ཀྲུང་གོ་བོད་ཀྱི་དྲ་བ།

རི་མགོ་མཐོན་པོའི་ཉི་མ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བཀྲ་ཤིས་དཔལ་ལྡན་གྱིས་བརྩམས།   སྤེལ་དུས། : 2021-08-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གཅིག

དེ་ཡང་སྔོན་གྱི་དུས་སུ་སློབ་དཔོན་རིན་པོ་ཆེས་གནོད་སྦྱིན་གང་བཟང་གི་རྩེ་ནས་རྗེ་འབངས་ཉི་ཤུ་རྩ་ལྔར་བདུད་རྩིའི་བྱིན་རླབས་གནང་བའི་ཚེ། བདུད་རྩི་ཐིགས་པ་གཅིག་ལྷུང་བ་དེ་མྱང་གསེར་གཞུང་རིང་མོར་འདྲེས་པ་ནས་བཟུང་གསེར་རྟ་རྔ་ཙམ་ཞིག་ཆད་མེད་དུ་ཡོད་པའི་བྱིན་རླབས་དེ་མྱང་ཆུའི་གཡས་གཡོན་གྱི་ལུང་གཞུང་དུ་གནས་པའི་མི་ལ་མྱོང་སྐལ་ཡོད་ནའང་དེའི་གཡས་གཡོན་གྱི་རི་དབྲག་དང་རི་བོའི་ཟོམ་དུ་གནས་པའི་ཕུ་པ་རྣམས་ལ་མཚོན་ན་ལྟ་སྐལ་ལས་མྱོང་སྐལ་མེད། ཡིན་ན་ཡང་ཁོ་ཚོ་མདའ་པ་རྣམས་དང་འདྲ་བར་འཇིག་རྟེན་སྐྱིད་གསུམ་སྡུག་གསུམ་གྱི་འཚོ་བ་སྐྱེལ་བཞིན་ཡོད་ལ། ཁོ་ཚོའི་བཞིན་ལས་མངོན་པའི་དགའ་སྤྲོའི་འཛུམ་མདངས་དང་སྐྱོ་སྣང་གི་གཉེར་རིས་དེ་མདའ་པ་ཚོ་ལས་ཉུང་བ་གཏན་ནས་མིན།

གཞུ་ལྟར་གུག་པའི་རི་བོའི་འདབས་སུ་ཆགས་པའི་གྲོང་ཚོ་དེ་ནི་ཕུ་པའི་གྲས་ཀྱི་གྲོང་ཚོ་ཞིག་ཡིན། གྲོང་ཚོ་དེ་ནས་ད་ནངས་ཞོགས་པ་རྟ་གསར་ཟག་པར་བཞོན་པའི་སྐྱེས་པ་ཞིག་ཕྱིར་ཐོན་པ་དེའི་མིང་ལ་པ་སངས་ཚེ་རིང་ཟེར། དེ་ནི་གྲོང་ཚོ་དེའི་ཁྱིམ་ཚང་སྡེ་ནུབ་ཅེས་པ་དེའི་བུ་རྒན་མགོ་ཡིན། ཁོ་རང་རྟར་བཞོན་ནས་ཉིན་ཕྱེད་ཙམ་ལ་བསྐྱོད་རྗེས་ལུང་ཤུར་ཞིག་གི་མདོར་ཆགས་པའི་གྲོང་ཚོ་གཞན་ཞིག་ཏུ་འབྱོར་པ་དང་གྲོང་ཚོའི་ནུབ་ངོས་ཀྱི་བསམ་ཁང་ཞེས་པའི་ཁྱིམ་ཚང་ཞིག་གི་སྒོ་ནས་རྟ་ལས་བབས། ཉིན་གུང་གི་གྲོང་ཚོ་ནི་སོས་ཀའི་ཉི་མ་ཚ་པོའི་འོག་གི་རྟ་ཆད་བཞིན་ཉོབ་མདངས་དང་བཅས་འཇམ་ཐིང་ངེར་གནས་པ་དང་། སྐབས་སྐབས་ལ་བྱ་སྐད་རིང་པོ་རེ་ཐོས་ཐུབ།

ཟླ་བ་ཕན་ཐོགས་དང་ཕུར་བུ་མཚམས་གཅོད་གཉིས་ཞིང་ཁར་ཡུར་མ་ཡུར་དུ་སོང་ནས་ཡུལ་དུ་མེད་ནའང་། ཟླ་བ་ཕན་ཐོགས་ཀྱི་ཨ་མ་ཉི་མ་སྒྲོལ་དཀར་དང་། པ་ཆུང(པ་ཕ་ཆུང་བའམ་ཨ་ཁུ་ལ་ཟེར)བསྡད་ཡོད་པས་པ་སངས་ཚེ་རིང་དེ་གར་འབྱོར་པ་ཤེས་འཕྲལ་ཁོ་ལ་རྟ་སྒྲོ་འབོགས་རོགས་བྱས། པ་ཆུང་གིས་རྟ་ཕོ་བྲེས་ལ་བཏགས་ཏེ་གཟན་ཆག་བྱིན། ཨ་མས་པ་ཚེ་ནང་དུ་བསུས་ཤིང་མདའ་ཡབ་ཀྱི་འོག་ཏུ་གདན་བཏིངས་ཤིང་ཇ་ཆང་དྲངས་ནས་སྣེ་ལེན་བྱས། ཕྲུ་གུ་ཆུང་ཆུང་ཞིག་གིས“ཨ་ཞང་ལགས”ཞེས་གྲུ་མོས་པ་སངས་ཚེ་རིང་གི་པུས་མོ་མནན་ཏེ་བསྡད་པས་ཁོས་ལམ་སང་རྟ་སྒྲོ་ལས་བག་ལེབ་ནག་བྲད་དཀྱིལ་ལ་མཛུབ་མོ་ཐར་ཙམ་གྱི་ཨི་ཁུང་ཡོད་པ་ཞིག་བཏོན་ཏེ་ཕྲུ་གུ་དེ་ལ་བྱིན། ཕྲུ་གུའི་སྤོ་བོ་གཞོན་པས་མཐོང་འཕྲལ་ཕྲུ་གུ་དེ་ལ་མིག་ལོག་ཅིག་བལྟས་ཤིང་ཁ་ནས“ཨ་ཞང་ལགས་ཚོ་ཕེབས་ཐེངས་རེར་ལྟོགས་སླ(རེ་བ)དེ་འདྲ་བྱས་ན་ངོ་ཚ་གི་མ་རེད་དམ”ཞེས་བཤད་པས་ཕྲུ་གུ་དེས་བག་ལེབ་ཁྱེར་ནས་ཕྱི་ལ་ཐོན།

ཨ་མ་ཉི་མ་སྒྲོལ་དཀར་གྱིས་པ་ཚེ་ལ་ཆང་གསུམ་སྒྲོན་བཏགས་ཏེ“དེ་རིང་ཨ་ཞང་ཆེན་མོ(ཚ་བོའི་ཁ་རྒྱུན་ལྟར་བོས)ཕེབས་པ་ཤིན་ཏུ་ལེགས། ད་རེས་ཨ་ཞང་ཆེན་མོར་གཏམ་བཟང་ཞུ་རྒྱུ་ཡོད། བཞེས་དང་། ཨ་ལ་གསུམ་སྒྲོན་མཉེས་དག་བཞེས་དང་། བུ་མོ་གཉིས་ལོག་ཡོང་ལ་ཁད་ཡོད་པས་ཟླ་ཕན་སླེབས་ན་གཏམ་བཟང་དེ་མོ་རང་ལ་བཤད་དུ་འཇུག་གི་ཡིན”ཞེས་དགའ་ཚོར་ཆེན་པོའི་ངང་ནས་བཤད།

ཟླ་བ་ཕན་ཐོགས་ཕ་མིང་གི་ཁྱིམ་དུ་བསྡད་ནས་ཟླ་ཤས་སོང་བའི་རིང་ལ་བུ་སྤུན་གསུམ་དང་བུ་སྤུན་གསུམ་གྱི་ཕ་ཁུ་ཚོས་རེས་སྐོར་གྱིས་མོ་ལ་བཟའ་བཏུང་བསྐྱལ་ནས་ལྟ་བར་ཡོང་བ་དང་། བུ་སྤུན་ཚོ་སྐབས་འགར་ཞག་སྡོད་ཀྱིས་བཟའ་ཚང་གི་འཚོ་བ་སྐྱེལ་གྱི་ཡོད། པ་སངས་ཚེ་རིང་རང་ཉིད་ཀྱང་ཧ་ལམ་ཟླ་རེར་ཐེངས་རེ་ཡོང་མྱོང་མོད། ད་ཐེངས་མ་གཏོགས་ཟླ་ཕན་གྱི་ཨ་མས་དགའ་ཚོར་ཆེན་པོ་དེ་འདྲ་བྱས་མ་མྱོང་བས་ཁོ་ཡ་མཚན་སྐྱེས་པ་དང་སྦྲགས་སེམས་ལང་ལོང་དུ་གཡོས་པས་གཏམ་བཟང་ག་རེ་ཡིན་ནམ་སྙམ་སྟེ་ལམ་སང་ཤེས་འདོད་ཀྱི་བློ་དྲག་པོ་སྐྱེས། ཁོས་ཆང་ཕོར་ནང་གི་ཆང་ཞབས་དག་བརྒྱབ་པ་དང་ཡར་ལངས་ཏེ“ཁོང་གཉིས་ད་ལྟ་གང་དུ་ཡོད་དམ”ཞེས་དྲིས།

ཨ་མ་ཉི་མ་སྒྲོལ་དཀར་གྱིས“ཞོགས་པ་ཐོན་འཕྱིས་ནའང་ཉིན་གུང་དྲོས་ཇ་འཐུང་རྒྱུ་ཡིན་པས་ཡོང་ལ་ཁད་ཡོད་ཀྱི་རེད། སྔོན་ལ་མཆོད་ཆང་བཞེས་ཏེ་ཕྲན་ཙམ་སྒུགས་དང”ཞེས་ཟེར་བཞིན་པའི་སྐབས་སུ་ཕྲུ་གུ་དེ་ཡར་བརྒྱུགས་འོངས་ནས“ཨ་མ་དང་ཨ་ནེ་ཡོང་གི་འདུག”ཅེས་བཤད་བྱུང་། པ་སངས་ཚེ་རིང་ལམ་སང་ཕྱིར་ཐོན་ནས་བལྟས་པ་ན་ཟླ་ཕན་དང་རང་གི་གཅུང་མོ་ཕུར་མཚམས་ཁང་པའི་མདུན་ནས་ཚུར་ཡོང་གི་ཡོད་པ་དང་། ཁོ་གཉིས་ཀྱིས་རྩྭ་སྔོན་སྨྱུག་སླེ་གང་རེ་རྒྱབ་ལ་ཁུར་འདུག  གཉིས་ཀས་མགོ་རས་ལྗང་ཁུ་རེ་སྐེ་ལ་དཀྲིས་ཤིང་། རྐང་པར་འགྱིག་འཇུར་རེ་དང་ལུས་ལ་སྣམ་བུའི་ཕྱུ་པ་ལྷན་པ་ཐར་ཐོར་ཡོད་པ་རེ་གྱོ ན། གཅུང་མོ་ཕུར་མཚམས་ཀྱིས་གཞི་སྔོན་པོ་ལ་མེ་ཏོག་སིབ་སིབ་བརྒྱབ་པའི་འོག་འཇུག་ཅིག་གྱོ ན་ཡོད་ཅིང་། ཁོ་གཉིས་ཀྱི་གོམ་པའི་འདེགས་འཇོག་དང་བསྟུན་ནས་འོག་འཇུག་གི་ཕུ་ཐུང་ལྷབ་ལྷུབ་བྱེད་པ་དང་སྒལ་པའི་སྨྱུག་སླེ་ཡ་ཡོར་གཡོ།

