ཀྲུང་གོ་བོད་ཀྱི་དྲ་བ།

བོད། སྦས་སྐུང་གི་ལོ་ཟླ།(གཅིག)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བཀྲ་ཤིས་ཟླ་བས་བརྩམས།འབྲོང་བུ་རྡོ་རྗེ་རིན་ཆེན་གྱིས་བསྒྱུར།   སྤེལ་དུས། : 2021-08-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1910 —1927

ལོ་ན་བཅུ་གཉིས་ལ་སོན་པའི་ཟླ་བཟང་ཁང་བའི་ལྟག་རྒྱབ་ཏུ་ཕྱིན་ཏེ་གཅིན་པ་གཏོང་དུས། མདུན་ཕྱོགས་སུ་སྒྲོ་ཐུལ་སྔོན་པོ་ཅན་གྱི་བྱིའུ་ཆུང་མགོ་དམར་ཞིག་འདུག་པ་མཐོང་། ཁོས་སྦལ་བ་ཞིག་དང་འདྲ་བར་ལུས་པོ་ཙོག་ཙོག་གིས་མདུན་དུ་ལྡིང་སྟེ་འཛིན་པར་གཟས་པ་ལ། བྱིའུ་ཆུང་དེ་མཛུབ་བར་ནས་ཤོར་ཏེ་ཡང་བསྐྱར་ལག་པ་མི་རྩེབས་པའི་རྡོ་ལེབ་ཅིག་གི་སྟེང་དུ་བབས། ཁོ་སླར་ཡང་ལྡིང་ཙམ་བྱས་པར། བྱིའུ་ཆུང་གིས་ཁོ་རང་མཐའ་གཅིག་ཏུ་གྲོག་ཆུ་འགྲམ་གྱི་རྦབ་ཆུའི་ཁར་ཁྲིད་དེ་འཕུར་སོང་། ཁོ་སྤང་ཐོག་ཏུ་འགྲེང་སྟེ་ཐུར་དུ་བལྟས་པ་ན། མི་ཞིག་སྒོར་ཁང་གི་ཕྱོགས་སུ་གཟས་ནས་ཡོང་གིན་པ་མཐོང་། ཁོས་དང་ཐོག་མི་དེ་སྒོར་ཁང་དུ་ཡོང་མཁན་ཞིག་ཡིན་པ་ཐག་མི་ཆོད་དེ། རྒྱུ་མཚན་ནི་རི་འདབས་ཀྱི་སུལ་ཁའི་ལམ་དེ་ད་དུང་ལམ་གཞན་དང་བསྣོལ་ཏེ་སྒོར་ཁང་རྒྱབ་ཀྱི་འབྲོམ་སྟོད་གཞིས་ཀའི་ནང་དུ་འཐེན་ཡོད་པའི་སྟབས་རེད། མི་དེ་འགག་འཕྲང་དུ་ཞུགས་ཏེ་རླབས་ཀྱི་ཟེགས་མ་འཕྱོ་བའི་ཆུ་ཕྲན་བརྒྱུད་དེ་ཡར་འགོས་ཡོང་བའི་མོད་ལ། ཟླ་བཟང་ཁྱིམ་དུ་རྒྱུགས་ཡོང་སྟེ་རང་གི་མཐོང་ཐོས་རྣམས་ཇི་མ་ཇི་བཞིན་ཚང་མར་བཤད།

