབྱིན་ཇི་རྒྱལ་ཁབ་ཀྱི་གོང་མ་ཚང་གི་ས་ཁམས་རིག་པ་ཚོགས་པའི་ཚོགས་མི་དང་། རྒྱང་འདུལ་དམག་དཔོན་རོང་ཧོ་ཕིན་གྱི་དམག་དང་འགྲོགས་ཏེ་བོད་ནང་དུ་འཛུལ་ནས་ཕྱིས་སུ་དབྱིན་ཧིན་བོད་སྡོད་ཆུ་འབི་དང་རྒྱལ་རྩེའི་ཚོང་དོན་འཐུས་མིའི་འགན་ཁུར་གནང་མཁན་ཞིག་རེད། ལོ་བཞི་བཅུ་འགོར་རྗེས། ཁོས《ཀྲུང་གོ — བོད་ལྗོངས — ཨ་ས་མུའུ》དང《ལམ་ཡིག་མེད་པར་བོད་ལྗོངས་སུ་བསྐྱོད་པ》སོགས་དཔེ་ཆ་འགའ་བརྩམས་མྱོང་། ཅིག་ཤོས་ནི་ཁོའི་ལག་རོགས་ཧྲང་ཝེ་དམག་དཔོནH.T.མོ་སི་ཧི་ཏི་ཡིན་ལ། ལོ་འགའི་རྗེས་ཀྱི་འཛམ་གླིང་འཁྲུག་ཆེན་དང་པོའི་ནང་དུ་ཁོ་རང་སི་ཕིས་ཙི་པེ་ཨར་ཀིན་གླིང་ཚོམ་གྱི་རྩད་ཞིབ་ཐིག་ལེན་གྱི་ཁྲོད་ནས་ཡོ་རོབ་གླིང་དུ་མིང་དུ་གྲགས་ཤིང་ཕྱིས་སུ་འབར་མ་རུ་ཚེ་ལས་འདས། 

ཚེ་རིང་རྒྱལ་མོ་ལ་ཧྲང་ཝེ་དམག་དཔོནH.T.མོ་སི་ཧི་ཏིས་འོ་ཞིག་བྱས་པ་ནས་བཟུང་འགྲམ་པ་གཡས་པར་སྐྲངས་པ་དམར་པོ་ཞིག་ལངས་པ་དང་། རྣོ་ཁབ་ལྟ་བུའི་ཁ་སྤུས་གཙགས་པའི་བུ་ག་འགའ་ནས་མཚམས་མེད་པར་རྣག་ཆུ་བཞུར་ཡོང་། མིག་དམར་ཁོང་ཁྲོ་ལངས་ནས་དབྱིན་ཇི་པར་གང་བྱུང་དུ་སྡིགས་དམོད་གཏོང་བ་དང་། ཚ་ཞང་གིས་ལུས་པོས་ལྕོགས་མི་ལྕོགས་ཀྱིས་བྲག་གཤམ་དུ་སོང་སྟེ་གང་ནས་བཏོགས་ཡོང་བ་ཡང་མི་ཤེས་པའི་སྨན་རྩྭ་ཉུང་ཙམ་ཁྱེར་ཡོང་ནས་ཁ་ནང་དུ་ཞིབ་བུར་བཏུལ་རྗེས་མཆིལ་མས་བརྫིས་ཏེ་བུ་མོའི་གདོང་ལ་བསྐུས་པར་མ་ཟད། ལྷ་ལ་གསོལ་བ་བཏབ་པས། ཉིན་གསུམ་གྱི་རྗེས་སུ་མོའི་གདོང་གི་སྐྲངས་པ་ཡོངས་སུ་ཞི་སོང་། ཡིན་ན་ཡང་། དེ་ནས་བཟུང་མོའི་མིག་མདངས་ལ་སྔོན་ཆད་ལྟ་བུའི་རྣམ་རིག་བཀྲ་མེད་ཅིང་།  སྔོན་ཆད་ལྟར་བྱེ་རིས་འབྲི་བ་ཡང་མཚམས་ཆད་པར་གྱུར་ལ། སྔོན་གྱི་གསང་བ་ལྐོག་གྱུར་གྱི་རྡོ་རྗེའི་གར་འཆམ་ཡང་འཁྲབ་རྒྱུ་མེད་པ་སྨོས་ཅི་དགོས། མདོར་ན་མོའི་ལུས་སྟེང་དུ་ལུས་པའི་སྒྲོལ་མའི་སྤྲུལ་བའི་རྗེས་ཤུལ་སྣ་ཚོགས་དུས་དེ་ནས་བཟུང་གར་སོང་ཆ་མེད་དུ་ཡལ་བ་དང་། ངོ་གདོང་དུ་ནམ་ཡང་འདག་ཐབས་མེད་པའི་སྨེ་བ་ཆུང་ཆུང་འགའ་ལུས་སོང་།