ཕུར་མཚམས་ཀྱིས་མགོ་རས་ཀྱི་ཟུར་དེས་བཞིན་གྱི་རྔུལ་ཆུ་འབྱིལ་བཞིན“ཨ་ཇོ་ཁྱོད་རང་ལམ་ནས་འགྲོ་བ་ངེད་གཉིས་ཀྱིས་ཞིང་ཁ་ནས་མཐོང་བྱུང”ཟེར་བ་དང་པ་སངས་ཚེ་རིང་གིས“ཡིན་ན་ཡང་ངས་དོ་སྣང་མ་བྱུང”ཞེས་ཟེར་བཞིན་མོའི་ཁུར་པོ་འབོགས་རོགས་བྱ་རྩིས་བྱེད་སྐབས་ཕུར་མཚམས་ཀྱིས“ང་སྣང་དག་མི་འདུག ཅེས་ལགས(མནའ་མར་འབོད་སྟངས)ལ་རོགས་གྱིས་དང”ཟེར། ཟླ་ཕན་གྱི་དཔྲལ་བར་རྔུལ་ཆུའི་དོག་པ་འདྲིལ་བཞིན་ཡོད་པ་དང་། སླེ་བོས་སྟོད་ནས་མནན་པ་དང་སླེ་ཐག་གིས་དཔུང་པ་བསྡམས་པའི་དབང་གིས་ངོ་གདོང་དམར་སྨུག་ཏུ་གྱུར་འདུག ཁོས་དེ་དག་མཐོང་ནས་མོའི་དཔྲལ་བའི་རྔུལ་ཆུ་རང་གི་ཕུ་ཐུང་གིས་འབྱིལ་བར་འདོད་ནའང་གཅུང་མོའི་མདུན་དུ་དེ་ལྟར་བྱེད་མ་ཕོད། ཟླ་ཕན་གྱིས་ཁུར་པའི་རྩྭ་སྔོན་ཕུར་མཚམས་ལས་ཉུང་ན་ཡང་ཁོས་བྲང་དང་ལག་པས་མོའི་སྨྱུག་སླེ་རྟེན་བཞིན་སླེ་ཐག་འགྲོལ་དུ་བཅུག་པ་དང་སླེ་པོ་ས་སྟེང་དུ་འཇོག་བཞིན“ཨ་ཙི། ལྗིད་པོ་འདུག”ཅེས་སྨྲས།

ཟླ་ཕན་གྱི་བཞིན་ལ་ཤ་རྟགས་ཐར་ཐོར་འཁོར་ཡོད་ནའང་ལུས་དང་བཞིན་གྱི་ཤ་དག་རྒྱས་ཡོད་པ་མངོན་གསལ་ཡིན་པ་དང་དེ་བས་མཛེས་སྡུག་ལྡན་པར་གྱུར་ཡོད་ཅིང་། པ་ཚེས་མོའི་བཞིན་ལ་ལྟ་བཞིན་འོད་ཆེམ་ཆེམ་གྱི་མིག་འོད་ལས་གཏམ་བཟང་དེ་མཐོང་ཨེ་ཐུབ་ལྟ་བའི་ཚེ། མོའི་བཞིན་ལས་རྣམ་ཀུན་དང་མི་འདྲ་བའི་འཚེར་སྣང་ངམ་ངོ་ཚ་སྣང་གི་རྣམ་པ་ཞིག་མངོན་ཡོང་བ་དང་། རེ་ཞིག་ཁ་བྲལ་ནས་བསྐྱར་དུ་འཕྲད་སྐབས་སེམས་པ་ལང་ལོང་གཡོ་བའི་བཟའ་ཚང་གསར་བའི་དུས་ཀྱི་ཚོར་སྣང་ཞིག་ལྷང་ངེར་སྐྱེས།

ཨ་མ་ཉི་མ་སྒྲོལ་དཀར་གྱིས་བུ་མོ་གཉིས་དང་པ་ཚེ་ལ་ཇ་ཆང་བླུགས་པ་དང་སྦྲགས་ཁང་རྒྱབ་ཀྱི་ཚལ་ཞིང་ལས་ད་ལྟ་བཏོག་མ་ཐག་པའི་སྔོ་ཚོད་བཀྲུས་ནས་སྣུམ་ལ་བརྔོས་ཚར་རྗེས་འགྲུལ་བ་དང་ལས་ཀ་པ་ཚང་མ་ལྟོགས་ཡོད་ཀྱི་རེད་ཅེས་ཐང་ཁུག་ཆེན་པོ་ཞིག་གི་ནང་དུ་སྤག་གཡོས། པ་ཚེས་གཏམ་བཟང་དེ་ལམ་སང་ཐོས་པའི་རེ་བ་བྱས་ནའང་། ཟླ་ཕན་གྱིས་ཁོ་ལ་རྐང་བཙུགས་ནས་ཀུ་རེ་རྩེས་ཏེ་ཁོ་སེམས་འཚབ་ཏུ་འཇུག་པ་བཞིན་ད་དུང་ཅི་ཡང་མ་སྨྲས་ལ་ཨ་མ་ཉི་སྒྲོལ་ཡང་བཟའ་བཏུང་གྲ་སྒྲིག་གི་བྲེལ་བ་ལ་ཞུགས་པ་ལས་དོན་དེའི་སྐོར་བསྐྱར་དུ་མ་གླེང་།

ཁོ་ཚོས་སྤག་ཟ་སྐབས་པ་སངས་ཚེ་རིང་གིས་སྔོན་ལ་ཟླ་ཕན་གྱི་མགོ་ཡུ་འཁོར་བའི་ནད་གཞི་དྲག་ཏུ་སོང་ཡོད་མེད་དྲིས་པ་དང་། དེ་ནས་བ་མོ་ཀླུ་དཀར་ལ་བེའུ་ཕོ་ཞིག་སྐྱེས་ལུགས་དང་། རྫ་ཆས་ཅི་ཙམ་བཟོས་ཚར་ཚུལ། དེ་བཞིན་ཁྱིམ་གྱི་གནས་ཚུལ་གཞན་དག་བཅས་མང་བོ་ཞིག་བཤད། ཟླ་ཕན་གྱིས“ཀླུ་དཀར་གྱི་འདི་ལོའི་བེའུ་དེ་མོ་ཡིན་ན་ཡག་པོ་གང་འདྲ་མ་རེད་དམ། ས་རྒྱ་ཆེན་པོ་མེད་པས་གླང་གོག་མང་བོས་ཅི་བྱེད”ཅེས་བཤད། ཟླ་ཕན་གྱི་ཨ་ཁུས“གླང་གོག་ཀྱང་བཙོང་ཆོག་གི་རེད”ཅེས་བཤད། ཕུར་བུ་མཚམས་གཅོད་ཀྱིས་རྒྱུས་མངའ་ཆེན་པོས“འོ་ན་འདི་ལོ་བོང་མ་ལ་རྟེའུ་སྐྱེ་རྒྱུ་མེད་པ་ཡིན་གྱི་རེད”ཅེས་དྲིས་པར། པ་ཚེས“མོ་ལ་འདི་ལོ་རྟེའུ་ཞིག་སྐྱེ་ན་སེར་བྱ་ཁོའི་རྒས་ཚབ་ཅིག་ཡོང་གི་རེད་སྙམ་བྱུང་ཡང་འདི་ལོ་རྟེའུ་སྐྱེས་མ་བྱུང”ཞེས་བློ་ཕམ་མདོག་བསྟན།

ཟླ་ཕན་གྱི་ཨ་ཁུས“བོང་བུ་ཞིག་ཉོ་མི་ཐུབ་པ་རང་ད་ཡོད་ཀྱི་མ་རེད། ཉོས་ན་སླར་ཡང་རུ་ཁག་ལ་དངུལ་སྤྲོད་དགོས་པ་མ་རེད་དམ། ཕངས་པོ་བྱས་པ་རེད”ཟེར།

“ཨོ་ལོ།(རང་གི་བུ་མོ་ལ་གཅེས་པོས་འབོད་སྟངས)ད་ཨ་ཞང་ཆེན་མོ་ལ་ཤོད་ཅིག ངས་ད་ལྟ་གཏམ་བཟང་ཞུ་རྒྱུ་ཡོད་ཅེས་ཞུས་པ་ཡིན། སོ་སོའི་བཟའ་ཟླ་ལ་བཤད་མི་བདེ་བ་ག་རེ་ཡོད་དམ”ཞེས་ཨ་མ་ཉི་སྒྲོལ་གྱིས་དྲན་སྐུལ་བྱས། དེ་མ་ཐག་ཟླ་ཕན་གྱི་བཞིན་མཚམས་སྤྲིན་དམར་པོའི་ཁུ་བས་བྱུགས་པ་ལྟར་གྱུར་པ་དང་། པ་ཚེ་ལ་དུངས་པའི་མིག་གིས་ལྟ་ཙམ་བྱས་རྗེས་སླར་ཡང་རང་གི་ཨ་མ་ལ་བལྟས་ཏེ“ང་ད་དུང་བློ་བདེ་གི་མི་འདུག”ཅེས་ཐེ་ཚོམ་བྱས། པ་སངས་ཚེ་རིང་ནི་ཁོ་ཚོའི་ལྐོག་སིད་སིད་ཀྱི་བྱེད་སྟངས་ཀྱིས་དེ་བས་སེམས་འཚབ་པ་དང་ཤེས་འདོད་ཀྱི་བསམ་པ་དྲག་པོ་འཕྱུར་ཡོང་གི་ཡོད་པས“ཨ་མ་ལགས། ཁྱེད་རང་གིས་གསུངས་དང”ཞེས་རེ་བ་བཏོན།