སྒོར་ཁང་གི་གྲོང་ཚོའི་མི་རྣམས་ཏག་སེར་སྒོར་བུད་ཅིང་ཆུ་འགྲམ་གྱི་སྤང་ཐོག་ཏུ་འགྲེང་སྟེ་མི་དེར་ཐུར་ལྟ་བྱས། གནས་འདི་གར་དུད་ཁྱིམ་གཉིས་ཆགས་པ་ལ་བསྡོམས་པས་མི་དྲུག་ཡོད་པ་སྟེ། དབང་མེད་དང་ཁོའི་ལོ་བཞི་བཅུ་ཅན་གྱི་ཨོག་ལྦ་ཐོགས་པའི་ཆུང་མ་དེ་དང་། ད་དུང་བུ་ཟླ་བཟང་དང་བུ་མོ་ཁྱུང་ལྷ་བཅས་དང་། གཞན་པའི་ཁྱིམ་ཚང་དེར་ཕོ་ལོ་བདུན་ཅུ་དོན་ལྔ་ཅན་གྱི་བགྲེས་པོ་མིག་དམར་དང་བཟའ་ཟླ་བྱང་སེམས་མ་དེ་གཉིས་ཡོད། རྒན་རྒོན་གཉིས་ལ་བུ་དང་བུ་མོ་མེད་པར་གཅིག་སེམས་གཅིག་ལ་ཁེན་ཏེ་ཉི་མ་བསྐྱལ་ནས་འདུག ཁོ་ཚོ་གནས་དེ་གར་འགྲེང་སྟེ་ཁ་རོག་གེར་མི་དེར་ཅེར་ནས་བསྡད། ནམ་རྒྱུན་ཡིན་ན་རི་འདབས་ཀྱི་མི་དག་ཡོང་ཐེངས་རེར་སྒོར་ཁང་གི་དུད་ཁྱིམ་རེ་གཉིས་ཕྱི་རོལ་ཏུ་ཁྲིད་འགྲོ་བས། ལོ་ལྔའི་སྔོན་ཙམ་ནས་འདི་གར་དུད་ཁྱིམ་འགའ་ལས་ལྷག་མི་འདུག མིང་ལ་བློ་དགའ་ཟེར་བའི་མཛེས་མ་ཞིག་ཡོད་པ་དེས་རང་གི་ཕ་མ་འདས་རྗེས། ནམ་རྒྱུན་གླུ་གཞས་ལེན་བཞིན་མལ་ལས་ལྡང་བ་དང་གླུ་གཞས་ལེན་བཞིན་ལུག་ཁྱུ་འཚོ་རུ་འགྲོ་ལ། གླུ་གཞས་ལེན་བཞིན་ཁོང་ཁྲོ་ལངས་པར་བྱེད་ཅིང་། ཐ་ན་ནད་ཀྱིས་གཟིར་ནས་འཁུན་སྒྲ་འབྱིན་ཚུལ་ཡང་གླུ་གཞས་གཏོང་བ་དང་གཞི་ནས་མཚུངས། མོས་ལས་ཀ་ཅི་ཞིག་སྒྲུབ་ཀྱང་ཅི་མི་སྙམ་པར་ལྭ་འདབས་སྡོག་ག་བརྒྱབ་ནས་བརླ་རྗེན་དཀར་པོ་དེ་ཕྱི་རུ་ངོམ་ངོམ་བྱས་པ་ན། སྒོར་ཁང་གི་གསར་བུ་ཚོ་རེ་རེ་བཞིན་འདོད་ལྷས་མྱོས་པ་ལྟར་དེ་ལ་མིག་གིས་ཕུར་ཚུགས་སུ་ལྟ་བར་བྱེད་ཅིང་། བྱིས་པ་གཉིས་ཀྱི་ཨ་ཕར་གྱུར་པའི་བགྲེས་པོ་དབང་མེད་ཀྱང་དུས་རྒྱུན་དུ་ཆུང་མ་གཉིད་ལ་བྱིངས་དུས་བློ་དགའི་ཁང་སྟོང་ནང་དུ་འདུར་གྱིན་གདའ། ཡིན་ན་ཡང་། མོ་སུ་ཞིག་གི་ཆུང་མ་ཡང་མི་བྱེད་པས་ཚང་མས་མོས་སྔར་ནས་རི་འདབས་ཀྱི་མི་སུ་ཞིག་བསུ་རུ་ཡོང་བར་བསྒུགས་འདུག་པ་རྟོགས་ནས་ཡོད། ཉིན་ཞིག་ལ། དངོས་ནས་ལུས་ཡོངས་སུ་ཚར་སྤུ་ནག་པོ་གཡོགས་པའི་སྐྱེས་པ་གཟུགས་ཆེན་ཞིག་ཐོན་བྱུང་ལ། དེས་བློ་དགས་ལུག་འཚོ་བའི་གོ་སྐབས་དང་བསྟུན་ཏེ་ཁྱིམ་དུ་འཛུལ་ནས་ནང་གི་ཁ་ཟས་ཐམས་ཅད་རྫོགས་པར་ཟོས་པ་དང་། ཚང་མས་ཤེས་དུས་སུ་ཁོ་རང་སྒོ་ཐེམ་སྟེང་དུ་གཉིད་དུ་ཡུར་ནས་འདུག་ཅིང་། གཉིད་ལས་བསླངས་ཏེ་གང་ནས་ཡོང་ཚུལ་དྲིས་པར། ཁོས་ངག་ནས་སྐད་ཕྲ་མོ་འགའ་འབྱིན་བཞིན་གཞན་གྱིས་མི་གོ་བའི་ལག་བརྡ་ཙམ་ཞིག་སྟོན་པ་ལས་ལན་མི་འདེབས། མ་གཞི་མི་དེ་ནི་ངག་མི་འཁྲོལ་བའི་ལྐུགས་པ་ཞིག་ཏུ་འདུག་པས་ཁོ་ཚོར་ཁ་གློང་བའི་སྤྲོ་སྣང་མེད་པར་རང་སར་གྲོལ་སོང་། བློ་དགའ་ཕྱིར་ལོག་རྗེས། མོས་དགོང་མོར་ནམ་རྒྱུན་མི་སྤྱོད་པའི་སྒོ་གླེགས་དམ་པོར་བརྒྱབ་པ་དང་། སྐྱེས་པ་དེ་ཁང་བའི་ནང་དུ་བཅུག་ནས་ཁོ་དང་ཆབས་ཅིག་ཏུ་ཉལ། མི་རྣམས་ཀྱིས་ནམ་གུང་ལ་མོས་གདུང་བའི་འཁུན་སྒྲ་འབྱིན་པ་ཐོས་པས། སྐྱེས་པ་ཚོས་ཁོང་ཁྲོ་མ་གནོན་པར་དབྱུག་པ་བཟུང་སྟེ་ལྐུགས་པ་གཟུགས་ཆེན་དེ་ལ་ཆད་པ་གཅོད་རྩིས་བྱས་པ་ན། ཅང་མ་འགོར་པར་མོས་གླུ་གཞས་བཏང་ཡོང་བས་ཁོ་ཚོ་ཅི་བྱ་གཏོལ་མེད་དུ་གྱུར་ནས་སྒོ་གཏན་ཏེ་རང་མལ་དུ་ལོག་དགོས་བྱུང་། ཕྱི་ཉིན། སུ་ཞིག་གིས་མཐོང་བ་མི་ཤེས་མོད། ལྐུགས་པ་དེས་གྱོན་པའི་པགས་པའི་སྤུ་ནག་དེ་མ་གཞིར་ཁོའི་ལུས་སྟེང་དུ་སྐྱེས་པ་ཡིན་ཚུལ་ཤེས་འདུག་སྟེ། ཁོ་རང་ཉི་འོད་འོག་ཏུ་བསྡད་དེ་གསུས་ཤའི་ངོས་ཀྱི་སྤུ་རྣམས་བསློགས་ཏེ་ཤིག་འཐུ་སྐབས་གཞན་གྱིས་ཁོའི་ལྟེ་ཤ་དམར་ཐག་ཆོད་པ་དེ་མཐོང་སོང་བ་རེད། གཞོན་དུས་སུ་རྔོན་པ་བྱས་མྱོང་བའི་བགྲེས་པོ་མིག་དམར་གྱིས་ཞིབ་ཏུ་བལྟས་རྗེས། སྒོར་ཁང་གི་མི་རྣམས་ལ་རང་གི་ཉམས་མྱོང་གི་སྡོམ་ཚིག་ལྟར་སྡུག་ཅག་འདི་ལྐུགས་པ་ཞིག་གཏན་ནས་མ་ཡིན་པར་རིའི་ཀློང་ནས་ཤོར་ཡོང་བའི་མི་རྒོད་ཅིག་རེད་ཅེས་བཤད། ཚང་མས་ཉན་རྗེས། སྐྲག་ནས་བླ་འཁྱམས་ཤིང་ཧོན་ཐོར་བ་ལྟར་འཚང་ཁ་ཤིག་ཤིག་གིས་ཁྱིམ་དུ་བྲོས་ནས་སྒོ་གླེགས་དམ་དུ་བརྒྱབ་སྟེ་ལྷ་ལ་སྐྱབས་འཇུག་ཡང་ཡང་ཞུས། བློ་དགའ་ལ་ཡང་འཇིགས་སྐྲག་སྐྱེས་བྱུང་མོད། འོན་ཀྱང་། མོའི་རྣམ་ཤེས་མི་རྒོད་དེས་སྔར་ནས་ཕྲོགས་ཟིན་པས། གང་ལྟར་དེའི་རྗེས་འབྲངས་པ་ལས་འོས་མེད་བྱུང་། དགོང་མོ་དེར། མོས་གོན་པ་འགའ་ཉེར་བསྡོགས་མཛད་པ་དང་བཟའ་ཆས་ཙམ་ཁྱེར་ཏེ་སྒོ་གཏན་དམ་པོར་བརྒྱབ་པའི་ཁྱིམ་མཚེས་རེ་རེར་གྱེས་བྲལ་ཞུས་རྗེས། མིག་ཆུ་དང་བཅས་གླུ་དབྱངས་ལེན་བཞིན་མི་རྒོད་དེའི་རྒྱབ་ཏུ་ཞོན་པ་དང་། མི་རྒོད་དེས་ལག་ཡས་ཀྱིས་མོ་ཡར་སྐྱོར་ཞིང་ལག་ཡས་ས་ལ་ཁེན་བཞིན་མཆོང་མ་ལྡིང་གིས་སྒོར་ཁང་ལས་བབས། ཀུན་གྱིས་ཁོའི་སྤྲེའུ་ལྟ་བུའི་བདེ་ལྕག་འཁྱུག་པའི་སྐྱེན་རྩལ་དེ་གསལ་བོར་མཐོང་བས་མི་རྒོད་ཅིག་ཡིན་པར་ལྷག་ཏུ་ཡིད་ཆེས་སྐྱེས་པ་དང་། དེ་མུར་བུ་མོ་བློ་དགས་སྐྱེ་བ་སྔོན་མར་བསགས་པའི་ལས་ངན་གྱི་རྣམ་སྨིན་ལ་སྐྱོ་བའི་ཤུགས་རིང་ནར་ནར་དུ་ཕྱུང་། སྐྱེས་པ་འགའ་ལྷག་ཏུ་ཁྲོས་ཏེ་ས་ལ་རྐང་རྡེབ་གཏོང་མོད། འོན་ཀྱང་ཁོ་ཚོ་རྩལ་ཤུགས་རྫོགས་པའི་ལྟས་ངན་དེའི་དོ་ཡར་མི་ཡོང་བས་ཁོང་ཁྲོའི་ངང་བྱུང་རྒྱལ་དུ་སྡིགས་དམོད་གཏོང་བ་ལས་ཅི་ཡང་བྱེད་མ་ཐུབ། ཅང་མ་འགོར་བར། རྙིང་མ་པའི་བླ་མ་ཞིག་ཡར་འགོས་ནས་སླེབས་བྱུང་ལ། གནས་འདི་གར་ལོ་གསུམ་དང་ཟླ་གསུམ་ལ་མཚམས་སུ་བཞུགས་དགོས་གསུངས་པས། ཁྱིམ་ཚང་འགས་སྔ་མོ་ནས་ཟང་ཟིང་གིས་ཁོང་ཉིད་གདན་དྲངས་ཏེ་མཆོད་གནས་སུ་བཀུར་བྱུང་། བླ་མས་སྒོར་ཁང་གི་ལོགས་ཀྱི་ལ་རྒོད་དེར་སྐོར་གཟིགས་ཤིག་གནང་བར། བྱང་ངོས་ཀྱི་སྦྲུལ་ལྷ་རི་རྩེ་ནས་བཞུར་བའི་ཆུ་ཕྲན་དང་། ཤར་ངོས་ཀྱི་དཀན་གཟར་གྱི་བྲག་ལྡེབས། ལྷོ་ངོས་ཀྱི་གྲོག་རོང་རྒྱུད་དུ་ཆགས་པའི་རྒྱང་རིང་གི་རི་བོ་བཅས་མཐོང་བས་མགོ་བོ་འཕྲེད་དུ་གཡུག་གཡུག་མཛད་དེ། གནས་འདིར་སྔོན་དུས་གྲུབ་པ་བརྙེས་པའི་རྣལ་འབྱོར་པ་ཞིག་གིས་སྒྲུབ་པ་མཛད་མྱོང་བས་ཕོག་ཐུག་གཏོང་ག་ལ་རུང་ཞེས་གསུངས་རྗེས་ཞལ་ཕྱིར་འཁོར་ནས་རི་ལས་འབབ་རྩིས་བྱས། མི་རྣམས་ཀྱིས་ཁོང་ཉིད་བཀག་སྟེ་དོན་དེ་གསལ་བོ་ཞིག་དྲིས་པར། ཁོང་ན་རེ། ཤེས་འདོད་པའི་མིས་སེམས་ནས་རང་བཞིན་གྱིས་ཤེས་འགྲོ་བ་ཡིན་ལ། ཤེས་མི་འདོད་པའི་མིས་དེ་ཉིད་ཤེས་དོན་མི་འདུག་ཟེར། སྐབས་དེར་འཇིག་རྟེན་ལ་ངེས་འབྱུང་སྐྱེ་བའི་སྐྱེས་པ་འགས་ཁྱིམ་སྤངས་ཏེ་རྙིང་མའི་བླ་མ་འདི་བ་ཚང་གི་རྗེས་སུ་ཞུགས་ཤིང་སློབ་མའི་བརྟུལ་ཞུགས་བཟུང་སྟེ་རི་ལས་བབས། ལོ་གཉིས་ཀྱི་སྔོན་ལ། ཡང་སྐྱེས་པ་ཞིག་འདི་གར་ཡོང་བ་དང་དེས་གོན་པ་ཧྲལ་ཧྲུལ་གྱོན་ཞིང་སྤྱོད་ལམ་འཆལ་བའི་སྨྱོ་རྟགས་སྣ་ཚོགས་སྟོན་ཞིང་། ཉིན་གང་བོར་སུས་ཀྱང་དོན་གོ་མི་ཐུབ་པའི་གཟུངས་སྔགས་ཟློ་བར་བྱེད། ཁོ་རང་མོ་རྐྱང་འཇམ་དབྱངས་སྒྲོལ་དཀར་གྱི་ཁྱིམ་དུ་བསྡད་པ་དང་། མོའི་ཁྱོ་ག་ནི་དེ་སྔོན་རྙིང་མ་པའི་བླ་མ་དེའི་རྗེས་འབྲངས་ཏེ་རི་ལས་བབས་ཟིན་པ་རེད། ཉིན་གསུམ་ལས་མ་འགོར་བར་སྐྱེས་པ་དེས་ཀྱང་འཇམ་དབྱངས་སྒྲོལ་དཀར་ཁྲིད་ནས་བུད་སོང་། ཕྱིས་སུ་གོ་ཐོས་ལྟར་ན་ཁོ་ནི་གསང་སྔགས་འཛིན་པའི་ཕྱི་རོལ་པ་ཞིག་ཡིན་པར་འདུག་ཅིང་། “རོ་ལངས”འགྲུབ་པའི་ཆེད་དུ། འཇམ་དབྱངས་སྒྲོལ་དཀར་ལ་ལོག་ཆོས་སྣ་ཚོགས་ཀྱིས་མནར་གཅོད་བཏང་ནས་ལྔ་ལམ་དུ་བརྫངས་པར་བཤད། དེ་ཡང་ཆོས་ཉམས་ལེན་གྱི་སྐབས་སུ། རོ་ལངས་ཀྱིས་ལྕེ་མདའ་ཐེངས་གཉིས་ལ་གཡུགས་ཀྱང་ཁོས་སོ་ཡིས་མ་ཟིན་ལ། ཐེངས་གསུམ་པའི་སྐབས་སུ་གཞི་ནས་ཟིན་པར་གྱུར་མོད། འོན་ཀྱང་ཁོ་ལ་སྔགས་ཀྱི་ནུས་པ་ཞན་པས་ལྕེ་སྣེ་ལ་རྨུགས་མ་ནུས། དེ་བས་རོ་ལངས་ཀྱིས་ཕྱིར་ཁོའི་ལྕེ་རྟིང་ལ་རྨུགས་ཏེ་ཨོལ་མདུད་ནས་རྒྱུ་མའི་བར་ཕྱིར་བཏོན་འོངས་ཏེ་དེ་མ་ཉིད་དུ་ཕྱི་མར་བསྐྱལ། འཇམ་དབྱངས་སྒྲོལ་དཀར་དེར་བརྟེན་ནས་རོ་ལངས་བརྒྱབ་པ་དང་མགོ་ལ་སྣམ་བུ་གྱོན་ཏེ་སྒྲུབ་ཁང་ལས་བུད་ཅིང་གཙང་པོའི་ཕ་རོལ་ན་མིང་ལ་སརྦ་སྨན་སྙིང་སྟོང་ཟེར་བའི་བཙུན་མའི་དགོན་དུ་ཇོ་མོ་བྱས། ཉེ་བའི་སྔོན་ལ། དབང་མེད་ཤར་ལུང་རྫོང་དུ་ཆས་ཏེ་རོང་པ་ཡར་ཀླུང་གི་ཉག་ཁ་བརྒྱུད་སྐབས་ད་དུང་སྒོར་ཁང་སྡེ་བའི་ཚབ་བྱས་ཏེ་གཟས་ནས་མོ་ལ་འཚམས་འདྲིར་སོང་མྱོང་བར་མ་ཟད། སརྦ་སྨན་སྙིང་སྟོང་དགོན་པར་མཆོད་པ་ཡང་ཕུལ་མྱོང་། 