ཚེ་རིང་རྒྱལ་མོ་ལང་ཚོ་དར་ལ་བབ་པའི་སྐབས་དེར་ཁྲུས་ལ་འཇུག་པར་ཤིན་ཏུ་མོས། མོས་ཉིན་འགའ་རེའི་བར་ནས་རི་རྩེ་ནས་འབབ་པའི་གངས་ཆབ་ཀྱི་འགྲམ་དུ་ལུས་གཅེར་བུར་བུད་ཅིང་པུས་མོ་བཙུགས་ཏེ་སྐྲ་དང་ལུས་པོ་འཁྲུད་པར་བྱེད་ལ། གལ་ཏེ་མོ་ལ་ཉིན་འགར་ཁྲུས་བྱེད་དུ་མ་བཅུག་ན་མགོ་ནས་སྐྲ་འབལ་བའམ་རྒྱབ་ཀྱི་གོས་གཤགས་པ་སོགས་བྱས་ཏེ་སྡུག་བསྔལ་དྲག་པོས་ལུས་ཀྱི་རྔོ་ནད་བསླངས་ཏེ་བཟོད་ཐབས་བྲལ་བའི་སྨྲེ་སྔགས་འདོན་ལ། ཨ་མ་ཚ་ཞང་གིས་སྨན་སྣ་གང་ཞིག་ལུས་ལ་བསྐུས་ཀྱང་གོ་མི་ཆོད་དེ། འཁྱག་ཅིང་བསིལ་བའི་ཁྲུས་ཆུ་ཁོ་ན་ལུས་ལ་གཏོར་ཚེ་ད་གཟོད་བདེ་ཞིང་སྤྲོ་བའི་ཚོར་སྣང་བསྐྱེད་ཐུབ་པ་རེད།  དེ་ནས་བཟུང་། མོའི་བྲང་ངོས་སུ་མཁྲང་ཞིང་ཟླུམ་པའི་ནུ་ཟུང་རྒྱས་མགོ་ཚུགས་ལ། ཐེངས་ཤིག་མོས་མ་བསམས་ས་ནས་ལག་ཟུང་གིས་ནུ་མགོར་རེག་ཙམ་བྱས་པ་ནས་མོས་ནམ་ཡིན་ཀྱང་རང་དབང་མེད་པར་རང་ལ་ན་ཟུག་དང་ཡང་ན་བདེ་བ་བསྐྱེད་པའི་གནས་འདིར་ཡང་ཡང་རེག་དགོས་བྱུང་། གློ་བུར་དུ་རྩུབ་རེག་ཆེ་བའི་ལག་པ་སྦོམ་པོ་ཟུང་གཅིག་མོའི་མཆན་རྩའི་གཡས་གཡོན་ནས་ཚུར་བསྲིངས་འོངས་ལ། སྐམ་པ་ལྟ་བུའི་མཛུབ་མོས་མོའི་ནུ་མགོ་ནས་བཙིར་བྱུང་། མོས་ཁ་ཕྱིར་འཁོར་ནས་བལྟས་ཚེ། ཡང་ཕོ་ཡག་ཟླ་བཟང་མ་ཡིན་ནམ། མོ་རང་དབང་རྩ་སྦྲིད་དམ་མེར་གྱུར་ཅིང་སྣང་བ་བན་བུན་དུ་མིག་ཟུང་ག་ལེར་ཟུམ། ཟླ་བཟང་གིས་ནམ་ཡིན་ཡང་མོས་འདི་ལྟར་ཁྲུས་བྱེད་དུས་འཇབ་ནས་ཡོང་སྟེ་འཆང་བར་བྱེད་ངེས་ཡིན། ཁོ་ནི་ཕོ་ལོ་ཉེར་བདུན་ལ་སོན་ཡོད་པ་དང་། མགོ་སྐྲ་འཕྱིང་ཞིང་ངོ་གདོང་དྲེག་པས་ཁེངས་ལ། ལོ་ངོ་བཅུ་ལྷག་ལ་རི་ཁྲོད་དུ་ཁེར་རྐྱང་གི་འཚོ་བ་རོལ་བས་ཁོ་ལ་རང་བཞིན་གྱིས་སྐྱེན་རྩལ་འཛོམས་པོ་ཞིག་ལྡན་འདུག་མོད། འོན་ཀྱང་། ཁོ་རང་གང་དུ་གནས་འཆའ་བ་སུས་ཀྱང་ཤེས་ཐབས་མེད།  ཡིན་ན་ཡང་། ཟླ་བཟང་རྒྱུན་དུ་ཡོང་ནས་ཚེ་རིང་རྒྱལ་མོ་འགུག་པར་རྩོམ་པའི་སྐབས་འདི་ཏག་ཏག་ལ། རྒས་ནས་ཤིང་སྐམ་བཞིན་དུ་རེངས་པའི་ཚ་ཞང་གིས་ནམ་ཡང་སྒོ་སྲུབས་ནས་སྡང་སྡིགས་བསྟན་ཏེ་མོ་ལ་ལྟ་རྟོག་ནན་མོ་བྱེད་ཞོར་སྐྱོ་བའི་སྡུག་སྐད་འདོན་ལ། ཟླ་བཟང་གིས་དམོད་མོ་དེ་དག་ཐོས་མ་ཐག་མཐུ་སྔགས་ཀྱི་ཚིག་ཐོས་པ་དང་འདྲ་བར་ཡིད་ཆད་པའི་ངང་ནས་འབྲོ་ཐབས་བྱེད་ཅིང་། ཤུལ་དུ་བུ་མོས་ཀྱང་སྡང་སྡིགས་དྲག་པོ་མྱོང་དགོས་པ་ཡིན། ཚེ་རིང་རྒྱལ་མོ་ག་ལེར་གཟུགས་བྱད་ཡག་པའི་བུ་མོ་མཛེས་མ་ཞིག་ཏུ་གྱུར་པ་དང་བསྟུན་ནས། ལུས་ཀྱི་གོན་པ་སྔར་ལས་ཀྱང་རལ་བར་གྱུར་ནས་ཡོང་ལ། ལྭ་བའི་ཟུར་ནས་མངོན་པའི་ཤ་རྗེན་དེ་མཐོང་དུས་བགྲེས་པོ་མིག་དམར་གྱིས་ཀྱང་ནམ་རྒྱུན་དོགས་མ་བདེ་བར་ཐང་ནས་གྲོག་མ་འཚོལ་ཁུལ་གྱིས་མགོ་བོ་བསྒུར་འགྲོ། ཁོས་སྣང་ཚུལ་འདི་མ་སྲོན་པར་མཇུག་མཐར་ལོ་བཅུ་ལྷག་གི་སྔོན་ལ་དབྱིན་ཇི་པས་བསྐྱུར་པའི་དམག་ལྭ་ལྗང་ཁུ་དེ་མོ་ལ་བྱིན། ཚེ་རིང་རྒྱལ་མོས་ཡ་མཚར་མཚར་གྱི་ངང་ནས་གོས་ལྭ་དེ་ལུས་ལ་གྱོན་པ་ན། གོས་དེ་ལ་བྱིན་རླབས་གང་ཞིག་ཡོད་པ་དང་འདྲ་བར་ཟ་འཕྲུག་བཟོད་གླགས་མེད་པའི་ཚོར་བ་དེ་འབྱུང་རྒྱུ་མེད་པ་དང་། དེ་ནས་བཟུང་ཆུ་ཁར་སོང་ནས་ཁྲུས་ཀྱང་བྱེད་མི་དགོས་པར་འཆི་རག་བར་དུ་གྱོན་དགོས་བྱུང་བ་རེད། 