ཨ་མ་ཉི་སྒྲོལ་གྱིས“ད་ནི་ཟླ་བ་བཞི་སོང་ཟིན་པས་སེམས་ཁྲལ་བྱ་དགོས་མ་རེད”ཅེས་དང་། པ་ཚེ་ལ་ཕྱོགས་ཏེ“ཨོ་ལོ་ལ་གཟུགས་པོ་འཁོར་ནས་ཟླ་བ་བཞི་སོང་ཚར་འདུག འོན་ཀྱང་དེ་ནི་ཁྱེད་ཚོར་གསང་བ་བྱས་པ་མིན། ཨོ་ལོ་མོ་རང་ལ་དོགས་པ་ཡོད་པས་བློ་མ་བདེ་བར་ང་ལའང་ཉེ་ཆར་བར་བཤད་མ་བྱུང་། ད་ཡིན་ན་སྟབས་ལེགས་སོང་། མིའི་ཁྱིམ་ཚང་གི་རུས་རྒྱུད་ཆད་དོགས་སེམས་ཁྲལ་བྱ་དགོས་བྱུང་མ་སོང་། དེ་སྔོན་ཁྱེད་ཚོ་ལྟ་ཅི། ང་ཚོ་རྒན་པ་ཚོ་ཡང་བློ་མ་བདེ་བར་གཉིད་ཐེབས་མང་བོ་བཅག་བྱུང་། ད་ཡིན་ན་བློ་བདེ་སོང”ཞེས་ཧ་ལམ་རྡོག་ཁྲེས་ཆེན་པོ་ཞིག་ཕབ་ཟིན་པ་ལྟར་བློ་ཁ་ཁེངས་པའི་ངང་སྨྲས།

གཉིས།

པ་སངས་ཚེ་རིང་གི་ཁྱིམ་མིང་ལ་སྡེ་ནུབ་ཟེར་བ་དང་བསམ་ཁང་ཡོད་སའི་གྲོང་ཚོ་དང་ཐག་མི་རིང་བའི་རི་ཟུར་ཞིག་གི་ཁུག་ཏུ་ཡོད། དེ་ནི་རྒྱུ་ཞན་ལ་ས་རྒྱ་ཆུང་བས་ལོ་རེའི་བཟའ་འབྲུ་ཡང་འགན་ལེན་ཡག་པོ་ཐུབ་ཀྱི་མེད། འོན་ཀྱང་དེ་ཁུལ་ནས་རྫ་ས་སྤུས་དག་ཐོན་པ་དང་སྦྲགས་མི་ཐོག་ནས་མི་ཐོག་བརྒྱུད་པའི་རྫ་བཟོའི་ལག་རྩལ་ཡག་པོ་ཡོད་པ་དང་དེ་ཁུལ་ནས་ཐོན་པའི་རྫ་ཆས་ལ་དབུས་གཙང་གང་སར་སྐད་གྲགས་ཡོད་པས་རྫ་ཆས་ཐོན་སྐྱེད་བྱ་རྒྱུ་དེ་ཁོ་ཚོའི་འཚོ་རྟེན་གཙོ་བོ་ཞིག་ཏུ་གྱུར་ཡོད། སྡེ་ནུབ་ལ་ཕ་ཁུ་གཉིས་ཡོད་པ་དང་ཨ་མ་འཇོན་ཐང་ཅན་ཞིག་ཡོད་པས་སྔ་མོ་ནས་ཁྱིམ་གྱི་འཚོ་བའི་རྨང་གཞི་དེ་གྲོང་ཚོའི་ནང་ལས་ལེགས་ཤོས་ཀྱི་གྲས་ཡིན་པའི་ཁར། ད་ཆ་ཕྲུ་གུ་བུ་བཞི་དང་བུ་མོ་གཅིག་ཡོད་པ་ཚང་མ་འཚར་ནས་བུ་མོ་མནའ་མར་སོང་བ་དང་བུ་ཆུང་བ་སློབ་གྲྭར་འགྲོ་བཞིན་པ་ཕུད་དེ་བྱིངས་ཚང་མ་ངལ་རྩོལ་ནུས་ཤུགས་ཡིན། ལོ་ཤས་ཀྱི་རིང་སྒེར་གྱིས་རྫ་བཟོས་ཏེ་འཚོང་རྒྱུ་ཡོད་པས་དེ་བས་ཀྱང་འཚོ་བ་དང་ཆ་རྐྱེན་ཐད་མི་གཞན་གྱི་སྨོན་ཡུལ་དུ་གྱུར་ཡོད།

ཟླ་བ་ཕན་ཐོགས་སྡེ་ནུབ་ཀྱི་མནའ་མར་བསུས་ནས་ལོ་ཤས་སོང་བ་དང་། ཁྱིམ་གྱི་བུ་ཚང་མ་མོའི་བཟའ་ཟླ་ཡིན། དེ་དག་ལས་བུ་རྒན་པ་པ་སངས་ཚེ་རིང་དེ་སྔོན་ཀུང་ཧྲེའི་འཕྲལ་སྒྲུབ་རུ་ཁག་ཏུ་འགྲོ་སྐབས་མཐོང་མྱོང་བ་ལས་བུ་གཞན་དག་གིས་མཐོང་མ་མྱོང་ལ། པ་སངས་ཚེ་རིང་དང་ཡང་འདྲིས་གཤིབ་མེད་པས་སེམས་ཤོར་མྱོང་མེད་ལ་ཀུ་རེ་ཙམ་ཡང་རྩེས་མ་མྱོང་། གཉེན་དོན་དེ་ནི་རྦད་དེ་ཁྱིམ་ཚང་གཉིས་ཕན་ཚུན་གྲོས་བྱས་ཏེ་ཟླ་བ་ཕན་ཐོགས་སྡེ་ནུབ་ཀྱི་མནའ་མར་བསླངས་པ་དང་པ་ཚེའི་གཅུང་མོ་ཕུར་བུ་མཚམས་གཅོད་བསམ་ཁང་གི་མནའ་མར་བཏང་སྟེ་བུ་མོ་གོ་བརྗེ་བརྒྱབ་པ་ཞིག་ཡིན། དེ་ལྟར་ནའང་བུ་ཆུང་ཤོས་དེ་ཕུར་མཚམས་ལས་ཀྱང་ཆུང་བ་ཡོད་པ་དང་སློབ་གྲྭར་འགྲོ་བཞིན་པ་ཕུད་དེ་མིན་བུ་གསུམ་པོ་དང་མཐུན་ཐག་ཆོད་ཡོད། ལྷག་པར་དུ་བུ་གཞོན་པ་ཚང་མ་མོ་ལས་ལོ་གཞོན་པ་ཡོད་པས་ཚང་མས“ཅེས་ལགས(མནའ་མར་འབོད་སྟངས)དང་ཅེས་ལགས”ཞེས་མཛའ་གཅུགས་དང་གུས་བཀུར་ཟུང་ལྡན་གྱི་ཐོག་ནས་མོ་ལ་བརྩི་བཀུར་བྱེད་པར་མ་ཟད། མོ་རང་གཟུགས་བྱད་མཛེས་ལ་སྤྱོད་ཚུལ་སྤམ་པ་དང་ཕ་ཁུ་སྒྱུག་མོ་དང་བཅས་པར་བརྩི་བཀུར་ཆེ་བ། ཁྱིམ་ཚང་ནང་དུ་ལས་ཀ་འཇོན་ཞིང་བསྟན་བཤིག་ཚ་ཤོས་དང་རྐང་བྲོ་གླུ་གཞས་ལ་མཁས་པའི་སྤྲོ་སྣང་གི་རྣམ་པས་ཁེངས་པ་ཞིག་ཡིན་པས་ཕ་ཁུ་རྣམས་ཀྱིས་ཀྱང་ཧ་ཅང་གཅེས་པོ་བྱེད་པ་དང“ང་ཚོའི་ཅེས་ཟླ་བ་ཕན་ཐོགས་ལགས”ཞེས་ཁའི་རྩེ་རུ་འཁུར་ནས་བསྟོད་པ་བྱ་འོས་པ་ཞིག་ཏུ་བརྩི་གི་ཡོད་པས་ཡུལ་ལུང་ནང་དུའང“མནའ་མ་ཟེར་ན་སྡེ་ནུབ་ཀྱི་མནའ་མ་འདྲ་བ་དགོས་པ་རེད”ཅེས་སྐད་གྲགས་ཡོད།

འོན་ཀྱང་ཟླ་ཕན་སྡེ་ནུབ་ཏུ་མནའ་མར་སླེབས་རྗེས་ལོ་ལྟར་བརྒྱལ་གཟེར་ཐེངས་གཉིས་རེ་རྒྱག་པའི་ནད་གཞི་ཞིག་ཕོག་པ་དང་སྨན་བཅོས་བྱས་ཀྱང་དྲག་སྐྱེད་མ་བྱུང་། ལོ་དང་པོར་གཟུགས་པོ་མ་འཁོར་བས་ཕྱི་མིས“སྡེ་ནུབ་ཀྱི་མནའ་མ་རྒྱ་དྲེལ་མིན་ནམ”ཞེས་ལྐོག་ལབ་རྡུང་གི་ཡོད་ལ་ནང་མི་ཚོ་ཡང་བློ་འཚབ་ཅུང་སྐྱེས། དེ་ནས་ལོ་གཉིས་པ་གསུམ་པར་བསྟུད་མར་གཟུགས་པོ་འཁོར་ནའང་ཟླ་བ་གཉིས་གསུམ་གྱི་མཚམས་སུ་མངལ་ལྷུང་བར་བྱེད་ཀྱི་ཡོད་ཅིང་། གཟུགས་པོ་དང་ཐོག་འཁོར་སྐབས་མོ་ལ་དགའ་སྤྲོ་བརྗོད་ཀྱིས་མི་ལང་བ་བྱུང་ནའང་ཡང་ཡང་ཤོར་སྐབས་ཟླ་ཕན་སླར་ཡང་བློ་མ་བདེ། གལ་ཏེ་ཕྲུ་གུ་གཏན་ནས་མ་སྐྱེས་ན། དེ་ནི་རང་ཉིད་ལ་དགའ་དུས་དགའ་རོགས་དང་སྐྱོ་དུས་སྐྱོ་རོགས་བྱེད་མཁན་རང་གི་ཤ་རུས་ལས་ཆད་པའི་ཕྲུ་གུ་ཞིག་མེད་པ་ཙམ་གྱིས་མི་ཚད་པར་དེ་བས་ཀྱང་གལ་ཆེ་བ་ཞིག་ནི་རང་ཉིད་མནའ་མར་སླེབས་རྗེས་ཁྱིམ་ཚང་ལ་རྒྱུད་འཛིན་མཁན་ཞིག་མ་བྱུང་ན་མིང་ངན་གྱིས་ཡུལ་ལུང་ཁྱབ་པ་ཡིན་པས་དོན་དེས་ཟླ་བ་ཕན་ཐོགས་ཀྱི་ལུས་སེམས་གཉིས་ཀ་རབ་ཏུ་མནར། མོའི་གདུང་བ་དེ་ནི་མི་སུ་འདྲ་ཞིག་ལས་ཀྱང་ཆེ་བ་ཡོད་པ་དང་ལུས་ཟུངས་ཇེ་ཞན་དུ་འགྲོ་བཞིན་ཡོད་པས་སྡེ་ནུབ་ཀྱི་ཕ་ཁུ་དང་ཨ་མ་གཡང་སྐྱིད་ཀྱིས་ཀྱང་མ་བཟོད་པར་ཟླ་ཕན་ལ་སྔར་བཞིན“ད་ལྟ་ལོ་ཆུང་ཆུང་ཡིན་པས་སྐོར་གསོག་དགེ་སྦྱོང་དང་ཕག་འཚལ་མཆོད་འབུལ་བྱས་ན་ཕྲུ་གུ་ཏན་ཏན་སྐྱེ་ཡི་རེད”ཅེས་སེམས་གསོ་བྱས་ནའང་ལྐོག་ཏུ“ད་ནི་སྡེ་ནུབ་ཚང་གི་མི་རྒྱུད་སྟོང་གྲབས་ཡོད་པ་མིན་ནམ”ཞེས་ཧ་ལམ་ཡིད་ཐང་ཆད་པ་དང་སེམས་ཁྲལ་གྱིས་ཁོག་པར་མེ་འབར་གྲབས་བྱེད།