ཐེངས་འདིར་ཡོང་བའི་མི་དེ་ནི་ཤིང་བཟོ་ཞིག་རེད། མིང་ལ་ཚེ་རྡོ་རྒྱལ་ཟེར་བ་དང་སྒོར་ཁང་སྡེ་བའི་རྒྱབ་ངོས་ནས་ཉིན་ཕྱེད་ཅིག་གི་ལམ་ཐག་ཡོད་པའི་འབྲོམ་སྟོད་གཞིས་ཀའི་ནང་དུ་སྡོད་ཀྱིན་ཡོད། ཁོ་ནི་ད་སོ་མ་ལྷ་ས་ནས་ཐོན་པ་ཡིན་ཞིང་། ཁོས་བཤད་པ་ལྟར་ན་དབང་མེད་ཀྱི་ནུ་བོ་ཡིན་རབས་འདུག་ཅིང་ཨ་མ་བགྲེས་མོའི་མངགས་བཅོལ་ལྟར་ཕུ་བོ་འཚོལ་དུ་ཡོང་བ་ཡིན་ཟེར། དབང་མེད་ཀྱིས་རང་ཉིད་ནི་ཕ་མས་དོར་བའི་ཕྲུ་གུ་ཞིག་ཡིན་ཚུལ་སྔར་ནས་ཤེས་ཡོད་པ་ཙམ་ལས་མ་རྒན་འབྲོམ་སྟོད་ན་འདུག་པ་ཤེས་ཀྱིན་མེད་ཅིང་། རང་ལ་ནུ་བོ་ཞིག་ཡོད་པ་དེ་བས་ཀྱང་མི་རྟོགས་པས་མི་ཆ་མེད་དེ་ལ་སྐོར་ལྟ་ཞིག་བྱས་ཏེ་སོམ་ཉིའི་མགོ་བོ་གཡུག་གཡུག་བྱ་དགོས་བྱུང་། གདོང་ཡོངས་སུ་སྨ་རས་ཁེབས་པའི་ཚེ་རྡོ་རྒྱལ་གྱིས་ཕུ་བོ་ལོགས་ཤིག་ཏུ་འཐེན་ནས་ཁོའི་བརླ་རྩ་ན་ཊམ་ཀའི་ཆེ་ཆུང་ཙམ་གྱི་རྣམ་ཤེས་ཀྱི་གསང་རྟགས་ཤིག་ཡོད་པ་དེ་བསྟན་པ་ན་ད་གཟོད་གཞི་ནས་ཡིད་ཆེས་པར་གྱུར་བྱུང་། དེར་མ་ཟད། ཞིབ་ཚགས་ཆེ་བའི་ཆུང་མས་ཁོ་གཉིས་ཀས་ཀྱང་མིག་འབྲས་ཀྱིས་ཅུང་ཟད་ཡོན་པོར་ལྟ་ཞིང་། སྐད་ཆ་འཆད་པའི་སྐབས་སུ་ལོབས་ཕྱོགས་ཀྱིས་ཕྲག་གཡས་ཅུང་ཟད་གཟེངས་གཟེངས་བྱེད་པའི་ཚུགས་ཀར་བལྟས་ནས་ཕུ་ནུའི་འབྲེལ་བར་རྩོད་མེད་དུ་བདེན་དཔང་བྱས་ཡོང་། 