ལོ་ན་བགྲེས་པའི་ཕ་མ་གཉིས་ཀྱིས་ཟླ་རེའི་བར་ནས་བྲག་འདབས་ཀྱི་རྩྭ་ལོ་དང་སྦ་ཤིང་གིས་བསྒྲིབས་པའི་ཁུང་ནང་དུ་མཚམས་ལ་བཞུགས་པའི་རྣལ་འབྱོར་པར་བསོད་སྙོམས་འབུལ་བཞིན་ཡོད་ཅིང་། ཚེ་རིང་རྒྱལ་མོས་ད་གཟོད་ཐེངས་རེར་ཇ་སྐྱེམས་ཇི་འདྲ་གསོལ་དགོས་པ་དང་རྩམ་པ་གང་འདྲ་མཆོད་དགོས་པ། ཇི་ལྟར་དལ་ཅག་གེས་ཁུང་འགྲམ་ནས་ཟངས་རྐྱན་དང་རྩམ་ཁུག་སྟོང་བ་བསྡུས་ཏེ་དེའི་ཚབ་ཏུ་ཟས་སྐོམ་གསར་བ་སྐྱེལ་ཚུལ་སོགས་སྔ་མོ་ནས་རྟོགས་ཡོད། 

“ཁོང་རིག་སྒྲུབ་ཕུག་ནང་དུ་ལོ་ག་ཚོད་ལ་བཞུགས”མོས་དེ་ལྟར་དྲིས། 

“སྤྱན་རས་གཟིགས་ཁོ་ནས་མཁྱེན་པ་ཡིན”  ཨ་མས་ལན་འདེབས་བཞིན“ལོ་ངོ་བཞི་བཅུའི་སྔོན་ལ་ང་ཚོ་སྒོར་ཁང་དུ་གནས་སྤོར་སྐབས། རྒན་པོ་ཞིག་ཚེ་ལས་འདས་པ་དང་ཕྲད་ལ། གོ་ཐོས་ལྟར་ན་ཁོས་འདི་གར་རྣལ་འབྱོར་པར་ཚེ་གང་བོར་ཞབས་གཡོག་མཛད་ཟེར”

“ཁོང་ཁུང་སྒོར་མི་འབུད་དོན་ཅི་ཡིན”

“ཐུ” བུ་མོའི་གདོང་ལ་ཨ་མས་མཆིལ་ཞགས་ཤིག་འཕངས་བྱུང་། 

“ཁྱོད་ཀྱིས་རྣལ་འབྱོར་བ་འདི་མི་བཞུགས་པའི་རྣམ་རྟོག་སྐྱེ་མི་ཉན”ཨ་ཕས་ལོགས་སུ་བསྡད་དེ་འགྲེལ་བཤད་རྒྱག་བཞིན“ཁོང་གི་རྣམ་ཤེས་ནི་དུས་རྟག་ཏུ་གང་དགར་རང་གི་ལུས་རྟེན་དང་བྲལ་ནས་སྒྲུབ་ཕུག་ལས་འཕུར་ཏེ་འཇིག་རྟེན་ཁམས་སུ་ལྡིང་སྐོར་རྒྱག་པ་ཡིན། གལ་ཏེ་ཁྱོད་ཀྱིས་རི་ངོས་སུ་བྱ་ཞིག་གམ། རྟ་ཞིག་མཐོང་བ་དང་། ཡང་ན་ཁྱོད་ཀྱི་མདུན་སར་རླུང་གི་འཚུབ་མ་ཆུང་ཆུང་འཁོར་བ་སོགས་ནི་རྣལ་འབྱོར་པའི་རྣམ་ཤེས་ཀྱི་སྤྲུལ་བ་ཡིན། དེ་བས་སེམས་ཅན་ལ་འཚེ་བ་གཏན་ནས་གཏོང་མི་ཉན” 

འདི་ནི་ཚེ་རིང་རྒྱལ་མོ་ལོ་ན་ལྔ་ལོན་དུས་བགྲེས་པོ་མིག་དམར་དང་ཁ་བརྡ་བྱས་པའི་མགོ་འཐོམ་པའི་གཏམ་ཞིག་རེད། དེ་ནས་བཟུང་། མོས་སྒྲུབ་ཕུག་ནང་གི་གསང་བ་ཇི་ལྟར་བསྡམ་དགོས་པ་རྟོགས་པར་གྱུར་པ་དང་། ཕ་མས་ཀྱང་དོན་དེ་གཞན་ལ་ཤེས་སུ་འཇུག་མི་རུང་ཚུལ་སོགས་ཡང་དང་ཡང་དུ་འདོམས་ཀྱིན་ཡོད།  དེར་མ་ཟད། ཚེ་རིང་རྒྱལ་མོས་རྣལ་འབྱོར་པ་དངོས་གནས་བཞུགས་པར་ཡིད་རྟོན་བྱེད་པ་ཡིན་ཏེ། རྒྱུ་མཚན་ནི་ཨ་མས་རྒྱུན་དུ་བསོད་སྙོམས་ཕུལ་ནས་ཕྱིར་ལོག་དུས་སྤྲོ་སྣང་ཚད་མེད་ཀྱིས་ཁྱོ་བོར་རྣལ་འབྱོར་པས་གསུང་བྱོན་ཏེ། སྐབས་འགར་རྒྱུགས་ཆུ་རྙོག་པར་འགྱུར་གྱིན་ཡོད་མེད་དང་། དེ་བཞིན་དུ་ཉིན་དེར་ནམ་མཁར་བྱ་གླག་འཕུར་གྱིན་ཡོད་མེད་སོགས་ཉན་པ་ཙམ་ནས་འབྲེལ་མེད་ཀྱི་གཏམ་དག་འདྲི་བ་ཐོས་པས་རེད། 