དཔྱིད་ཀ་ཞིག་ཟླ་ཕན་ལ་སླར་ཡང་གཟུགས་པོ་འཁོར་ཡོད་པས་ནང་མི་ཚང་མས་མོ་ལ་ད་རེས་ཡིན་ན་ལས་ཀ་གཏན་ནས་བྱེད་མི་དགོས་ཞེས་ཧ་ལམ་ཟ་ཉལ་དང་སྐོར་བ་གསོག་རྒྱུ་ཙམ་ལས་དེ་མིན་འགུལ་སྐྱོད་བྱེད་དུ་མི་འཇུག་ལ། ངལ་རྩོལ་ལྕི་གྲས་དེ་བས་ཀྱང་བྱེད་དུ་མི་འཇུག  བུ་སྤུན་ཚོས་ཀྱང་རང་འགུལ་གྱིས་ཉལ་པོ་བྱ་རྒྱུ་ལས་གཡོལ་ཏེ་ཟླ་ཕན་ངལ་གསོ་ལེགས་པོ་ཞིག་བྱེད་ཐབས་བྱས།

རུ་ཁག་གི(གྲོང་ཚོ་ཞེས་མི་འབོད་པར་མི་དམངས་ཀུང་ཧྲེའི་སྐབས་ཀྱི་ཁ་རྒྱུན་མ་འགྱུར་བར་ད་དུང་དེ་ལྟར་འབོད་ཀྱི་ཡོད)གཅིག་གྱུར་རྫ་ས་གཏོང་སྐབས་སྔར་བཞིན་འདུ་ལོང་དང་ཛ་དྲག་རབ་ཏུ་ཆེ། ཟླ་ཕན་ལ་གཟུགས་པོ་འཁོར་ནས་ཟླ་བ་གཉིས་འདས་ཟིན་པ་དང་གསུམ་གྱི་སྣེ་ཟིན་གྱི་ཡོད་པས་མོའི་སེམས་ལ་དེ་སྔོན་གྱི་དེ་དག་ད་ཚོད་ཤོར་ཚར་བས་ཤོར་ན་ད་ཚོད་ཤོར་ཚར་ཡོད་ཀྱི་རེད། ད་ཐེངས་དཀོན་མཆོག་གི་ཐུགས་རྗེས་གཟིགས་པ་ཡིན་གྱི་རེད་སྙམ་བཞིན་འདུག   མི་གཞན་རྣམས་ཧ་ལམ་དམག་འཁྲུག་ལངས་པ་ལྟར་བྲེལ་འཚུབ་དང་ཟང་ཟིང་ལང་ལོང་བྱེད་པ་མཐོང་སྐབས་རང་ཉིད་ཀྱང་སྡོད་མ་བཟོད་པར་ཤིང་རྟ་ལས་རྫ་ས་འདོན་རོགས་ལ་ཐོན། སྐབས་དེར་ནང་མི་ཚང་མ་རྫ་ས་ལེན་རྒྱུར་བྲེལ་བ་ལས་ཟླ་ཕན་ལ་དོ་སྣང་བྱེད་མཁན་མ་བྱུང་ལ་ཟླ་ཕན་རང་ཡང་ལས་ཀ་ལག་ལ་བླངས་རྗེས་རྣམ་གཡེང་དང་ལེ་ལོ་བྱེད་མི་ཤེས་པས་ལས་ཀ་མ་ཚར་བར་མཚམས་མ་བཞག དེ་ནུབ་མཚན་ཕྱེད་ཙམ་གྱི་དུས་ལ་ཟུག་གཟེར་ཆེན་པོ་ཞིག་དང་སྦྲགས་རྐང་པ་གཉིས་ཀྱི་བར་ཁྲག་གིས་རློན་པར་གྱུར། ཕྲུ་གུ་ད་ཐེངས་ཡང་ཤོར་བ་དེས་ཁྱིམ་མི་ཚོའི་རེ་བ་ཕྲ་མོ་དེའང་མེད་པར་གྱུར་པས་ཕ་ཚེ་དབང་གིས“དེ་ནི་ལས་རེད། ཁྱིམ་ཚང་ལ་ཡོང་ཁ་མེད་ན་ཐབས་ཡོད་པ་མ་རེད”ཅེས་སྨྲས་ནའང་ཨ་ཁུ་ཆོས་འཕེལ་དང་ཨ་མ་གཡང་སྐྱིད་ཀྱིས་དེའི་དོན་ལ་པ་སངས་ཚེ་རིང་ལ་གཤེ་གཤེ་དང་ཁག་དཀྲི་བྱས་པར་མ་ཟད། ཟླ་ཤས་རིང་ལ་གཟབ་གཟབ་གྲུང་གྲུང་དེ་ལྟར་བྱས་ནའང་མཐའ་མའི་རེ་ཐག་ཕྲ་མོ་དེའང་དུམ་བུར་སོང་བས་ཟླ་ཕན་གྱི་གཞས་དང་བསྟན་བཤིག་ལ་དགའ་བའི་གཤིས་ཀར་མངོན་གསལ་གྱི་འགྱུར་ལྡོག་བྱུང་བ་དང་། བཞིན་མདངས་ཉམས་ལ་ཕྱི་མིའི་མདུན་དུ་མགོ་བོ་དགྱེ་མི་ཕོད་པའི་སྣང་བ་ཤུགས་ཆེན་སྐྱེས་པས་ལོ་དེར་བརྒྱལ་གཟེར་ཐེངས་གསུམ་བརྒྱབ་པ་དང་ཐེངས་གསུམ་པར་ཡུན་རིང་པོ་ཞིག་ལ་དྲན་པ་སོས་མ་ཐུབ།

གསུམ།

དེ་ནས་ཐག་མི་རིང་བའི་རི་ཁུག་སེར་པོ་ཞིག་ཏུ་དགོན་པ་སེར་པོ་ཞིག་ཡོད་པ་དེའི་མིང་ལ་དགེ་ལྡན་ཆོས་འཁོར་གླིང་ཟེར། དེ་ནི་བཙུན་མའི་དགོན་པ་ཞིག་ཡིན་པ་དང་རྒྱ་ཆེན་པོ་མེད་ནའང“རིག་གསར”སྐབས་དེ་ཁུལ་གྱི་མིས་གཏོར་བ་དང་ཆོས་དང་སྲིད་ཇུས་དོན་འཁྱོལ་བྱུང་སྐབས་དགོན་པའི་དབུ་མཛད་རྗེ་བཙུན་སྐུ་གཞོགས་ཞེས་པ་དེ་བཞུགས་ཡོད་པས་དེས་འགྲོ་གྲོན་བཏང་བ་དང་སྦྲགས་དེ་ཁུལ་གྱི་མི་ཚོས་རང་འགུལ་ངང་ངལ་རྩོལ་ཞལ་འདེབས་ཀྱིས་སྔོན་གྱི་གཞི་ཁྱོན་གྱི་སུམ་ཆའི་གཉིས་ཙམ་བཞེངས་པ་དང་བཙུན་མ་བཅུ་གྲངས་ཡོད། དབུ་མཛད་རྗེ་བཙུན་སྐུ་གཞོགས་ནི་ཆོས་ཀྱི་མཁྱེན་རྒྱ་ཆེ་བར་མ་ཟད་ཐུགས་བརྟག་ལ་སྐད་གྲགས་ཡོད་པས་དེ་ཁུལ་གྱི་མི་ཚོར་བྱ་བ་ལེགས་ཉེས་ག་རེ་ཡོད་ནའང་ཁོང་གི་མདུན་སར་ཐུགས་བརྟག་ཞུ་བར་བཅར་གྱི་ཡོད་པ་དང་རིམ་གྲོ་བྱ་དགོས་རིགས་ཚང་མ་དགེ་ལྡན་ཆོས་འཁོར་གླིང་ནས་བཙུན་མ་གདན་འདྲེན་ཞུ་གི་ཡོད།

ཕ་མའི་བཀའ་ལྟར་པ་སངས་ཚེ་རིང་རྗེ་བཙུན་སྐུ་གཞོགས་ཀྱི་དྲུང་དུ་ཐུགས་བརྟག་ཞུ་བར་བཅར་སྐབས་ཁོང་གིས་ཕྲེང་བའི་མོ་བསྐྱོན་པ་དང་མོ་འབྲས་ལ་གཟིགས་བཞིན་ཐུགས་ཕམ་པོས“ཨ་ཁ་ཁ། ཆུང་སྲི་ལངས་འདུག”གསུངས་པ་དང་། ཡང་མོའི་བརྒྱལ་གཟེར་གྱི་སྐོར་ལ་མོ་ཞུ་སྐབས་དེ་ནི་ཟླ་ཕན་མནའ་མར་ཡོང་སྐབས་ཀྱི་ལམ་བར་ནས་སྡེ་ནུབ་ཐོག་མར་མཐོང་པའི་རི་ཟུར་ཞིག་ཡོད་པ་དེར་ཐབ་བསུ(བསུ་ཆང་དང་པོ་བཏགས་པ)བཏང་བ་དང་དེ་དུས་སེམས་ལ་སྐྱོ་སྣང་ཚད་མེད་པ་ཞིག་སྐྱེས་པས་རྐྱེན་བྱས་འདུག་གསུངས། དེ་དག་གི་ཟློག་རིམ་ལ《སྲི་ཟློག》དང་།《གདུགས་དཀར》《སྒྲོལ་མ》སོགས་འདོན་དགོས་པའི་ལུང་བསྟན་བབས་པས་དགོན་པར་བཙུན་མ་རེར་སྒོར་རེའི་འགྱེད་བརྒྱབ་པ་དང《སྲི་ཟློག》གྲངས་མེད་འདོན་རྒྱུའི་ཡོན་ཕུལ་བ་དང་ཁྱིམ་དུ་བཙུན་མ་བཞི་སྡེ་གཅིག་གདན་ཞུས་ཀྱིས་རིམ་གྲོ་བསྒྲུབས།