སྒོར་ཁང་གི་མི་རྣམས་དབང་མེད་ཀྱི་ཁྱིམ་དུ་སྒོར་སྒོར་གྱིས་ཙོག་འདུག  ཁང་བའི་ཕུགས་ཀྱི་མེ་ཐབ་ཏུ་ལུག་ཤ་སླ་ང་ཆེན་པོ་གང་བཙོས་འདུག་ལ། རླངས་པའི་ཁྲོད་དུ་འགྲམ་ཆུ་ལྡང་བར་བྱེད་པའི་དམར་དྲིས་ཁྱབ་འདུག ཁོ་ཚོ་སྐྱིལ་ཀྲུང་དུ་བསྡད་དེ་ཕྱོགས་གཅིག་ནས་དཀར་ཡོལ་ལས་མར་དྲི་འཐུལ་གྱིན་པའི་དཀྲུག་ཇར་རོལ་བ་དང་། ཕྱོགས་གཅིག་ནས་ཚེ་རྡོ་རྒྱལ་གྱིས་བཤད་པའི་མཐོང་ཐོས་ཀྱི་གཏམ་ལ་གསན་པར་བྱེད། ཚེ་རྡོ་རྒྱལ་གྱིས་བགྲེས་པོ་མིག་དམར་གྱིས་བྱིན་པའི་རྭ་སྣ་ཚུར་བླངས་ཤིང་མཐེབ་མོའི་ཐོག་ཏུ་སྣ་ཐ་ཉུང་ཙམ་གཏུལ་ཏེ་སྣ་ཁུང་དུ་བཞིབས་རྗེས་ག་ལེར་ཁ་བརྡའི་མགོ་བརྩམས་བྱུང་། ཁོ་ན་རེ། གནས་ཚུལ་ནི་མར་ངོའི་ཟླ་བ་ནང་བཞིན་ཐུར་དུ་འགྲིབ་པ་སྟེ། སྐྱབས་མགོན་རིན་པོ་ཆེ་སྐུ་ཕྲེང་བཅུ་གསུམ་པ་ད་སོ་མ་ལོ་ལྔའི་ཡུལ་འཁྱར་གྱི་དུས་ཡུན་མཇུག་རྫོགས་ཤིང་ལྷ་སར་ཕེབས་ཏེ་ཟླ་གསུམ་ལས་མ་འགྱངས་པར་སླར་ཡང་སི་ཁྲོན་དམག་གིས་ཧིན་རྡུར་སྤྱུགས་སོང་ཟེར། ཚེ་རྡོ་རྒྱལ་གྱིས་དེ་ལྟར་བཤད་རྗེས་མགོ་བོ་འཕྲེད་དུ་གཡུག་གཡུག་མཛད་ལ། སྒོར་ཁང་གི་མི་རྣམས་ཀྱིས་ཀྱང་དེར་མཐུད་དེ་མགོ་བོ་གཡུག་གཡུག་བྱེད། ཁོས་ད་དུང་ལམ་བར་གྱི་མཐོང་ཐོས་ཡ་མཚན་དག་བསྙད་པ་དང་མཇུག་ཏུ་ཐེངས་འདིར་ཡོང་དོན་ནི་ཨ་མའི་རེ་བ་བསྐངས་པ་ཉིད་ཡིན་ཟེར། ཨ་མ་ཡུན་རིང་བོར་གསོན་ཐབས་མེད་ཅིང་། མ་བུ་ཁ་བྲལ་ཏེ་ལོ་ངོ་བཞི་བཅུ་འགོར་བའི་ནང་དུ་བུ་མ་དྲན་པ་ཡང་ག་ལ་ཡིན། མོས་སྐབས་དེར་བསམ་གཟས་ནས་བུ་ཕྲུག་དོར་བ་མ་ཡིན་པར་བྲོས་བྱོལ་དུ་འགྲོ་སྐབས་མིག་འཕྲུལ་བྱུང་ནས་བུད་མེད་རྣམས་ཀྱིས་མཉམ་གཅིག་ཏུ་བསྐྱུར་བའི་སླེ་བོ་སྙུང་དབྱིབས་ཅན་ཞིག་ཁུར་ནས་གཞན་གྱི་རྗེས་བསྙེགས་ཏེ་ཧོལ་རྒྱུགས་བྱས་པར། ཕྱི་ཉིན་ད་གཟོད་སླེ་བོའི་ནང་དུ་ཁུར་བ་ནི་ལ་ཕུག་ཆེན་པོ་ཞིག་ཡིན་པ་རྟོགས། འོན་ཀྱང་། མོས་དཀོན་མཆོག་གསུམ་ལ་སྐྱབས་བཅོལ་བ་དང་ཚོགས་གསོག་དགེ་སྦྱོང་མཛད་པའི་བཀའ་དྲིན་གྱིས་གནམ་རྒན་མས་ཀྱང་སྤྱན་ཕྱེ་སྟེ། ཉིན་འགའི་སྔོན་གྱི་རྨི་ལམ་དུ་ལྷ་ཡིས་བུ་ཆུང་ད་ལྟ་གནས་གང་དུ་འཚོ་བ་ལུང་བསྟན་གནང་བྱུང་། དེ་ནས་མོས་ད་གཟོད་རྨི་ལམ་དུ་བསྟན་པའི་ཁ་ཕྱོགས་དང་སྣང་ཚུལ་ལྟར་བུ་ཆུང་ཚེ་རྡོ་རྒྱལ་སྒོར་ཁང་དུ་མངགས། ཡང་གཅིག་བཤད་ན། འབྲོམ་སྟོད་ཀྱི་གཞིས་ཀའི་བོགས་ཞིང་ཡང་ལོ་ངོ་གཉིས་ཀྱི་ནང་དུ་རྨོ་འདེབས་བྱེད་མཁན་མེད་ན། དྭགས་ཀོང་རིན་ཆེན་གྱི་གཉེར་བས་མི་མངགས་ཏེ་ཞིང་ས་གཞུང་བཞེས་བྱེད་ངེས་པར་མ་ཟད། སྔར་བཞིན་ཁྲལ་རིགས་སྣ་ཚོགས་དབུལ་དགོས་པ་ཡིན།