ཚེ་རིང་རྒྱལ་མོས་ཉིན་རྒྱུན་མོའི་རུམ་དུ་ཡུད་ཙམ་ལ་ངལ་གསོ་བར་དགའ་བའི་བྱ་ཝང་དང་གཡུང་མོར་ཆགས་པའི་རི་བོང་དག་པང་ནས་ཧོན་ཐོར་བ་ལྟར་ཧྲིག་གེར་འདུག མོས་རང་གི་ཕ་མ་གཉིས་གལ་ཏེ་ཚེ་ལས་འདས་པར་གྱུར་ན། ཟླ་བཟང་བྲག་རིའི་ཕག་ནས་གློ་བུར་དུ་མཆོང་ཡོང་སྟེ་མོ་རང་ཆུང་མར་བསུ་ངེས་ཡིན་པ་གསལ་བར་རྟོགས་ཡོད། ཟླ་བཟང་གིས་ལོ་བཅུ་ལྷག་ཙམ་ལ་འདི་གའི་ཉེ་འཁོར་དུ་མངོན་ཞིང་ཡིབ་པའི་སྒོ་ནས་སྦྲང་མ་འཁོར་འཁོར་བྱས་ཏེ་ཨུ་ཚུགས་ཀྱིས་ཉིན་མོ་དེ་ལ་བསྒུགས་འདུག་པ་ཡང་དེའི་རྐྱེན་གྱིས་ལོས་ཡིན། ཡིན་ན་ཡང་། བགྲེས་པོ་མིག་དམར་གྱི་འཆར་གཞི་ནི་དེ་ལས་ལྡོག་པ་ཞིག་སྟེ། ཁོས་ད་ནི་རང་གི་ཚེ་ཐག་མི་རིང་བ་རྟོགས་པས་རྒན་མོར་གྲོས་བཏབ་པ་དང་། སྨག་ནག་པའི་མཚན་མོ་ཞིག་ལ་ཚེ་རིང་རྒྱལ་མོ་ཁྲིད་དེ་བཟའ་མི་གང་བོས་སྒྲུབ་ཕུག་མདུན་རོལ་གྱི་སྤང་ཐོག་ཏུ་པུས་མོ་ས་ལ་བཙུགས་ཤིང་། ལྐོག་གྱུར་གྱི་རྣལ་འབྱོར་པར་ཡང་དང་བསྐྱར་གྱིས་སྐྱབས་འཇུག་ནན་ཏན་གྱིས་ཞུས་ཏེ་བུ་མོ་རབ་ཏུ་འབྱུང་བར་སྡོམ་པ་དང་བྱིན་རླབས་ཞུས། དེ་ཡང་སྔོན་ལ་ཁོས་བུ་མོར་ཁ་དན་བྱས་ཡོད་པ་ནི་གལ་ཏེ་སྒྲུབ་ཕུག་ལས་གྲག་འགུལ་ཅི་ཡང་མ་བྱུང་ན། ཕྱིས་སུ་ཚེ་རིང་རྒྱལ་མོའི་མི་ཚེའི་འཚོ་བ་རང་དབང་གིས་རོལ་ཆོག་པར་ཁས་བླངས་ཡོད། སྐབས་འདིར་ཁ་ཁུ་སིམ་མེར་འདུག  རྒྱུན་ལྡན་ལས་འདས་པའི་ལྷིང་འཇགས་ཀྱི་རྣམ་པ་འདིས་མི་ལ་དུས་ངེས་མེད་དུ་དོན་དག་རེ་འབྱུང་སྲིད་པའི་སྣང་བ་སྟེར། དངོས་གནས། ཁོ་ཚོ་རེ་ཐག་ཆད་དེ་མགོ་བོ་ས་རུ་རེག་ལ་ཉེ་སྐབས། དཀར་མདོག་གི་དངོས་པོ་སྲབ་བུ་ཞིག་སྟེ། གཙང་ཞིང་དྲི་མ་བྲལ་བའི་ཁ་བཏགས་སྤུས་ལེགས་ཤིག་སྒྲུབ་ཕུག་ལས་ག་ལེར་འཕུར་ཡོང་སྟེ་དལ་བ་དལ་བུར་ཚེ་རིང་རྒྱལ་མོའི་མགུལ་བར་བསྒྲོན་སོང་། མིག་དམར་གྱིས་སྣང་ཚུལ་དེ་མཐོང་མ་ཐག ལག་པས་སྙིང་ཁ་དམ་པོར་བསྡམས་ཤིང་སྐད་འདར་བཞིན་དུ“ལྟོས་དང་། འདི་ནི་དངོས་གནས་བཀྲ་ཤིས་པའི་རྟགས་མཚན་རེད། འདི་ནི་དངོས་གནས་རྣལ་འབྱོར་པས་གནང་བའི་དངོས་གྲུབ་མ་ཡིན་ནམ”ཟེར། ཡིན་ན་ཡང་། ཚེ་རིང་རྒྱལ་མོ་ནི་གནམ་ལྕགས་ཐོག་གིས་རྨས་པ་བཞིན་དབང་བོ་ཤོར་ནས་ས་ལ་འགྱེལ་སོང་། ཨ་མས་མོའི་གདོང་ལ་ཆུ་འཁྱག་གཏོར་ནས་དྲན་པ་གསོས་ནའང་། ལུས་ཡོངས་ཀྱི་སྟོབས་ཤུགས་ཟད་འདུག་པས་སྐྱོར་བཞིན་ཁྱིམ་དུ་འཁྲིད་དགོས་བྱུང་། མཚན་མོར། སྒྲོན་མེའི་འོད་མག་མོག་གི་འོག་ཏུ། ཨ་ཕས་ལོ་རབས་མང་པོ་འགོར་ཡང་སོ་ཁ་ད་དུང་ཤིན་ཏུ་རྣོ་བའི་གློ་གྲི་དེ་བཀོལ་ནས། ཚེ་རིང་རྒྱལ་མོའི་མགོ་ལ་ཆུ་ཡིས་གཤེར་བཞིན་རྩྭ་དྲེས་མ་བཞིན་གནག་ཅིང་སྣུམ་པའི་སྐྲ་ལོ་ཡོངས་སུ་བཞར། ནམ་གུང་ལ་སླེབས་དུས། བགྲེས་པོ་མིག་དམར་དབུགས་ཀྱི་རྒྱུ་བ་འགགས་ཤིང་། ཚེ་ལས་འདའ་ཁར་གློ་བུར་དུ“དཀོན་མཆོག་གསུམ་པོས་མཁྱེན། ངའི་བུ་མོ་འདང་ཅན་ཚེ་རིང་རྒྱལ་མོ་འདི་ངའི་རྗེས་སུ་ཁྱེད་ལ་བསྔོས་པ་སྟེ། བགྲེས་པོ་མིག་དམར་ངས་ཚེ་འདིར་བསགས་མ་ཐུབ་པའི་ཚོགས་གཉིས་ཀྱི་གཏང་རག་ཏུ་ཕུལ་བ་ཡིན”ཞེས་སྨྲེ་སྔགས་བཏོན་པ་དང་། དེ་མུར་ལུས་པོ་ཧྲིལ་བོ་རེངས་པོར་གྱུར། ཚ་ཞང་ཡང་ཚེ་ལ་བརྟག་ན་ད་དུང་ལོ་ངོ་བདུན་ལ་འཚོ་ཐུབ་ཟེར་མོད། མོས་ཁྱོ་བོས་འཆི་ཁར་འོ་དོད་ཐེངས་ཤིག་འབོད་པ་ཐོས་པས། སྐྲག་སྔངས་དང་དགའ་ཁྲོ་ཉིས་འདྲེས་ཁྲོད་ཁྱོ་ག་དང་མཉམ་དུ་ཕྱི་མར་བཞུད། ཚ་ཞང་མོ་ལོ་གྱ་བརྒྱད་དུ་གསོན་ལ། འཇིག་རྟེན་དཀར་ངོགས་སུ་ཡོད་དུས་ཚོགས་བསགས་དགེ་སྒྲུབ་མཛད་པ་དང་། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ཞིང་། བུད་མེད་ལ་ལྷན་སྐྱེས་སུ་མངའ་བའི“ཉོན་མོངས་དུག་ལྔ”སྤངས་པས་དགེ་རྩ་ཕུན་སུམ་ཚོགས་པ་ཡོད།  སྒྲུབ་ཕུག་ཏུ་མི་མངོན་པར་བཞུགས་པའི་རྣལ་འབྱོར་པས་ཚ་ཞང་གི་རྣམ་ཤེས་འཁོར་བ་ལས་སྒྲོལ་བའི་གདམས་པ་གསུང་སྐབས། སྤྱི་གཙུག་གློ་བུར་དུ་གས་པ་དང་ཀླད་ཞོ་འཕོས་ཤིང་འཕུར་བའི་མཚར་སྣང་བྱུང་ལ། དེ་ནི་མོའི་རྣམ་ཤེས་སྤྱི་བོ་ནས་འཕུར་ཏེ་སྟོང་བའི་ཁམས་ལ་གཤེགས་པའི་རྟགས་ཐོན་པ་ཞིག་རེད། དེའི་རྗེས་སུ།  བེམ་པོ་རང་འགུལ་གྱིས་བཏེགས་ཏེ་སྒོ་ཕྱིར་ཐོན་ལ། གཟུགས་མེད་ཀྱི་སྟོབས་ཤུགས་ཤིག་གིས་སྦྲུལ་ལྷ་རི་བོའི་སྤོ་རྩེར་བསྐྱལ་ཞིང་དེ་གར་བྱ་རྒོད་ཁྱུ་ཞིག་སྔར་ནས་འདུ་ཚོགས་བརྒྱབ་སྟེ་འདུག བགྲེས་པོ་མིག་དམར་ཚེ་ཟད་དུས་ཕོ་ལོ་གོ་གཉིས་ཡིན་ལ། ཁོའི་བེམ་པོ་ཕྱི་རོལ་ཏུ་བསྐྱལ་རྗེས་ལྗིད་དྲགས་པས་རི་འདབས་སུ་ལྷུང་བ་དང་། དེ་ནས་ཡར་ཀླུང་གཙང་པོའི་ནང་དུ་ཁུར་སོང་། 