བུ་མོར་ཕྲུ་གུ་མི་སྡོད་པའི་གནས་ཚུལ་དེས་བསམ་ཁང་གི་ནང་མི་རྣམས་ཀྱང་བློ་མི་བདེ་བར་གྱུར་ཅིང་། གལ་ཏེ་ཟླ་ཕན་ལ་ཕྲུ་གུ་མ་སྐྱེས་ན་ཁྱིམ་ཚང་ཆེན་པོ་དེའི་མི་རྒྱུད་ཆད་པ་ཡིན་པས་ཡུལ་ལུང་གཏམ་ངན་གྱིས་གང་འགྲོ་བར་མ་ཟད། བུ་མོ་ལའང་ཁྱིམ་ཚང་ནང་དུ་ཐོབ་ཐང་མེད་པར་འགྱུར་རྒྱུ་རེད། དེ་བས་ཀྱང་གལ་ཆེ་བ་ནི་སྡེ་ནུབ་ཀྱིས་བསྐྱར་དུ་མནའ་མ་གཞན་ཞིག་བསུས་ཚེ་ཟླ་ཕན་རྦད་དེ་མི་ངོ་གཡོག་གིས་མཐོང་ཙམ་ལས་མེད་པར་འགྱུར་རྒྱུ་ཡིན་པས་ཕ་མ་ཚོའི་གཉིད་ཐེབས་བཅག ཁོ་ཚོ་ཡང་ལྷོད་པོར་སྡོད་མི་བཟོད་པས་ནང་མི་ཚོ་ཁ་འཆམས་རྗེས་དེ་ནས་ས་ཚིགས་ཁ་ཤས་བགྲོད་མཚམས་ཀྱི་སྡེ་ཆེན་པོ་དེའི་སར་ཟླ་ཕན་གྱི་ཕ་ལྷ་འབེབས་པར་སོང་ཞིང་། ལྷ་པ་དེ་ནི་རྣམ་ཀུན་ཆང་ཁ་ལ་མི་རེག་མཁན་ཞིག་ཡིན་ནའང་། ལྷ་འབེབས་སྐབས་ཆང་ཞིམ་ཐག་ཆོད་པ་རྐྱན་གང་ཙམ་སྐར་མ་ཁ་ཤས་ནང་དུ་ཞབས་དག་རྒྱག་གི་ཡོད་པ་དང་། མི་མང་བོ་ཞིག་གི་ཁོག་ནད་དང་། མགོ་ནད། རྐང་ཚིགས་ལག་ཚིགས་ཀྱི་ནད་སོགས་ལ་འཇིབས་བརྒྱབ་སྟེ་བཅོས་ཐུབ་མཁན་ཞིག་ཡིན། རྣམ་ཀུན་ལྷ་འབེབས་སྐབས་ལྷ་ཆེན་དཔལ་ལྡན་ལྷ་མོ་ཕུད། དེ་མིན་ཡུལ་ལྷ་གཞི་བདག་དང་སྐྱེས་ལྷར་བསྟེན་པའི་སྤྱིར་བཏང་གི་ལྷ་བཙན་དང་རྒྱལ་པོའི་རིགས་ཚང་མ་འབེབས་ཐུབ་ཀྱི་ཡོད་ལ་ལྷ་ཆུང་འདྲེ་ཆུང་ཡང་ཞུགས་ཐུབ་ཀྱི་ཡོད། ལྷ་པའི་ཁྱིམ་མི་ལ་ཞུ་རྟེན་ཁག་ཕུལ་པ་དང་། ལྷ་པ་ལ་སྒྲིག་ཆས་ཁག་བསྒྲིགས། མཆོད་ཆང་ཞིམ་ཤོས་གྲ་སྒྲིག་བྱས་རྗེས་བུའི་ཁྱིམ་གྱི་ལྷ་འབེབས་རྒྱུའི་རེ་བ་ཞུས།

ཁ་ཏོན་ཡུད་ཙམ་བཏོན་རྗེས་ལྷ་པའི་བཞིན་མདོག་འགྱུར་བ་དང་བྱ་རྨྱང་ཤུགས་ཆེན་བྱས་རྗེས་ཆང་མང་བོ་ཞིག་ཞབས་དག་བརྒྱབ། ཆང་མང་བོ་དེ་འདྲ་བསྟུད་མར་ཞབས་དག་རྒྱག་རྒྱུ་ནི་ཆང་རྐྱལ་ང་ཡིན་ཟེར་མཁན་ཞིག་ཡིན་ནའང་ར་བཟི་བ་ལས་འོས་མེད་པས་ཟླ་ཕན་གྱི་པ་ཕ་ཧང་སངས་པ་དང་ལྷ་དེའང་ར་བཟི་མི་འགྲོའམ་སྙམ་སྟེ་སེམས་ཁྲལ་སྐྱེས། ལྷ་དེས་བཤད་ན་ཟླ་བ་ཕན་ཐོགས་མནའ་མར་ཡོང་སྐབས་ལམ་ནས་བཙན་ཆུང་ཞིག་རྗེས་འབྲངས་བྱུང་བ་དང་། བཙན་ཆུང་དེ་སྦྲུམ་ལ་ཤིན་ཏུ་སྡང་ཞིང་ལྷ་དེར་བུ་ལོན་མང་བོ་ཆད་པའི་བུན་བདག་ཞིག་ཡིན་པས་ད་ཆ་བུ་ལོན་མ་འཕྲོད་པར་གླགས་རྙེད་ཀྱི་མི་འདུག་ཟེར། དེ་ལ་བཅོས་ཐབས་ག་རེ་ཡོད་དམ་ཞེས་བཀའ་འདྲི་ཞུ་བའི་ཚེ། གནས་སྐབས་རིང་ཕ་ཡུལ་དུ་ལོག་སྟེ་བཙན་ཆུང་དེ་འདོར་ཐབས་བྱ་དགོས་ཟེར། དེ་ལྟར་བྱས་ན་ཕ་མིང་གི་ཁྱིམ་དུ་ཡོང་གི་མ་རེད་དམ་ཟེར་སྐབས་ལྷ་དེས། ཕ་མིང་གི་ཡུལ་ལྷ་ནི་རྒྱལ་པོ་ཞིག་ཡིན་པས་བཙན་ཆུང་དེ་གར་འགྲོ་མི་ཕོད་ཅེས་བཤད་པ་དང་། ད་དུང་ཟླ་ཕན་གྱི་ནད་གཞིའི་སྐོར་སོགས་ལ་སྐད་ཆ་འདྲི་རྩིས་བྱེད་སྐབས་ལྷ་དེས་དབུགས་རིང་ཞིག་བཏང་བ་དང་བཞིན་མདོག་རིམ་བཞིན་སླར་གསོ་བྱུང་ནའང་ངལ་རྩོལ་ཤུགས་ཆེན་པོ་ཞིག་བྱས་མ་ཐག་པ་བཞིན་གདོང་ནས་ངལ་དུབ་ཀྱིས་ཡོངས་སུ་མནར་བའི་ཉམས་ཤིག་ཐོན་པ་ལས་ར་བཟི་བའི་རྣམ་པ་མེད་པར་མ་ཟད། ཐ་ན་ཆང་འཐུངས་པའི་ཤུལ་ཡང་མི་མངོན། ལྷ་དེའི་སྐད་ཆ་ནི་ནམ་རྒྱུན་གྱི་མི་དེའི་སྐད་ཆ་དང་མི་འདྲ་བར་ཁམས་སྐད་དང་འབྲོག་སྐད་འདྲེས་མ་ཞིག་རྒྱག་གི་ཡོད་པ་དང་སྐད་ཆ་མང་བོ་ཞིག་ནི་བརྡ་མཚོན་ཙམ་ལས་ཚིག་གསལ་བོ་མི་གོ་བས་གཙོ་བོ་དེ་གའི་ཁྱིམ་མི་ཞིག་གི་མཆན་འགྲེལ་ལ་བརྟེན་དགོས་ཀྱི་རེད།

ཟླ་ཕན་གྱི་ཕ་སྡེ་ནུབ་ཏུ་སོང་ནས་དེ་ལུགས་བཤད་པ་དང་དེ་ནི་ཧ་ལམ་མོ་འབྲས་དང་གཅིག་གྱུར་དུ་སོང་བས་ཁྱིམ་ཚང་གཉིས་གྲོས་སྡུར་བྱས་རྗེས་ཟླ་བ་ཕན་ཐོགས་གནས་སྐབས་རང་ཡུལ་དུ་ལོག་ན་ལེགས་ཆ་ཆེ་ལུགས་བརྗོད་པ་དང་དེ་ལྟར་གཏན་ཁེལ་བྱས།

བཞི།

ལོ་གཅིག་ལ་ཉེ་བའི་རིང་ཕ་མ་ཚོ་ལ(ལྷག་པར་དུ་ཨ་མ་དང་ཨ་ཁུ་རྒོད་སྐྱེས)ཐུག་འཕྲད་མ་བྱུང་བ་དང་ཡུལ་དུ་ལོག་རྒྱུ་མ་བྱུང་བར་ད་རེས་ལོག་ནས་ཁོ་ཚོ་དང་འཕྲད་ཐུག་བྱུང་བས་ཧ་ཅང་དགའ་བོ་བྱུང་ནའང་ཟླ་བ་གཅིག་ཙམ་འདས་ཚར་སྐབས་རང་གི་བཟའ་ཟླ་ཚོའི་ངོ་གདོང་དྲན་པ་དང་། ཐབ་ཁུང་འཁྲིས་ཀྱི་ཞུམ་བུ་དང་། སྒོ་ཁའི་འདོགས་ཁྱི་དོམ་པོ། དེ་བཞིན་ཕྱུགས་རའི་ནང་གི་སྒོ་ཟོག་དེ་དག་ཀྱང་མིག་ལ་འཁོར་འཁོར་བྱས་པས་ལོག་འདོད་དྲག་པོ་སྐྱེས་ཏེ་ཨ་མ་ལ་ཉིན་ཤས་ལོག་འདོད་པའི་བསམ་ཚུལ་སྨྲས། ཨ་མས་གོ་བ་ལོན་པ་དང་བསམ་པ་ཤེས་ཐུབ་པའི་ངང་ནས“ད་རེས་ཡུལ་དུ་ལོག་པ་ནི་གཙོ་བོ་ནད་གཞི་དེ་ལས་ཐར་ཐབས་བྱ་རྒྱུའི་དོན་ཡིན་པས་བྱེས་དྲན་ཡུལ་དྲན་བྱེད་མི་ཉན”ཞེས་བཀག་འགོག་བྱས།