ཚང་མས་ངག་བསྡམས་ཏེ་ཁ་རོག་གེར་བསྡད། སང་ཉིན་ཉི་རྩེ་ས་ལ་བརྒྱབ་མ་ཐག  འདི་གར་དུད་ཁྱིམ་གཅིག་ལས་ལུས་མི་སྲིད། དབང་མེད་ཀྱི་ཆུང་མས་ཐབ་ཀྱི་ཤ་ལེན་ཁོམ་ཡང་མ་བྱུང་བར་བགྲེས་པོ་མིག་དམར་གྱིས་ལག་པ་ས་ལ་ཁེན་ནས་ཡར་ལངས་པ་དང་། སེམས་ཁྲལ་སྣ་ཚོགས་དང་བཅས་འདི་བ་ཚང་དང་ཁ་བྲལ་ཞིང་། དེར་མཐུད་ནས་ཁོའི་རྒན་མོ་ཚ་ཞང་ཡང་ཡར་ལངས་བྱུང་། 

མཚན་མོར། སྒོར་ཁང་ལུང་བའི་ནང་དུ་ནམ་རྒྱུན་དང་མི་འདྲ་བར་ཁུ་སིམ་མེར་གྱུར། ནམ་གསལ་ལ་ཁད་དུ་སྔར་བས་གྲགས་སྒྲ་མེད་པར་ཡོད་ཚད་སྦྲུལ་ལྷ་རི་བོའི་ལྗིད་ཚད་ཀྱིས་མནན་པ་དང་ཀུན་ནས་མཚུངས། 

ཚ་ཞང་གཉིད་ལས་སད་དུས་ད་དུང་ནམ་གསལ་མི་འདུག མོ་ལ་ལུས་པོ་མི་བདེ་བའི་ཚོར་བ་གསར་བ་ཞིག་སྐྱེས་ལ། རང་གི་ཕོ་བར་རེག་དུས་ཁུ་ཚུར་ལྟ་བུའི་འབུར་བོ་ཞིག་འདུག་པ་མཐོང་ནས་དངངས་འཚབ་ཀྱིས་ལོགས་སུ་ཉལ་བའི་མིག་དམར་ལ་རྐང་རྡེབ་བྱས། མིག་དམར་ནི་ཞག་གང་བོར་འདང་རྒྱག་གི་ནང་དུ་ལྷུང་ནས་གཉིད་དུ་ཡུར་མ་ཐག་པ་ནས་སད་བྱུང་ལ། ཁོ་གོག་བཞིན་དུ་ཡོང་སྟེ་རྒན་མོའི་ཕོ་བར་རེག་རེག་ཅིག་བྱས་ཤིང་། མཇུག་མཐར་མོ་ལ་མངལ་འཁོར་འདུག་པ་ཐག་ཆོད་བྱས་བྱུང་།  

“ཨ་ཁ། འདི་འདྲའི་དཔེ་ཞིག་གང་ན་ཡོད”ཚ་ཞང་གིས་ངུ་མ་དགོད་ཀྱིས“ཁྱོད་ཀྱིས་སོམས་དང་། འུ་གཉིས་ལ་གཞོན་སོ་དཀར་ཤ་དར་ཁྲག་དར་གྱི་སྐབས་སུ་བྱིས་པ་མ་བྱུང་། ད་ལྟ་རྒན་མགོ་དཀར་ཁ་ན་སོ་མུ་ཏིག་ཙམ་ཡང་མེད་པའི་སྐབས་འདིར་ཕྲུ་གུ་ཞིག་འཁོར་བ་ག་ལ་སྲིད”ཟེར།

“ས་འདི་ནི་བུད་མེད་ལ་མངལ་འཁོར་བའི་ཡུལ་ཡིན། མངལ་གྱི་གཡས་ལོགས་སུ་ཆགས་ན་བུ་མོ་སྦྲུམ་འདུག་པ་ཁོ་ཐག་ཡིན”མིག་དམར་གྱིས་འུར་བརྒྱབ་བྱུང་།

“ཁྱོད་རང་བུད་མེད་ཀྱི་དོན་དག་ལ་ང་ལས་ལྷག་པའི་གསལ་ཆ་ཡོད་པ་ཅི་ཡིན” ཚ་ཞང་ཁོང་ཁྲོ་ཧ་ཅང་ཆེན་པོ་ལངས་བྱུང་།

མིག་དམར་གྱིས་དེ་ལ་ཁ་ཡ་མི་བྱེད་པར་ཉིན་ཞག་ཕྲུགས་གཅིག་ལ་འཇགས་མེད་པའི་མཆོད་མེའི་འོད་སྣང་མག་མོག་གི་འོག་ཏུ། ལུས་པོ་སྒུར་སྒུར་གྱིས་གྱང་ངོས་སུ་ཞ་ཡོད་པའི་རྟགས་རིས་དཀར་པོ་དག་བགྲང་བཞིན“མ་ཡེ། དེ་རིང་ནི་བསོད་སྙོམས་འབུལ་བའི་ཉིན་མོ་ཡིན་པས། མྱུར་བར་གྲ་སྒྲིག་བྱོས”ཟེར།