ད་ལྟ། ཟླ་བཟང་ནི་གླག་རྒོད་ཅིག་དང་འདྲ་བར་བྲག་རྡོའི་སྟེང་དུ་མཐོན་པོར་འགྲེང་ཞིང་། སྨྲ་བ་བསྡམས་ཏེ་ཚིག་གཅིག་ཀྱང་མི་བཤད་པར་ཚེ་རིང་རྒྱལ་མོ་ཁྱིམ་ནས་ཕྱིར་འབུད་པར་ངང་སྒུག་བྱས་འདུག ཆུ་ཚོད་གསུམ་ལ་བསྒུགས་པས་ཁོ་རང་ཚད་པས་གདུངས་ཏེ་རྔུལ་ཆུས་མིག་ཀོང་དང་བྲང་ངོས་བརླན་པར་བྱས་ན་ཡང་། ཁོ་ནི་ལྕགས་ཀྱིས་བརྡུངས་པ་བཞིན་འགུལ་ཙམ་ཡང་མི་བྱེད་པར་སྔར་བཞིན་ཀྲོང་ངེར་འགྲེང་སྟེ་བསྡད། མཇུག་མཐར་ཚེ་རིང་རྒྱལ་མོས་མགོ་བོ་བསྒུར་ནས་དལ་གྱིས་སྒོར་བུད་བྱུང་ལ། ལག་ཏུ་ལི་སྐུ་ཞིག་བཟུང་སྟེ་སྒོ་འགྲམ་དུ་སྡོད་པ་ལས་ཁོ་ལ་ལྟ་མི་ཕོད། ཟླ་བཟང་གིས་མོའི་རྗེན་ཞིང་ཁྲག་རིལ་ཆགས་པའི་མགོ་བོ་དང་ལག་ཏུ་འཆང་བའི་ལི་སྐུ། མགུལ་བར་བསྒྲོན་པའི་གངས་ལྟར་མིག་འཚེར་བའི་ཁ་བཏགས་སོགས་མཐོང་མ་ཐག དེ་མ་ཉིད་དུ་ཡིད་སྐྱོ་བོའི་ངང་ནས་ངུ་སྐད་ཕྱུང་ཞིང་། མགོ་བོ་བཏེགས་ཏེ་བར་སྣང་ལ་ཤུགས་གང་ཡོད་བཏོན་ནས་བ་སྤུ་གཟེངས་པར་བྱེད་པའི་སྨྲེ་སྔགས་རིང་མོ་ཞིག་བཏོན་ཏེ། ལོ་ངོ་བཅོ་བརྒྱད་རིང་གི་དཀའ་སྤྱད་ཀྱི་ངང་སྒུག་ཁོག་པ་གང་བོ་ཡོད་ཚད་ཕྱིར་སྤྲུག་ཐབས་བྱས། 