ཕས་ཟླ་ཕན་ལྷ་པ་དེའི་སར་འཇིབས་ཞུ་བར་ཁྲིད་རྩིས་བྱས་ཀྱང་ཕྱིན་མེད་པ་དང་། རྣམ་ཀུན་ཡིན་ན་ས་ག་ཟླ་བའི་ཚེས་བརྒྱད་དམ་བཅོ་ལྔ་ལ་བརྒྱལ་གཟེར་རྒྱག་གི་ཡོད་མོད། འདི་ལོ་ཚེས་བརྒྱད་ཉིན་མགོ་བོ་ཅུང་ན་བ་ཙམ་ལས་འགྱེལ་མ་སོང་། ལྷག་པར་དུ་རང་ཡུལ་ལ་ལོག་ཡོང་སྐབས་སླར་ཡང་གཟུགས་པོ་འཁོར་ཡོད་པ་དང་ཁྱིམ་དུ་འབྱོར་ནས་ཟླ་བ་གཉིས་ལྷག་འགྲོ་གི་ཡོད་མོད། དེའི་སྐོར་རང་གི་ཕ་མ་ལ་བཤད་མེད་ལ་བཟའ་ཟླ་ལའང་གསང་ནས་བདེ་སྡུག་གི་མྱོང་བ་ཐམས་ཅད་རང་ཉིད་གཅིག་པུས་མྱོང་བ་དང་ལྐོག་ཏུ་དཀོན་མཆོག་གསུམ་ལ་བྱ་བ་ལམ་འགྲོ་ཡོང་བའི་གསོལ་བ་སྨོན་ལམ་རྩེ་གཅིག་ཏུ་འདེབས་བཞིན་ཡོད།

ཉིན་ཤས་གོང་ཨ་མས་ཡ་མཚན་དང་བཅས་ཏེ“ཁྱེད་ཀྱི་ངོ་གདོང་ལ་བལྟས་ན་རིད་པོ་ཞིག་ལས་མི་འདུག འོན་ཀྱང་སྐེད་པ་སྦོམ་དུ་སྦོམ་དུ་འགྲོ་ཡི་འདུག་པས་དེ་འདྲ་དངོས་གནས་རྒྱགས་པ་རེད་དམ”ཞེས་དོགས་པ་དང་བཅས་ཏེ་དྲིས།

ཟླ་ཤས་རིང་ཚེར་མའི་སྟེང་དུ་ཉལ་བ་ལྟར་བློ་མི་བདེ་བ་དང་། སེམས་ཁྲལ་དང་རེ་བ། ཞོགས་པ་རེ་རེ་བཞིན་གཉིད་ལས་སད་སྐབས་རང་གི་གྲོད་པར་ལག་པ་འཆང་ཙམ་རེ་བྱེད་པ་དང་གནས་ཚུལ་གང་ཡང་མ་བྱུང་བས་དགའ་སྣང་དང་བཅས་རང་ཉིད་གཅིག་པུས་མྱོང་བའི་ཟླ་བ་ཕན་ཐོགས་ཀྱིས་གསང་བ་དེ་གཞི་ནས་རང་གི་སྐྱེས་མར་བཤད། སྡེ་ནུབ་ལ་ད་དུང་ཡང་རེ་ཞིག་གསང་རྒྱ་བྱ་རྒྱུའི་རེ་བ་བཏོན། ཨ་མས་གཏམ་དེ་ཐོས་འཕྲལ་དགའ་ཐག་ཆོད་པ་དང་དགའ་འཚིག་ཀྱང་ཟོས་ནས“དངོས་གནས་རེད་དམ། ཁྱོད་རའི་མགོ་འདྲ་ཞིག་ཡིན་འགྲོ།(འཁོན་འཛིན་མེད་པའི་ཚིག་ངན་བརྗོད་སྟངས)ད་ལྟའི་བར་དུ་མ་བཤད་པ་ག་རེ་བྱེད་ཀྱི་ཡིན་ནམ”ཞེས་འཕག་འཚག་ཀྱང་རྒྱག་གྲབས་བྱེད། ཟླ་ཕན་མགྱོ གས་པོ་རང་གི་འཁྲིས་སུ་འཐེན་ཏེ་མོའི་ངོ་གདོང་དང་རིམ་བཞིན་འབུར་འོངས་པའི་ལྟོ་བ་ལ་ཞིབ་པར་ལྟ་བཞིན“རྫབ་མོ་ཁྱོད་ཀྱི་དཔེ་ལ། དཔྱིད་ལས་བྲེལ་བ་ཚ་བོ་དེ་བྱེད་སྐབས་སླར་ཡང་འཕྲོ་བརླག་འགྲོ་གྲབས་རེད། ད་ཡིན་ན་སྟབས་ཡག་པོ”ཞེས་དགའ་སྤྲོའི་བསམ་པ་གནོན་མི་ཐུབ་པར་གྱུར།

ཟླ་ཕན་ནི་ད་དུང་ཡང་བློ་མི་བདེ་བས་ཨ་མར“ད་ཆ་སྐྱོན་ཡོད་ཀྱི་མ་རེད་དམ”ཞེས་དྲིས་པར་ཨ་མས“ད་རེས་ཕ་ཁྱིམ་དུ་ཡོང་བ་དེས་བཀྲ་ཤིས་ཉིས་བརྩེགས་བྱུང་བ་རེད། ད་ཆ་ཟླ་བ་གསུམ་ཡོལ་ཚར་བ་དང་ཟླ་བ་བདུན་བརྒྱད་འགྲོ་སྐབས་ཡིད་གཟབ་བྱས་ན་གང་ཡང་བྱེད་ཀྱི་མ་རེད། དེ་ལས་ཁོང་ཚོ་དགའ་ཐག་ཆོད་ཀྱི་རེད”ཟེར།

པ་སངས་ཚེ་རིང་གིས་གནས་ཚུལ་ཤེས་རྗེས་རང་གི་རྣ་བར་ཡིད་མ་ཆེས་པ་དང་། ཟླ་བ་ཕན་ཐོགས་ཀྱི་ལུས་ལ་ལྟ་སྐབས་ངོ་མ་སྐེད་པ་སྦོམ་དུ་སོང་ཡོད་པས་རེ་ཞིག་ག་རེ་བརྗོད་དགོས་མིན་ཡང་མ་ཤེས་པར་ཆང་ཕོར་བླངས་ཏེ་ཞབས་དག་བརྒྱབ་པ་དང་ལག་པ་ཡང་འཕུར་འཕུར་བྱེད་བཞིན“ད་ཡིན་ན་སྟབས་ལེགས་སོང་། ད་ཡིན་ན་སྟབས་ལེགས་སོང་། ཐུགས་རྗེ་ཆེ་བ་གནང”ཞེས་ཁ་ནས་ཡང་ཡང་ཟློས་ཏེ་ཟླ་ཕན་གྱི་ཁོག་གི་སྦྲུམ་དེ་ཁོ་མོའི་ཕ་མ་ཚོའི་ནུས་མཐུ་ལ་བརྟེན་ནས་བྱུང་བ་ལྟར་བྱེད།

པ་ཚེ་ཁྱིམ་དུ་འབྱོར་པ་དང་ནང་མི་ཚོ་ལ་གཏམ་བཟང་དེ་བཤད་སྐབས་ཚང་མ་དགའ་ཐག་ཆོད་པ་དང་། ཨ་མ་གཡང་སྐྱིད་དགའ་སྤྲོའི་བསམ་པ་གནོན་མི་ཐུབ་ཅིང་ཟླ་ཕན་གྱིས་ཡུན་རིང་གསང་བ་བྱས་པར་འཁང་ར་ཡང་བྱེད་སྐབས་ཁྱིམ་གྱི་ཕས་དེ་ནི་ཟླ་ཕན་ལའང་དོགས་པ་ཡོད་པས་ཁག་མེད་ལུགས་བཤད་དེ་དག་སེལ་བྱས། ཟླ་ཕན་ཚུར་བསུས་ན་ལྟོ་ཆས་དང་། ལས་ཀ གཡོག་བྱེད་བཅས་གང་ཅིའི་ཐད་སྟབས་བདེ་བས་ནང་མི་ཁ་ཤས་ཀྱིས་ཚུར་བསུས་ན་ལེགས་ལུགས་བརྗོད་ཀྱང་། དེ་སྔོན་གྱི་སྦྲུམ་ཚང་མ་བསྡད་མེད་པའི་ཁར་མོའི་བརྒྱལ་གཟེར་ཐེངས་གཉིས་པ་དེ་བོད་ཟླ་བརྒྱད་པའི་ནང་རྒྱག་གི་ཡོད་པ་དེའི་དུས་ཚོད་ད་དུང་ཡོལ་མེད་པས་བློ་བདེ་བོ་མེད་རྐྱེན་ཟླ་ཕན་གཟུགས་པོ་མ་སོས་བར་མུ་མཐུད་དུ་ཕ་མིང་གི་ཁྱིམ་དུ་འཇོག་རྒྱུ་གཏན་ཁེལ་བྱས།

ཨ་ཁུ་ཆོས་འཕེལ་ལམ་སང་བཀྲ་ཤིས་ལྷུན་པོ་དང་ཧའུ་དགོན་དུ་སོང་ནས་མཆོད་ཐིགས་རྒྱག་པ་དང་སྦྲགས་ཞལ་འདེབས་དང་སྐུ་ཡོན་གང་ལྕོགས་ཕུལ་ནས་སླར་ཡང《སྲི་ཟློག》དང་།《གདུགས་དཀར》《བར་ཆད་ལམ་སེལ》སོགས་འདོན་རྒྱུའི་ཞབས་སྐུལ་ཞུས་པ་དང་། པ་སངས་ཚེ་རིང་འགྲོ་འདོད་ཀྱང་རྫ་བཟོའི་བྲེལ་བས་བུ་གཞོན་པ་གཅིག་རྒྱལ་རྩེ་དང་ཁང་དམར་དུ་མངགས་ཏེ་དཔལ་ཆོས་དགོན་དང་ཁང་དམར་དགོན་དུ་མཆོད་ཐིགས་དང་ཞལ་འདེབས་འབུལ་བར་མངགས། ཨ་མ་གཡང་སྐྱིད་དང་བུ་གཞན་ཞིག་ཉེ་འཁོར་དགེ་ལྡན་ཆོས་གླིང་དུ་སོང་སྟེ་མང་ཇ་བཏང་བ་དང་སྦྲགས་སླར་ཡང་བར་ཆད་མྱུར་སེལ་དང་བསམ་དོན་ལྷུན་གྲུབ་ཀྱི་ཞལ་འདོན་སྐུལ། ཕ་ཚེ་དབང་གིས་ཀྱང་ཡུལ་ལྷ་གཞི་བདག་རྣམས་གསོལ་ཏེ་བར་ཆད་སེལ་བ་དང་སྐྱབས་རོགས་དཔུང་རོགས་ཡོང་བའི་འདོད་གསོལ་འཕྲིན་བཅོལ་ཞུས།