ཚ་ཞང་གིས་ལྭ་བ་ལེགས་པོར་གྱོན་ཏེ། མེ་ཁ་བཟུང་ནས་ཇ་སྐོལ་མགོ་བརྩམས།

སྐྱ་རེངས་ཀྱི་འོད་སྣང་རི་སྒལ་གྱིས་བསྒྲིབས་ཏེ་མཐོང་མི་ཐུབ་ལ། ཆུ་ཕྲན་དང་སྤང་ལྗོངས་ཀྱི་ངོས་སུ་ཟླ་བའི་འོད་ཟེར་གྱི་བཀྲག་མདངས་འཚེར་བོར་བཀྲ། ཚ་ཞང་གིས་དྲོད་ལམ་ལམ་གྱི་ཚ་དེམ་དང་རྩམ་པ་ཁུག་མ་གང་བསྣམས་ཏེ་སྒོ་ཆུང་ག་ལེར་ཕྱེ་བ་ན། ཞོགས་པའི་ལྷགས་རླུང་གསར་བ་དེ་མོའི་གདོང་ལ་གཏད་དེ་ལྡང་འོངས། མོ་འཇབ་འཇབ་ཀྱིས་སྐྱ་ཐག་གེར་སྣང་བའི་ལམ་ཕྲན་ཞིག་བརྒྱུད་དེ་ཆས་པར་ཆུ་ཕྲན་ཞིག་གིས་བགྲོད་ལམ་འཕྲེད་དུ་བཅད་བྱུང་། མོས་ཆུ་ནང་གི་རྡོ་བའི་རྐང་སྟེགས་དག་གསལ་བོར་མི་མཐོང་བས། ལྭ་འདབས་ཡར་བསྡོགས་ཏེ་རྐང་རྗེན་དུ་ཉྭ་སྟི་འཁྱག་སིབ་སིབ་ཀྱིས་ཤག་སྒྲ་དང་བཅས་བརྒལ་ཏེ་སོང་བར། གཟར་ཞིང་མཐོ་བའི་བྲག་རྡོ་ཆེན་པོ་ཞིག་གི་རྟིང་བར་སླེབས། བྲག་ལྡེབས་སུ་སྡེར་ཁའི་ཆེ་ཆུང་ཙམ་གྱི་ཁུང་བུ་ཞིག་འདུག་ཅིང་། མོ་རང་གུམ་ཙོག་ཏུ་ངོ་གདོང་ཁུང་ཁར་གཏད་དེ་བསྡད། ཁུང་བུ་དེ་རྩྭ་ཡན་དང་བྲག་རྟིང་ལ་དཀྲི་བརྒྱབ་པའི་རྩྭ་ཉོག་གིས་བསྒྲིབས་པས་ནམ་རྒྱུན་ཡིན་ན་མཐོང་དཀའ་བར་སྣང་། ཚ་ཞང་གིས་རྩྭ་ཉོག་དང་སྨྱུག་རྐང་ཕར་བཤུས་ཏེ་ལག་པ་ནང་དུ་བསྲིངས་ནས་ཇ་དེམ་སྟོང་བ་ཞིག་དང་རྩམ་ཁུག་སྟོང་བ་ཞིག་ཡང་མོའི་སྒོ་ནས་ཕྱིར་བཏོན་འོངས་ལ།  ཇ་ཁོལ་མ་དེམ་གང་བོ་དང་རྩམ་ཁུག་འགྲངས་མ་དེ་གཉིས་ནང་གི་སྟེགས་ཐོག་གི་རས་མཐུག་པོ་དེའི་སྟེང་དུ་བཞག་རྗེས་ཁ་རོག་གེར་བསྡད། དེ་ལྟར་བྱེད་དོན་ནི་མོས་བྲག་ཕུག་ཏུ་སྒྲུབ་པ་ཉམས་ལེན་ལ་གཞོལ་པའི་རྣལ་འབྱོར་པ་དེ་དཀྲོག་པར་འཛེམ་པས་རེད། ལས་ཀ་དེ་དག་མཇུག་རྫོགས་རྗེས།  མོས་སླར་ཡང་ཁུང་ཁར་རྩྭ་དང་ལོ་མས་བཀབ་ཅིང་རྗེས་ཤུལ་ཅི་ཡང་མི་མཐོང་བར་བྱས་པ་དང་། གོམ་པ་འགའ་ཕྱིར་བཀྱེད་དེ་ཕྱག་གསུམ་བཙལ་རྗེས་སྙིམ་པ་དང་གར་སྦྱར་ནས་གསོལ་བ་དྲག་པོ་བཏབ་ཅིང་མ་ཎི་ཡིག་དྲུག་བཟླས།  སྐབས་དེར། ཕ་གིའི་དབང་མེད་ཚང་ཡང་མལ་ལས་ལྡང་བའི་གྲགས་སྒྲ་ཐོན་པ་དང་། དུད་ཁུང་ལས་དུ་བ་སྔོ་ཞིང་སྟུག་པོ་ཞིག་ཕྱོགས་བཞིར་མཆེད་དེ་ཁང་ཁྱིམ་ཧྲིལ་བོ་དཀར་སོབ་སོབ་ཀྱི་དུ་སྨུག་གི་ཀློང་དུ་བཏུམས།

ཚེ་རྡོ་རྒྱལ་གཉིད་ལས་སད་དུས་ཡིད་སེམས་མ་དགའ་ལོག་གེར་འདུག ཁོས་རང་གི་རྨི་ལམ་ལས་ཉེས་པ་ཅི་ཞིག་བཟོས་པ་ལྟར། དོན་དེ་དང་ཐོག་དབང་མེད་ལ་སྨྲ་བར་ངོ་གནོང་གིན་ཡོད། འོན་ཀྱང་ནངས་ཇ་འཐུངས་རྗེས་གང་ལྟར་བསྲན་མ་ཚུགས་པར་སྔར་བཞིན་ཁོ་ལ་བཤད་དགོས་བྱུང་།

“དེ། དེ་ལ་སྐྱོན་ཅི་ཡོད། ངས་ཀྱང་རྒྱུན་དུ་དེ་འདྲ་རྨི་ཡི་འདུག རྨི་ལམ་དུ་ཁང་བའི་ཀ་བ་འཆའ་བ་ནི་སྒོར་ཁང་གི་མི་ཡོངས་ཀྱིས་རྨི་བ་ཞིག་རེད”དབང་མེད་ཀྱིས་དོན་དེར་ཅི་མི་སྙམ་པར་གནས་སྤོ་བའི་ཅ་ལག་དག་བདག་ཉར་གྱི་ལས་ལ་འཚུབ་ཆ་ལང་གིན་འདུག 

ཚེ་རྡོ་རྒྱལ་གྱི་བསམ་པར། རྨི་ལམ་དུ་ཉྭ་སུག་ཚོན་པོ་འཆའ་བཞིན་པ་རྨིས་པ་དེ་ནི་ལྷུན་རྩེ་རྫོང་དུ་ཆང་ཁང་གཉེར་བའི་རང་གི་མཛའ་མོ་དེ་ཡིན་པ་འདྲ་ལ། ཆུང་དུས་ཀྱི་ཁོ་ཚང་གི་གཉིད་ལ་དགའ་བའི་ཨ་ཡེ་དེ་དང་ཡང་མཚུངས་པར་སྙམ། དེ་ལྟར་ན། ས་འདི་ནི་འདྲེ་ལྟོགས་ཀྱི་ཡུལ་གྲུ་ཞིག་ཡིན་ངེས་ཏེ། ད་ནི་དུད་ཁྱིམ་འགའ་ལས་ལུས་མེད་པར་ཡང་ཁག་མི་འདུག་སྙམ།

དབང་མེད་ཚང་ཉིན་གུང་ཡོལ་མ་ཐག་གནས་འདི་གར་ཁ་གྱེས་པ་རེད། བཟའ་མི་ཚོས་གསོག་ཉར་བྱས་པའི་མཐའ་མཇུག་གི་རྫ་ཆང་དེ་དཀར་ཡོལ་ནང་དུ་བླུགས་ཏེ་མི་རེས་གཡས་ལག་གི་སྲིན་མཛུབ་ཀྱིས་བར་སྣང་དུ་མཆོད་ཀ་ལན་གསུམ་དུ་གཏོར་ནས་བགེགས་དང་མཚན་མ་ཞི་བའི་གསོལ་བ་བཏབ། དབང་མེད་ཀྱི་ཆུང་མས་ཐེག་ཚོད་ཀྱི་དངོས་པོ་ཙག་ཙིག་ཡོད་ཚད་ཁྲེས་པོ་ཆེན་པོ་ཞིག་ཏུ་བསྒྲིལ་ནས་རྒྱབ་ཏུ་ཁུར། མོའི་མཁུར་ཚོས་སྟེང་ལ་མིག་ཆུའི་བཞུར་ཤུལ་འགའ་བབས་ཡོད་པ་དང་། མིག་མཐའ་སྐྲང་ཞིང་སྔོན་པོར་གྱུར་འདུག་པར་བལྟས་ན་སེམས་སྡུག་གིས་ཡུད་ཙམ་ལ་ངུ་ཤད་འགའ་བརྒྱབ་ཡོད་པ་འདྲ། ཚེ་རྡོ་རྒྱལ་གྱིས་གཙུབ་བརྡར་ཕོག་ནས་སོག་ཕྱེ་ལེབ་མོའི་བར་ཚངས་ཀྱང་བུད་པའི་འདིང་སྟན་ཆ་འགའ་མགོར་ཁུར་པ་དང་། ལག་པ་ཡ་གཅིག་གིས་མཆན་ལ་ཅོག་ཙེ་དམའ་མོ་ཞིག་བཙིར་ནས་འགྲོ་ལ། བུ་མོ་ཆུང་ཆུང་དེས་ཀྱང་ར་ལུག་བཅུ་ལྷག་ཅིག་དེད་ནས་འགྲོ། དབང་མེད་ནི་ཆེས་མཇུག་མཐར་རྒྱ་སྒོར་བུད་པ་ཡིན་ཞིང་། ཁོས་ཆང་གིས་བཟི་ནས་གཉིད་ཞིམ་པོར་རོལ་བའི་བྱིས་པ་ཟླ་བཟང་པང་ནས་མིག་དམར་གྱི་ལག་ཏུ་གཏད་དེ“བྱིས་པ་འདི་ཁྱེད་རྒན་རྒོན་གཉིས་ཀྱི་འགྲོ་རོགས་འདུག་རོགས་བྱོས། ཁོ་ནི་སྙོར་སླ་བ་ཞིག་སྟེ། ཇ་ལྷག་ཟས་འཕྲོ་ཙམ་གྱིས་བསྐྱངས་པས་ཆོག འདི་ནི་ངེད་བཟའ་མི་གང་བོའི་རེ་བ་ཡིན”ཞེས་ཟེར། 