སྤྱི་ལོ་གཅིག་བརྒྱད་དོན་བདུན་ལོའི་ཉིན་ཞིག་ལ། ཕོ་ལོ་བཞི་ཅུར་བུད་པའི་མིག་དམར་གྱིས་སངས་དགྲ་ཕུབ་ཟེར་བའི་རི་རྩེ་ཞིག་ཏུ་རི་དྭགས་རྔོན་བཞིན་ཡོད། མདུན་ཕྱོགས་ནི་ངོས་ཅུང་གཟར་བའི་སྤང་ཐང་ཡིན་ལ། རྒྱབ་ཕྱོགས་ནི་ལུང་མཐིལ་མི་མཐོང་བའི་བྲག་གཟར་ཞིག་རེད། མེ་གོང་ལྟ་བུའི་ཝ་མོ་འགའ་རྒྱང་རིང་གི་སྤང་ཐོག་ཏུ་མངོན་བྱུང་སྟེ། ཅང་མ་འགོར་བར་ཁོ་དང་བར་ཐག་མི་རིང་བའི་ཆུ་ཁར་ཆུ་བཏུང་དུ་ཡོང་རྒྱུ་ཡིན་པ་འདྲ། སྐབས་དེར། ཁོའི་ཁོག་པར་གློ་བུར་དུ་ན་ཟུག་ཅིག་ལངས་པ་དང་། རང་དབང་མེད་པར་འཁྲུ་བ་བཤལ་རྒྱུ་ཞིག་ཐོན། ཞོགས་རླུང་ཏག་ཏག་རྒྱབ་ཕྱོགས་ནས་ལྡང་ཡོང་ལ། རྔོན་པས་ཝ་སྐྱེས་ཀྱི་སྣ་ཤེས་ཚོར་བ་ཧ་ཅང་རྣོ་བ་ཤེས་པས། རྙང་བའི་དྲི་མ་རླུང་གིས་མདུན་ཕྱོགས་སུ་མི་ཁྱེར་བའི་ཆེད་དུ། ཁོ་རང་ཁ་རོག་གེར་སྔར་གནས་དང་ཁ་བྲལ་ཏེ་མགོ་ཡོམ་འཁོར་བར་བྱེད་པའི་བྲག་ཁར་གཏུགས་པ་དང་རྒྱབ་ཀྱི་ལྭ་འདབས་ཡར་བསྡོགས་ཤིང་ལག་ཟུང་གིས་བྲག་སྲུབས་ནས་སྐྱེས་པའི་གྲང་ངར་ཚུགས་པའི་སྡོང་བོའི་ཡལ་ག་ཞིག་ལ་འཐམས། ལུས་པོ་ཧྲིལ་བོ་བྲག་ནང་དུ་དཔྱངས་ཏེ་ཤུགས་ཀྱིས་བཤལ་བ་ན་ཁོག་གི་མི་གཙང་བ་ཐམས་ཅད་ཐོགས་མེད་དུ་བྱོ། ཡིན་ན་ཡང་། རྙང་བ་དེ་མཐོན་པོའི་བྲག་ནས་གཅོང་རོང་དུ་འབབ་པའི་སྐབས་སུ་སྐད་སྒྲ་དམའ་མོ་གང་ཡང་མཆེད་རྒྱུ་མ་བྱུང་བས། དེས་ཁོ་ལ་རེ་ཞིག་སྟོང་སང་སང་དང་གནད་གང་ཞིག་བོར་པའི་ཚོར་སྣང་སྐྱེ་རུ་བཅུག ཁོ་རང་ཁ་རོག་གེར་སྔར་གྱི་ཁ་མལ་དུ་ཐོན་པའི་སྐབས་དེར། ལུས་པོ་མེ་ལྟར་དམར་བའི་ཝ་མོ་རྣམས་ཁོའི་ཕྱོགས་སུ་རྒྱུག་ཡོང་གིན་འདུག་ཅིང་། དེ་ཚོས་སྡེར་ཟུང་སྙི་མོ་དེ་བགྲད་དེ་ཤུགས་ཀྱིས་མཆོང་བས་ལུས་པོ་བར་སྣང་དུ་འཕྱོ་བ་དང་། དེའི་རྗེས་སུ་ཞུགས་པའི་ལྡེམ་ཤུགས་ཀྱིས་ཕྱུག་པའི་རྐང་བ་དག་ནི་ལྟོ་ཞབས་སུ་དམ་པོར་བསྐུམས་ཤིང་མདུན་ཕྱོགས་ཀྱི་ས་ངོས་སུ་རེག་པ་ཙམ་གྱིས་སླར་ཡང་ལྡེམ་རྩལ་མཐོན་པོས་གྱེན་དུ་འཕུར་སྐྱོད་བྱེད། ལུས་ཀྱི་འཇམ་སོབ་སོབ་ཀྱི་གྲ་ཁ་དེ་ལུས་པོའི་འདེགས་འཇོག་དང་བསྟུན་ནས་རླུང་བུའི་ཁྲོད་དུ་འཇམ་མཉེན་ལྡན་པའི་ངང་ལྷབ་ལྷུབ་ཏུ་སྐྱོད་པར་བྱེད་ལ། རགས་ཤིང་སྦོམ་པའི་མཇུག་མ་དེ་ལུས་ཀྱི་གཡས་གཡོན་དུ་འཁྲབ་ཀྱིན་འདུག  དེ་ཚོ་འདུར་རྒྱུག་བྱེད་པའི་ཚུགས་ཀ་ནི་གར་གྱིས་མྱོས་པ་ཇི་བཞིན་གཞན་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་པར་བྱེད། ཝ་མོ་རྣམས་ཆུ་ཁར་ཡོང་ནས་ཆུ་བཏུང་བར་བྲེལ་བ་མི་སྐྱེས་ཏེ། སྐབས་འདིའི་ལྷོད་འཇགས་འདི་འདྲ་བ་ནི་རྔོན་པ་རྣམས་ཀྱིས་མེ་མདའ་འཕེན་པའི་གོ་སྐབས་ཆེས་བཟང་པོ་ཞིག་ཡིན་པས། ཝ་མོ་ཚོས་རེ་ཞིག་ཕན་ཚུན་ལ་བྱམས་བརྩེས་རྩེད་མོ་རྩེད་རེས་དང་བདའ་རེས་འདེད་རེས་ཀྱིས་འགྲེ་ལྡོག་རྒྱག་པའམ་སྐད་ཅོར་ཕྲ་མོ་དག་འབྱིན་བཞིན་སྡོད་པ་ཡིན། མིག་དམར་སེམས་བློང་བློང་བོར་གྱུར་བ་དང་། ཡལ་ཐབས་མེད་པའི་དོན་ཡ་མཚན་ཞིག་གིས་ཀླད་པའི་ནང་དུ་ལྡིང་སྐོར་རྒྱག་བཞིན་འདུག་སྟེ། དེ་ནི་རྟུག་པའི་ཕུང་བོ་དེ་ཉིད་ཡང་ཤོད་ཤོད་ཀྱིས་ཐུར་ནས་ཐུར་དུ་ལྷུང་ལ། མཐའ་མར་གཏན་དུ་ས་ལ་འབབ་རྒྱུ་མེད་པར་གྱུར་པ་དེ་རེད། དྲན་པ་དེས་བྱང་རྩལ་ལྡན་པའི་རྔོན་པ་ཞིག་གི་བརྟན་ཚུགས་དང་གྲུང་ཤ་འཛོམས་པའི་ནུས་སྟོབས་ལ་གཏོར་བརླག་ཐེབས་པས། ཁོས་བཟོད་བསྲན་མ་ཚུགས་པར་ཚབ་ཚུབ་ཀྱིས་མེ་མདའ་ལག་ཏུ་འཆང་དགོས་བྱུང་། ཝ་མོ་རྣམས་སྙིང་རླུང་ལྷོད་ལ་འབབ་མ་ཐུབ་པར་མེ་ལྕེ་ལྟ་བུའི་ལུས་པོ་འཕུར་བ་ལྟར་བྲོས་པ་དང་། མིག་དམར་གྱི་མིག་ལ་ཆོ་འཕྲུལ་ལྟ་བུ་ཞིག་བྱུང་བ་དང་དེ་མུར་མེ་མདའི་མ་ཤུ་མནན་སོང་། རྣ་བར་གཟན་པའི་སྐག་སྒྲ་ཞིག་གིས་མཁའ་དབུགས་ཀྱི་རིམ་པ་གཏོར་བ་དང་སྐད་ཅིག་དེ་ཉིད་དུ་མདེའུ་རིང་མོ་རེ་རེ་རྒྱང་རིང་གི་གནས་ལ་གཤགས། ཝ་མོ་རྣམས་ཀྱིས་ལོབས་ཕྱོགས་ལྟར་ལུས་པོ་ས་ལ་གླན་ནས་རྐང་བས་མདུན་དུ་བསྙེགས་པ་ན། ས་ཐོག་གི་རྩྭ་རྡུལ་དག་ཀྱང་མཁའ་རུ་མཐོན་པོར་གཡེང་བར་བྱེད་ལ། མཇུག་མ་ཆེན་པོ་ས་ལ་དྲུད་དེ་གློག་ཞགས་དང་འདྲ་བར་ལུས་པོ་སྤང་ཐོག་ལ་གཙུབ་བཞིན་མིག་རྡེབ་དབང་ཙམ་ལ་རྒྱང་རིང་གི་ནག་ཐིག་ཏུ་གྱུར་ཅིང་། གྲག་རྒྱུ་ཐོས་རྒྱུ་མེད་པར་རྩྭ་ཐང་གི་གནམ་ས་འདྲེས་མཚམས་སུ་ཡལ། སྐབས་དེར། རི་གྲོག་གི་ཁ་གཏད་ནས་བྲག་ཅ་ཡུན་རིང་ལ་མཆེད་པ་དང་། དེ་ནི་རི་ལྷས་འཐེན་པའི་བརྗིད་ཆགས་ཀྱི་དངན་པ་རིང་མོ་ཞིག་དང་འདྲ།