དེ་ནས་བཟུང་སྡེ་ནུབ་ནས་ཧ་ལམ་ཟླ་ཕྱེད་ཙམ་དུ་ཟླ་ཕན་ལ་ལྟ་མཁན་ཐེངས་རེ་གཏོང་བ་དང་བསམ་ཁང་གིས་སྤག་ཆང་གཉིས་ལ་སེམས་ཁྲལ་མེད་པས་རྩམ་པ་འཁུར་ཡོང་མི་དགོས་ཞེས་བཤད་ནའང་། ཟླ་ཕན་ནི་ད་ཆ་སྡེ་ནུབ་ཀྱི་མི་ཡིན་པར་སྙམ་སྟེ་རྩམ་ཡོས་དང་མར་ཆུར་འདྲ་ཡང་ཡང་བསྐྱལ།

སྡེ་ནུབ་ནང་མིའི་ཁྲོད་ལས་པ་སངས་ཚེ་རིང་ལྟ་བར་འགྲོ་བ་ཆེས་མང་ཞིང་། ཁོ་འགྲོ་རིམ་བཞིན“གཟུགས་པོ་གང་འདྲ་འདུག་གམ། ལྟོ་ཆས་སྐྱོ་བོ་མ་བྱེད། ངལ་གསོ་མང་ཙམ་གྱིས། མཁོ་ཆས་འདྲ་ག་རེ་འདུག་གམ”ཞེས་འདྲི་བ་དང་། ཁོ་བྲེལ་བ་ཚ་བོ་ཡོད་པ་དེ་ཟླ་ཕན་གྱིས་ཤེས་ཀྱི་ཡོད་པས་སེམས་ཀྱིས་མ་བཟོད་པར“ང་ལ་འདི་གར་ལྟ་རྟོག་བྱེད་མཁན་ཕ་མ་སྤུན་མཆེད་ཡོད་པས་ཨ་ཇོ་རང་མ་ལྕོགས་ན་བྲེལ་བ་ཚ་བོ་དེ་འདྲ་བྱེད་མི་དགོས”ཞེས་ཁ་ནས་དེ་ལྟར་སྨྲས་ནའང་མོ་ལ་མཚོན་ན་པ་ཚེ་ལྟ་བར་ཡོང་ན་གཞི་ནས་བློ་བདེ་བ་དང་སེམས་ལྷོད་པའི་སྣང་བ་ཡོང་གི་ཡོད་པས་སེམས་སུ་ཁོ་མང་ཙམ་ཡོང་རྒྱུའི་རེ་བ་བྱེད་ཀྱིན་འདུག

ལྔ།

རི་ལྡེབས་རྩི་ཤིང་གི་ལོ་མ་དམར་པོར་གྱུར་པ་དང་ཀླུང་ཐང་ལྕང་ཤིང་གི་ལོ་མ་སེར་པོར་གྱུར་ནས་ས་ལ་ལྷུང་མགོ་ཚུགས། ཞིང་ཐང་གི་སོག་མའི་རྩ་བ་དག་ནི་སྐྱ་ཆིལ་ལེར་ཡོད་པ་དང་སྟོན་ལས་གྲུབ་མ་ཐག་པའི་མི་རྣམས་ནི་གནས་མཇལ་དང་ཚོང་གཉེར་ལ་རྩོམ་པར་བྲེལ།

དབྱར་སྟོན་མཚམས་སུ་བཟོས་པ་དང་སྟོན་ཁ་སོ་བཏང་བའི་རྫ་ཆས་ལ་འཛད་སྤྱོད་པས་ཧ་ཅང་དགའ་བོ་བྱེད་ཀྱི་ཡོད་པ་དང་། དེ་ནི་རྫ་མཁན་ཚོའི་དངུལ་གྱི་ཡོང་ཁུངས་གལ་ཆེ་ཤོས་དང་ལོ་གཅིག་གི་ཡོང་འབབ་གཙོ་བོ་དེ་ཡིན་པས་སྟོན་རྫ་བཟོ་རྒྱུ་དང་སོ་གཏོང་རྒྱུའི་ལས་ཀར་ཚང་མས་མཐོང་ཆེན་དང་ནན་ཏན་ཆེན་པོ་བྱ་དགོས་ཀྱི་ཡོད། དེའི་ཁར་སོ་གཏོང་རྒྱུའི་དུས་ཚོད་དེ་ཡང་རྫ་ས་གཏོང་བ་དང་འདྲ་བར་ཁྱིམ་ཚང་སོ་སོའི་གནས་ཚུལ་ལ་གཞིགས་ནས་ཚོད་འཛིན་བྱ་རྒྱུ་མེད་པར་རུ་ཁག་ནས་གཅིག་གྱུར་བཀོད་སྒྲིག་བྱེད་པ་དང་ཁྱིམ་དུད་བརྒྱ་སྐོར་དེ་དག་ཉིན་ཆ་དུས་གཅིག་ལ་མགོ་འཛུགས་དགོས་ཀྱི་ཡོད།

སྐབས་དེར་ཏག་ཏག་ཟླ་བ་ཕན་ཐོགས་སྐྱེ་ཟླ་ཤར་བ་དང་ཕྲུ་གུ་སྐྱེ་གྲབས་ཡོད་པས་པ་སངས་ཚེ་རིང་བློ་མ་བདེ་བར་རང་ཉིད་ཟླ་ཕན་གྱི་སྐྱེ་གཡོག་ལ་འགྲོ་རྒྱུའི་རེ་བ་བཏོན། ད་ལྟ་རྫ་ཆས་ལ་སོ་གཏོང་རན་ནས་ཡོད་པ་དང་། སོ་བཏང་ཚར་རྗེས་ལམ་སང་ཚོང་བར་ཐོན་དགོས་ཤིང་། ཁྱིམ་ཚང་གི་དོན་ཆེན་གཉིས་གཅིག་ཏུ་བསྡོམས་པས་ནང་མི་ཚོ་གྲོས་སྡུར་བྱས་རྗེས་ཉི་མ་དོན་གྲུབ་འགྲོ་རྒྱུ་བྱས་ནའང་བསམ་ཁང་གིས་གནས་སྐབས་རིང་འགྲུལ་བ་མ་ཡོང་རོགས་ཞེས་པའི་ལན་འབྱོར་བས་འགྲོ་མ་ཕོད།

ཕྱི་ཉིན་རྫ་སོ་གཏང་ཆོག་པའི་བཀའ་འབྱོར་ཉིན་ཟླ་ཕན་ལ་སྐྱེ་ཟུག་བརྒྱབ། ཁྱིམ་དུ་རང་གི་བུ་མོའི་ཕྲུ་གུ་སྐྱེས་ན་བཙོག་གྲིབ་ཤིན་ཏུ་ཆེ་བར་མ་ཟད། བུ་མོ་དེའི་བུ་སྤུན་ནམ་སྐྱེ་རྒྱུའི་ཕྲུ་གུའི་ཞང་པོ་དག་གི་ཚེ་ལ་གཟན་པོ་ཡོད་པས་སྤྱིར་ན་སྐྱེ་རུ་འཇུག་གི་མེད་ནའང་། ད་ཐེངས་མ་སྐྱེས་ཐབས་མེད་རེད། འོན་ཀྱང་ཁང་པའི་ནང་སྐྱེས་ན་མི་འགྲིག་པས་མཐར་ཟླ་བ་ཕན་ཐོགས་ཀྱི་ཉལ་ཆས་ལུག་ཚང་ནང་དུ་སྤར་ཏེ། ཏག་ཏག་རྫ་ཆས་ལ་སོ་གཏོང་ཉིན་མོ་ལ་ཕྲུ་གུ་བུ་ཞིག་སྐྱེས། ཕྲུ་གུ་སྐྱེས་ནས་བང་སེལ་བྱས་རྗེས་གཞི་ནས་ཁང་པའི་ནང་དུ་སྤར་པ་དང་བང་གྲིབ་སེལ་ཆེད་ཕྲུ་གུ་སྐྱེ་བའི་ཁང་པ་དེའི་ཐོག་བཤུ་དགོས་པ་དང་ཉལ་ས་དེ་ཐོང་གཤོལ་གྱིས་སློག་དགོས་ཀྱི་ཡོད་པས་ཁོ་ཚོས་ཀྱང་ལུག་ཚང་གི་ཁང་ཐོག་འཇོར་གྱིས་བསྔོག་ཙམ་བྱས་པ་དང་ཟླ་ཕན་གྱི་ཕྲུ་གུའི་ལྟེ་ཁྲག་བོར་སར་བསང་བཏང་བ་དང་ཐོང་གཤོལ་བཙུགས་ཙམ་བྱས་ཏེ་གཏོ་བཅོས་བྱས།

ཟླ་ཕན་ལ་ཕྲུ་གུ་བུ་ཞིག་སྐྱེས་པའི་གཏམ་བཟང་སྡེ་ནུབ་ཏུ་འབྱོར་སྐབས་ཁང་པའི་ཐོག་ཁང་དར་ལྕོག་གསར་བ་བཙུགས་པ་དང་བསང་གཏོང་ལྷ་གསོལ་གྱིས་སྐྱེས་པའི་དགྲ་ལྷ་བསྟོད། ཨ་མས་ཕྱུ་པ་དང་འོག་འཇུག་གསར་པའི་ཐོག་གའུ་དང་སྤོས་ཤེལ་བཏགས། པ་ཕས་རྣམ་ཀུན་གྱོན་པའི་ར་ལྤགས་ཀྱི་སྟོད་ཐུང་ཕུད་དེ་སྐྱིང་ཁེབ་དཀར་པོའི་སྒྲིལ་བཏང་བའི་སྣམ་བུའི་སྟོད་ཐུང་ནག་པོ་དང་ཕྱུ་པ་དཀར་པོ་གྱོན། ར་མ་ལུག་གི་རྣ་ལོང་དེ་བཏགས། མི་རེས་རྟ་རེ་བཞོན་པ་དང་དེའི་རྗེས་སུ་པ་སངས་ཚེ་རིང་གིས་ཤ་མར་རྩམ་རུས་དང་རློན་སྦང་ཐེག་ཚད་བཀལ་བའི་བོང་བུ་ཞིག་དེད་དེ་རང་ཁྱིམ་གྱི་མནའ་མར་བང་སེལ་དང་སྦྲགས་སྐྱེ་གསོས་སྐྱེལ་བར་ཆས།