“འདི ……” དབང་མེད་ནི་མི་བརྩེ་གདུང་ཅན་ཞིག་ཡིན་པས། ལོ་ངོ་བཅུ་ལྷག་ལ་འདྲིས་པའི་ཁྱིམ་མཚེས་ཀྱི་འདང་བརྩེར་བསམས་ནས་རང་གི་བུ་ཕྲུག་ལེགས་སྐྱེས་སུ་ཕུལ་བྱུང་། འོན་ཀྱང་བགྲེས་པོ་མིག་དམར་གྱིས་ད་ནངས་ཚ་ཞང་གི་ལུས་ནས་བྱུང་བའི་རྟགས་དང་རྟེན་འབྲེལ་དེ་བསམས་ནས་བྱིས་པ་ལེན་སྟབས་མ་བྱུང་། ཡིན་ན་ཡང་། ཁོས་དབང་མེད་ལ་མི་རིང་བ་ན་རང་རེ་ལའང་བྱིས་པ་ཡོད་པར་འགྱུར་བ་མ་ཡིན་ནམ་ཞེས་ཁ་གྲག་ཐུབ་བམ། ཁོའི་རྒན་མོ་ནི་ལོ་ངོ་བདུན་ཅུ་ཐལ་བའི་བགྲེས་མོ་ཞིག་ཡིན་པས་སུས་མི་ཤེས་ཨང་། 

དབང་མེད་ཚང་ཆུ་ཚོད་གཉིས་ཙམ་ལ་སོང་མཐར། རི་རྟིང་གི་དེའུ་འབུར་གྱིས་ཁྱབ་པའི་བྱེ་ཁུལ་ནས་རི་རྐེད་ཅིག་གི་དཀྱོགས་ལམ་བརྒལ། ལམ་བར་དུ་བཟའ་མི་ཚོས་ཨ་རག་འཐུང་བ་དང་འདྲ་བར་རྐང་ཚུགས་མི་བརྟན་ཅིང་མཚམས་མེད་པར་ཁྱ་རེ་ཁྱོ་རེ་བྱེད། ཚེ་རྡོ་རྒྱལ་གྱི་མགོ་ཐོག་གི་འདིང་སྟན་ཡང་རྐང་འོག་ཏུ་འགྲིལ་བ་དང་། བགྲེས་པོས་རྦབ་ཆུའི་འགྲམ་དུ་སྐད་བརྒྱབ་ནས་སེམས་ཆུང་གིས་འགྲོ་བར་སྐུལ་བཞིན་ཡོད་ལ། དབང་མེད་ཁ་ཕྱིར་འཁོར་ནས་ལག་པ་གཡུག་པར་རྩོམ་སྐབས་སླར་ཡང་རྡོག་འགྲེད་ཤོར་ནས་ས་ལ་འགྱེལ།

ཟླ་བཟང་གཉིད་ལས་སད་དུས། ཁོས་རང་ཉིད་ཁྱིམ་གཞན་དུ་ཉལ་འདུག་པ་དང་རྒན་རྒོན་གཉིས་ཀྱིས་གཉེར་མས་ཁྱབ་པའི་སྣ་མདོ་ཕལ་ཆེར་ཁོའི་འགྲམ་པར་ཐུག་ལ་ཁད་དུ་རང་ལ་ཅེར་ཏེ་འདུག་པ་མཐོང་བྱུང་།

“ངའི་ཨ་ཕ་གང་ལ་སོང”ཁོས་དེ་ལྟར་དྲིས།

རྒན་རྒོན་གཉིས་ཀྱིས་ལུས་པོ་སྲོང་ཙམ་བྱས་ཏེ་ཕན་ཚུན་ལ་རིག་རིག་ཏུ་ལྟ་བ་ལས་ཅི་ཞིག་བཤད་རྒྱུ་མ་ཤེས། 

“ཁོ་ཚོས་ང་རང་སྒོར་ཁང་དུ་བསྐྱུར་པ་ཨེ་རེད”ཁོས་མ་ཉེས་ཁ་གཡོག་གི་སྐད་ཅོར་ཅིག་བརྒྱབ་སྟེ་བགྲེས་པོའི་མཆན་འོག་ནས་ཤོར་ཏེ་འཕུར་བ་ལྟར་སྒོ་ཕྱིར་ཐོན་འོངས།  

ཚེ་རིང་རྒྱལ་མོ་ནི་ཚ་ཞང་ལ་མངལ་སྦྲུམ་ནས་ཟླ་གཉིས་འགོར་རྗེས་བཙས་པ་རེད། བཙས་ཉིན་དེར་ནམ་མཁའ་ནས་བདུད་རྩིའི་ཆར་བ་བབས་ཤིང་། འཕགས་པོ་གནས་སྒང་རི་ཁུལ་གྱི་ལུང་བའི་ནང་གི་སྙེ་མ་མིག་བླུག་གི་ཞིང་སའི་སྟེང་དུ་ཟགས། དེར་མཐུད་ནས་ནམ་མཁའི་མཐའ་ལ་འཇའ་ཚོན་རིང་མོ་ཞིག་བྲེས་ཏེ་བཀྲ་ཤིས་པའི་རྟགས་མཚན་ཤར། ཉིན་བཞི་འགོར་རྗེས། རྒན་རྒོན་གཉིས་ཀྱིས་ཁྱིམ་མཚེས་དང་གྲོགས་པོ་སོགས་ཀྱི་རྟེན་འབྲེལ་ཞུ་རྒྱུ་མེད་པའི་གནས་ཚུལ་འོག་ཏུ།  ཕྲུ་གུར་མནོལ་བསང་གཏོང་བའི་ཆོ་ག་བསྒྲུབས་པ་དང་། མཛུབ་གུས་རྩམ་པ་བརྫིས་ཏེ་ཚེ་རིང་རྒྱལ་མོའི་དཔྲལ་བར་སྦྱར་བར་མ་ཟད། སྒོ་མདུན་དུ་རྡེའུ་དཀར་སྤུངས་ཤིང་། རྡེའུ་ཕུང་གི་འགྲམ་དུ་ངད་རྩ་དང་ཤུག་ཕྲན་མེ་ལ་བསྒྲོན་ཞིང་། དེ་ནས་མོའི་གདོང་བ་དང་དཔྲལ་བ། སོབ་སོབ་ཏུ་གྱུར་པའི་སྐྲ་ལོ་སོགས་ཀྱི་སྟེང་དུ་བཀྲག་མདངས་འཕྲོ་བའི་མར་རྩི་རིམ་པ་ཞིག་བྱུགས་པ་དང་། མོ་རང་ལྷས་རར་ཁྱེར་འོངས་ཏེ་ཉི་མར་ལྡེ་རུ་བཅུག ན་སོ་ཡོལ་བའི་ཕ་མ་གཉིས་ཀྱང་སྐབས་འདིར་སྒོ་མདུན་གྱི་གྱང་རྩར་བསྙེས་ཏེ་ཚ་གདུགས་ཆེ་བའི་ཉི་འོད་འོག་ཏུ་གཉིད་ལྕོག་རྒྱག་བཞིན་འདུག བགྲེས་པོ་མིག་དམར་ནམ་ཞིག་ལ་གཉིད་ལས་དཀྲོགས་པའང་མ་ཤེས། ཁོས་ཟླ་བཟང་གིས་སྤང་ཐོག་ཏུ་བསྙལ་ཞིང་ད་དུང་སྐད་ཆ་ཡང་བཤད་མི་ཤེས་པའི་ཚེ་རིང་རྒྱལ་མོ་པང་དུ་བླངས་ནས་ཁ་རྩེ་བཞིན་པ་མཐོང་བ་དང་། ནག་བཙོག་གི་ལག་པས་མོའི་འཇམ་ཞིང་མཉེན་པའི་འགྲམ་པའི་རྫུན་ཀོང་ལ་རེག་བཞིན་ཁ་ནས་ཡང་དང་ཡང་དུ“ཁྱོད་ནར་སོན་ན་ངའི་ཆུང་མ་བྱེད་དགོས”ཟེར་བ་ཐོས། ཟླ་བཟང་གིས་ཀྱང་རྒན་རྒོན་གཉིས་ཀྱི་གཉིད་མ་སད་ཀྱི་མིག་མདངས་ཉོབ་པོས་རང་ལ་ལྟ་བ་མཐོང་མ་ཐག་མྱུར་དུ་ཚེ་རིང་རྒྱལ་མོ་ས་ལ་བསྙལ་ནས་ཁ་ཟས་རྐུ་བའི་ཞི་ལ་ཞིག་དང་འདྲ་བར་གནམ་ལྡིང་ས་ལྡིང་གིས་བྲོས་སོང་། རྒན་རྒོན་གཉིས་ཀྱིས་ཟླ་བཟང་རི་འདབས་ཀྱི་འབྲོམ་སྟོད་དུ་གནས་སྤོ་བའི་ཁྱིམ་མི་ཚོའི་རྗེས་མ་བསྙེགས་པར། ཉེ་འདབས་ཀྱི་ས་ན་ཁེར་རྐྱང་གི་འཚོ་བ་རོལ་གྱིན་པ་ཤེས་ཡོད། འོན་ཀྱང་གནས་འདི་གར་གཞན་པའི་དུད་ཁྱིམ་གཅིག་ཀྱང་མེད་པས་རྒན་རྒོན་གཉིས་ཀྱིས་ལོ་བཅུ་ལྷག་ཙམ་གྱི་བྱིས་པ་ཞིག་གིས་འཚོ་བ་ཇི་ལྟར་སྐྱོང་ཚུལ་ག་ལ་ཤེས། 