ཡོད་ཚད་སྔར་གྱི་རྣམ་པ་ལྟར་ཁུ་སིམ་མེར་གྱུར། 

མིག་དམར་གྱིས་རེ་ཐག་ཆད་པའི་ངང་ཡར་ལངས་ཤིང་མེ་མདའ་དྲུད་དེ་སྤང་འགྲམ་གྱི་ཆུ་ཁར་སོང་། ལག་པ་བརྐྱངས་ཙམ་གྱིས་འཐོབ་སྲིད་པའི་རི་དྭགས་རྣམས་མིག་འཛུམ་ཚད་གཅིག་ལ་འདི་ལྟར་གར་སོང་ཆ་མེད་དུ་གྱུར་པ་འདི་ནི་ཉམས་མྱོང་ཕུན་སུམ་ཚོགས་པའི་རྔོན་པ་འདིར་མཚོན་ན་ཐེངས་དང་པོར་ཕྲད་པའི་ཕམ་ཁ་ཞིག་ཡིན་ལ། དོན་འདིའི་བར་གསེང་གང་ཞིག་ཏུ་གནད་དོན་བྱུང་འདུག་པ་ནི་ཁོས་དངོས་ནས་བློ་ཡིས་དཔོག་ཐབས་མི་འདུག

ཁོ་རང་ཆུ་འགྲམ་དུ་ཙོག་སྟེ་ད་ནངས་སྔ་མོར་ཆགས་པའི་སྤང་ཐོག་གི་ཟིལ་བ་དག་ཝ་སྐྱེས་རྣམས་ཀྱིས་རྩེད་མོའི་ཁྲོད་བརླགས་ནས་མདོག་ཀྱང་སྣུམ་པོར་བསྒྱུར་པའི་བརླན་ཤུལ་ལ་ཧྲིག་གེར་བལྟས་ནས་སྡོད། ཁོས་ལག་པ་ཆེན་པོ་དེས་སྟེང་དུ་རེག་རེག་ཙམ་བྱས་པ་ན། ཝ་མོའི་ལུས་པོའི་འོག་གི་དྲོད་ལྷག་ཅིག་མྱངས་པའི་ཚོར་བ་སྟེར་ལ། སྣས་སྣོམ་སྣོམ་ཞིག་བྱས་པར་མཁའ་དབུགས་ཁྲོད་དུ་ཁོ་ལ་ཆ་རྒྱུས་ཡོད་པའི་དྲི་ངན་དེ་འཐུལ་འདུག གློ་བུར་དུ་ཁོ་ལ་ལོགས་ཀྱི་རྡོ་ཕུང་ཐོག་ཏུ་ཝ་མོ་ཞིག་གིས་མགོ་བོ་བཏེགས་འདུག་པའི་མིག་འཕྲུལ་ཞིག་སྐྱེས་ཏེ་ལོབས་ཕྱོགས་ཀྱིས་མེ་མདའ་བཀྱགས་ནས་མིག་གར་བླངས། འཕྲུལ་སྣང་དེ་ཡལ་བར་གྱུར་རྗེས། ད་གཟོད་རྡོ་ལེབ་ཆེན་པོ་དེའི་སྟེང་དུ་སྔར་ནས་སྤྱན་རས་གཟིགས་ཀྱི་སྐུ་རིས་ཤིག་བརྐོས་ཡོད་པ་མཐོང་ལ། ལོ་ཟླའི་ཆར་ཆུ་དང་ཉི་འོད་ཀྱིས་སྐུ་རིས་ཟགས་ནས་གསལ་ལ་མི་གསལ་བ་ཙམ་ལས་མི་སྣང་། ཁོ་ཕར་སོང་ནས་ཞིབ་ཏུ་བལྟས་པ་ན། སྙིང་ཡང་ལྷོག་ལྷོག་ཏུ་ལྡིང་བྱུང་། མ་གཞིར་སྤྱན་རས་གཟིགས་ཀྱི་བྲང་ངོས་ཀྱི་ཆ་རུ་དུ་བས་གཞོབ་པའི་མདེའུ་རྗེས་ནག་ཤུར་ཞིག་བཏོད་ཡོད་ལ། ཁོས་དེའི་སྟེང་གི་སོལ་ནག་ཙམ་བྲད་འོངས་ཏེ་དྲི་མར་བསྣམས་པ་ན། མེ་རྫས་ཀྱི་དྲི་མ་ཁ་བོ་ཞིག་ཐུལ་ཡོང་། ཁོ་རང་ས་ལ་ལྟིག་སེར་ཙོག་པ་དང་། ཁོག་ཏུ་དེ་མུར་ཁྲོག་སྒྲ་ཞིག་གྲགས་ཏེ་བྲང་ཁོང་ནས་ཅི་ཞིག་ཕྱིར་ཕྱུང་སྟེ་དེ་མ་ཉིད་དུ་རྡོ་ངོས་ཀྱི་སྐུའི་བྲང་གཞོང་ཧྲིལ་བོ་ཡོངས་སུ་བསྐངས་པའི་སྣང་བ་བྱུང་།

མིག་དམར་གྱིས་ནངས་མོ་དེར་ཆག་སྒོ་ཆེན་པོ་གཉིས་བསླངས་པ་སྟེ། གཅིག་ནི་མེ་མདས་སྤྱན་རས་གཟིགས་ཀྱི་བརྐོས་བརྙན་ལ་ཕོག་པ་དང་། ཅིག་ཤོས་ནི་བྲག་ངོས་ནས་མར་དོར་བའི་རྙང་པ་དེ་རི་འདབས་སུ་མིག་ཟུང་བཙུམས་ཏེ་བསམ་གཏན་ལ་བཞུགས་པའི་བཙུན་པ་ཞིག་གི་སྤྱི་བོར་ལྷུང་བ་དེ་རེད། རྒྱུ་རྐྱེན་དེའི་དབང་གིས་ཁོ་རང་དེ་སྔ་བསྡད་མྱོང་བའི་སྡེ་བ་དེར་ས་དང་རྡོ་ཡི་འཇིགས་པ་བྱུང་སྟེ་བསྣུབས་པར་གྱུར་པ་རེད། སྟབས་ལེགས་ནས་ཁོ་ལ་སྔ་མོ་ནས་སྟ་གོན་ལེགས་པོ་ཡོད་པས། ནམ་གུང་རི་རྩེ་ནས་སྒྲ་ཁྱད་པར་བ་དེ་གྲག་སྐབས་སྔར་ནས་གྲ་སྒྲིག་བྱས་ཡོད་པའི་དངུལ་དང་ཟས་རིགས་རྣམས་རྒན་མོ་ཚ་ཞང་གི་ལག་ཏུ་བརྫངས་པ་དང་། རང་གིས་ལོ་ན་མཐོ་ཞིང་ནད་ཀྱིས་གཙེས་པའི་ཨ་མ་རྒན་མོ་རྒྱབ་ལ་ཁུར་ཅིང་མུན་པའི་ཁྲོད་དུ་སྡེ་བའི་ཕྱི་རོལ་གྱི་བདེ་ཞིང་སྙོམས་པའི་གཙང་འགྲམ་དུ་བྲོས་པ་རེད། ནམ་གསལ་བ་ན། ཨ་མ་ལུས་པོ་ཧྲེང་ཧྲེང་དུ་ཤི་འདུག་ལ། ཁོའི་སེམས་པར་འདི་ནི་རྣམ་སྨིན་འཁོར་བ་མིན་ནམ་སྙམ་སྟེ། ཁ་རོག་གེར་ཨ་མའི་ལུས་པོ་འཁྲུད་སྐབས་ནམ་མཁའ་ནས་རས་ལེབ་དུམ་བུ་གཅིག་ཨ་མའི་སྐེམ་ཞིང་རིད་པའི་བྲང་དུ་ལྷུང་ཡོང་བ་དང་། ཁོས་ལག་ཏུ་བླངས་ནས་བལྟས་པར་ཞལ་གདམས་ཤིག་ཡིན་པར་འདུག་ཅིང་། ཆུང་མར་ཡང་ལྟ་རུ་མ་བཅུག་པར་ཨ་མའི་ལུས་པོ་ཡོངས་སུ་བཀྲུས་ཚར་རྗེས་ཁ་རོག་གེར་མ་ཎི་ཡིག་དྲུག་ཚར་ཞེ་དགུ་བཟླས་པ་དང་བེམ་པོ་གཙང་པོའི་གཞུང་དུ་དོར་ཅིང་ཆུའི་བཞུར་རྒྱུན་དང་བསྡོངས་པའི་ཨ་མར་སྨོན་ལམ་ཞེ་དྲག་ཅིག་བཏབ། མཇུག་མཐར། ཁོས་ཆུང་མ་ཁྲིད་དེ་ཞལ་གདམས་ཀྱི་ནང་དོན་ལྟར་སྦྲུལ་ལྷ་རི་བོའི་སུལ་དུ་འོངས་པ་དང་། དེ་ནས་རྦབ་ཆུ་ཐུར་དུ་འབབ་པའི་གཅོང་རོང་དེར་འགོས་ཏེ་ལྷིང་འཇགས་ཀྱི་སྒོར་ཁང་དུ་སླེབས། སྐབས་དེར། སྒོར་ཁང་དུ་ཏག་ཏག་བགྲེས་པོ་ལོ་ན་མཐོན་པོ་ཅན་ཞིག་ཚེ་ལས་འདས་པར་ཕྲད་ཅིང་། ཁོ་རང་སྒོར་ཁང་གི་མི་རྣམས་ཀྱིས་འདས་པོར་སྐྱེལ་མ་བྱེད་པའི་རུ་བའི་ནང་དུ་ཞུགས་ལ། དེ་ནས་བཟུང་ཁོ་ཚང་གིས་གནས་འདི་གར་ཁྱིམ་གཞིས་བཏིངས་པ་རེད། (མུ་འགོད)

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།