དབང་མེད་ཚང་གནས་འདིར་ཁ་བྲལ་བའི་ཕྱི་ཉིན། མིག་དམར་གྱིས་སྒོ་ཕྱིར་བུད་པ་ཙམ་ནས་སྒོར་ཁང་ནི་ཞག་གཅིག་གི་རིང་ལ་མི་མེད་ཐང་སྟོང་དུ་གྱུར་ཏེ་གང་སར་གྱང་ཆག་གིས་ཁེབས་པ་མཐོང་ཞིང་། ལོ་ངོ་དུ་མའི་རིང་དུ་མི་ཁྱིམ་བསྡད་མ་མྱོང་བའི་འཇམ་ཅག་ཅག་དང་སྟོང་ཤིག་ཤིག་གི་རི་སྡེ་ཞིག་དང་ཀུན་ནས་མཚུངས་པ་རྟོགས། དབང་མེད་ཚང་གི་སྒོ་མདུན་དུ་ལོ་མང་པོའི་རིང་གི་སྡོམ་རྒྱ་སྐྱ་བོ་གང་སར་བྲེས་འདུག་ཅིང་། སེར་ག་མང་པོ་གས་པའི་སྒོ་རུ་ནི་བརྟན་ཚུགས་ཤོར་བའི་ཤིང་རུལ་དུ་གྱུར་འདུག དྲལ་རྩྭ་དང་རྒྱུག་པ། མཁྲེགས་ས་བཅས་ཀྱིས་མནན་པའི་ཁང་ཀླད་ཀྱི་དཀྱིལ་ནས་ས་གོར་མ་ཞིག་བརྡིབས་ཤིང་། ཙི་གུ་མང་པོ་ཁང་བའི་ནང་དང་དྲ་མའི་ཁ་ན་ཡར་འགོ་མར་འབབ་བྱེད་ཀྱིན་འདུག ཡིན་ན་ཡང་། ཉི་མ་ནུབ་རིར་ཡོལ་ལ་ཉེ་སྐབས། སྔོན་ཆད་སྦྲུལ་ལྷ་རི་བོའི་ཕག་རྒྱབ་ཀྱི་ནགས་རྫུབས་འབའ་ཞིག་ཏུ་གནས་འཆའ་ཞིང་། མགོ་བོ་ཕྲ་ཞིང་ལུས་པོ་རིལ་བ། མྱུར་སྐྱེན་མེད་པའི་བྱ་ཝང་ཁྱུ་ཚོགས་དེས་མཇུག་མ་སྔོན་པོ་དྲུད་དེ་འཕང་མཐོན་པོས་འཕུར་ཏེ་སྒོར་ཁང་དུ་བབས་ཡོང་། དེ་ཚོས་སྒྲོབ་ཉམས་ཆེན་པོས་ཕན་ཚུན་ལ་ཀོ་ཀོ་ཞེས་བརྡ་སྤྲོད་པ་དང་། མི་ཡི་རྗེས་ཤུལ་མེད་པའི་མཁར་རོའི་ནང་དུ་རྒུམ་བུ་འཚོལ་ཞིང་། དེར་མཐུད་ནས་རི་ངོས་ནས་ཀྱང་སྐྲག་སྐྲག་འདར་འདར་བྱེད་ཅིང་རྣམ་རྟོག་གི་རྣ་གཤོག་ཅོར་ཅོར་དུ་སྒྲེང་བའི་རི་བོང་སྐྱ་བོ་དང་ཁམ་ནག་འགའ་མཆོངས་ཡོང་ལ། ཡང་བྲག་རྡོ་མཐོན་པོ་ཞིག་གི་གཡས་གཡོན་ནས་གླ་བོ་གཉིས་སྐྱེན་རྩལ་ལྡན་པའི་ངང་ལྡིང་འོངས་པ་དང་། ལུས་ནས་གླ་རྩིའི་བསུང་ངད་ལྡང་ཞིང་མིག་མདངས་ནི་ཐོག་མའི་དུངས་ཞེན་གྱིས་བཅངས་པའི་ན་ཆུང་མ་དང་འདྲ་བར་ནོངས་པ་དང་བརྩེ་བས་ཁེངས་ཤིང་། དྭངས་བསིལ་གྱི་ཆུ་མོའི་འགྲམ་དུ་ཕྱིན་ནས་སྒོར་ཁང་གི་ལྐོག་གྱུར་གྱི་དྲི་མ་ཡང་ནས་ཡང་དུ་རྔུབ་བཞིན་དུ་མགུལ་བ་ཀྲོག་ཀྲོག་ཏུ་བཏེགས་ཏེ་རྒྱའི་སྲས་མོའི་རྒྱགས་ཉམས་ལྟ་བུ་ཞིག་སྟོན་པར་བྱེད། དེ་ནས་བཟུང་། ཉིན་རེའི་ཉི་མ་ཤར་ནུབ་གཉིས་ཀྱི་ཆར་སྒོར་ཁང་ནི་སྲོག་ཆགས་དེ་དག་གི་བདེ་འཇགས་ཀྱི་བཏུང་བ་བརྟེན་སའི་གནས་སུ་གྱུར།(མུ་འགོད)

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།