དྲུག

རྫ་སོ་བཏང་ཚར་རྗེས་རིམ་བཞིན་དགུན་གྲང་ཚུགས། ཨ་ཁུ་ཆོས་འཕེལ་དང་པ་སངས་ཚེ་རིང་སྔར་བཞིན་ར་ལྤགས་ཀྱི་སྟོད་ཐུང་དང་དོར་མ་གྱོ ན་ནས་ས་ཆ་ཁག་བགོས་ཀྱིས་རྟ་སྦྲེལ་ཤིང་རྟ་ཞིག་དང་བོང་སྦྲེལ་ཤིང་རྟ་དེད་དེ་རྫ་ཆས་འཚོང་བར་ཐོན། རྫ་མཁན་ལ་མཚོན་ན་སྟོན་རྫ་འཚོང་བར་འགྲོ་རྒྱུ་དེ་དཀའ་སྡུག་ཚད་མེད་མྱོང་དགོས་པ་ཞིག་ཡིན་ཞིང་། རྣམ་ཀུན་ལྟར་ལམ་དུ་རྫ་ཆས་ཆག་དོགས་ཀྱི་སེམས་ཁྲལ་བྱེད་དགོས་པ་དང་། ཡུལ་ལུང་ཞིག་ཏུ་འབྱོར་མ་ཐག་ཁ་སྐོམ་ཚ་བོ་ཁ་ལ་མ་རེག་གོང་རྫ་ཆས་ཁུར་ནས་ཐིམ་པ་སོ་སོའི་སྒོ་ཁར་རྫ་ཆས་ཉོ་རྒྱུའི་རེ་བ་དང་ཨུ་ཚུགས་རྒྱག་དགོས་པར་མ་ཟད། དགུན་ཁ་གནམ་གཤིས་གྲང་བས་རྐང་ལག་ལ་སེར་ག་གས་པ་དང་། སྐབས་འགར་གྲོང་ཚོའི་ནང་དུ་འབྱོར་སྐབས་འཕྱི་པོ་ཆགས་ཏེ་གནས་ཚང་མ་འབྱོར་ཚེ་ལྷགས་རྡུལ་གྱི་ཁྲོད་དུ་རྩིག་ཁུག་དང་སྲང་ཤུར་ནང་ཉལ་དགོས་ཀྱི་ཡོད། དགུན་ཁའི་རིང་རྫ་འཚོང་བར་ཐེངས་དྲུག་བདུན་འགྲོ་དགོས་པ་དང་། ཐེངས་རེར་དུས་ཚོད་ཐུང་ན་ཉིན་བདུན་བརྒྱད་བཅུ་གྲངས་དང་ཡུན་རིང་སྐབས་ཉིན་ཉི་ཤུ་སུམ་ཅུའི་བར་ཡུལ་དུ་འཁོར་ཐུབ་ཀྱི་མེད་ལ། སྐབས་འགར་ཁྱིམ་ནས་ཐོན་པ་ནས་ཡུལ་ལ་མ་འཁོར་བར་དུ་ངོ་ལག་བཀྲུ་རྒྱུའང་ཡོང་གི་མེད་པས་ལག་མགོར་སག་དྲེག་ཆགས་པ་དང་། ཐ་ན་སྣ་དང་རྣ་གཤོག་གི་རྩེ་ལའང་སེར་ག་ཆགས་ཀྱི་ཡོད།

ཨ་ཁུ་ཆོས་འཕེལ་དང་པ་སངས་ཚེ་རིང་གིས་སྔོན་ལ་ས་ཐག་ཉེ་ས་དེ་དག་བསྐོར་པ་དང་ཐེངས་གཉིས་པ་འཁོར་སྐབས་ཧ་ལམ་དུས་མཚུངས་སུ་འཁོར། སྐབས་ཤིག་ལ་མི་རྣམས་ཀྱིས་ཧ་ཡང་ལ་སོགས་ལས་བྱས་པའི་དེང་རབས་བཟོ་ལས་ཀྱིས་བཟོས་པའི་འཛིན་ཆས་ཡང་ལ་སྤྱོད་ཡུན་རིང་བ་དེ་རིགས་ལ་མཐོང་ཆེན་བྱས་ནས་རྫ་ཆས་ལ་སྣང་ཆུང་བྱེད་ཀྱི་ཡོད་ནའང་། ད་ཆ་བཟོ་ལས་ཐོན་རྫས་ཀྱི་རིན་གོང་དེ་ལོ་ལྟར་ལྡབ་འཕར་དུ་འགྲོ་བ་དང་། སྤུས་ཚད་ཀྱང་ཇེ་ཞན་དུ་སོང་ནས་ཐ་ན་བ་མ་དང་དེམ་ལ་སོགས་པ་ཁ་ཅིག་རྫ་ཆས་ལས་ཀྱང་སྤྱོད་ཡུན་ཐུང་བ་ཡོད་པས་མི་རྣམས་ཀྱི་འཛིན་ཆས་འཛད་སྤྱོད་ཀྱི་འདྲེན་བྱེད་དེ་ཁོ་ཚོས་ས་སྐྱེས་རྡོ་སྐྱེས་ཀྱི་རྒྱུ་གཙང་སྤུས་གཙང་ལ་བཟོས་པའི་རྫ་ཆས་ཀྱི་ཐོག་ཏུ་ཕྱོགས་པར་མ་ཟད། ད་དུང་མི་མང་བོ་ཞིག་གི་གསར་ཞེན་ཨ་གསར་སངས་ནས་རྫ་ཆས་ནང་དུ་བསྐོལ་པའི་ལྟོ་ཆས་ཀྱི་བྲོ་བ་ཡང་ཞིམ་པ་འདུག་ཅེས་ཉོ་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། སྔོན་ཚེ་སློབ་དཔོན་པདྨ་འབྱུང་གནས་ཀྱིས“བཟོ་མཁན་ཡོང་བ་ཤོག བཟོས་ནས་ཉོ་མཁན་ཤོག ཉོས་ནས་ཆག་པ་ཤོག ཆག་ནས་འགྲིག་པ་ཤོག”ཅེས་རྫ་མཁན་གྱི་ལྟོ་གོས་ཀྱི་ཆེད་དུ་སྨོན་ལམ་མཛད་པ་བཞིན་ལོ་ལྟར་ས་ཆ་དང་གྲོང་ཚོ་དེ་དག་ཏུ་འཚོང་བར་འགྲོ་བ་དང་སྐབས་འགར་དགུན་ལོ་གཅིག་ལ་ཐེངས་གཉིས་ཙམ་འགྲོ་ཡི་ཡོད་ནའང་། གང་ལྟར་ཉོ་མཁན་ཡོད་པས་གཉིས་ཀའི་ཚོང་ཡག་པོ་བྱུང་། 

ཕ་བུ་གཉིས་ཚོང་ནས་འཁོར་བར་ཨ་མ་གཡང་སྐྱིད་ཀྱིས་ཆེད་དུ་ཆས་བཙོས་ཡོད་པ་དང་། ཚོང་གྲོགས་ཁ་ཤས་ཡོད་པ་དེ་དག་དང་མཉམ་དུ་འཁོར་ཆང་བརྒྱབ། དེ་དག་ལས་སྡེ་ནུབ་ཀྱི་ཁང་པ་རྒྱ་ཆེ་བ་ཡོད་པས་མི་དེ་དག་གིས་ཀྱང་རང་རང་སོ་སོའི་ཆང་སྐལ་དང་ཟས་དོད་ཁུར་ཏེ་སྡེ་ནུབ་ཏུ་འཛོམས་ཤིང་། པ་སངས་ཚེ་རིང་དང་ཨ་མས་ཁོང་ཚོ་ལ་བཟའ་བཏུང་གཡོས་པ་དང་། ཨ་ཁུ་དང་མགྲོན་པོ་གཞན་རྣམས་ནི་སྔ་དྲོ་ནས་ཆང་འཐུང་བ་དང་ཤོ་བརྒྱབ་སྟེ་བསྡད།

ཉིན་གུང་བཟའ་བཏུང་དྲངས་རྗེས་ཨ་མ་གཡང་སྐྱིད་ཀྱིས་མི་རེར་གསོལ་ཤུལ་ཟངས་སྐྱོགས་ཆེན་པོ་རེ་བཏགས་པ་དང་ཆང་གཞས་བཏང་། ཨ་ཁུ་ཆོས་འཕེལ་དང་ན་མཉམ་གྱི་སྐྱེས་པ་ཞིག་ཡོད་པ་དེ་ར་བཟི་ནས་གསོལ་ཤུལ་འཐུང་གི་མེད་པས་ཁོ་ཚོ་ཚང་མས་གསོལ་ཤུལ་མགྱོ གས་ཙམ་འཐུང་དགོས་པའི་སྐུལ་མ་བྱས་ནའང་། ཁོས་ཨ་མ་གཡང་སྐྱིད་ལ་སླར་ཡང་གཞས་ཤིག་གཏོང་དགོས་ཞེས་ཉོག་དྲ་བཤད། ཨ་མ་གཡང་སྐྱིད་ཀྱི་ལག་ཏུ་ཆང་སྐྱོགས་ཐོགས་པ་དང་མི་དེའི་མདུན་དུ་ལངས་ནས་དགོད་བཞིན“ཁྱེད་རང་མགྱོགས་ཙམ་མ་འཐུངས་ན་ཅེས་ཆང་བཏགས་ཀྱི་ཡིན”ཞེས་བཤད་ནའང་མི་དེས་ད་དུང་གཞས་གཏོང་དགོས་ཡོད་ཅེས་ཨུ་ཚུགས་བྱས། ཨ་མ་གཡང་སྐྱིད་ཀྱིས་སྔར་བཞིན་འཛུམ་མདངས་དང་བཅས་ཏེ“ཁྱེད་རང་གཅིག་པུར་དམིགས་བསལ་དེ་འདྲ་ག་རེ་ཡིན་ནམ”ཞེས་བཤད་པ་དང་སྦྲགས“སྔར་སོང་སྔ་མོའི་མི་རེད། སྲིད་པ་ཆགས་པའི་རྡོ་རེད། རྡོ་ལ་དྲེག་པ་ཆགས་ཀྱང་། མཇལ་སྙིང་གཞན་ལས་དོད་པ”ཞེས་བཏང་།

ཡང་མི་དེས“གླུ་དེ་འདྲ་རྙིང་བ་རེད། ང་ཡི་དོན་གྲུབ་ཚེ་རིང་ལགས་གཏོང་དགོས”ཞེས་ཉོག་དྲ་བཤད། ཨ་མས་དགོད་བཞིན“ཉོག་དྲ་མ་བཤད་དང་། ང་རྒས་འཁོགས་ཀྱིས་རླུང་འཕྲིན་ནང་གི་གཞས་གཏོང་ཤེས་ཀྱི་རེད་དམ”ཞེས་སྨྲས་པས་མི་དེས་བློ་ཕམ་དང་བཅས་ཏེ“གལ་ཏེ་ཅེས་ལགས(ཟླ་ཕན)ཡོད་ན་ང་ལ་གཞས་ཡག་ཤོས་ཤིག་གཏོང་གི་རེད”ཟེར། དེ་མ་ཐག་མི་གཞན་ཞིག་གིས“གལ་ཏེ་ཁོང་ཡོད་ན་གཞས་བཏང་ན་གཞས་སྙན་པ། ཞབས་བྲོ་བརྒྱབ་ན་ཞབས་བྲོ་མཁས་པ་ཡོད་པས་དེ་རིང་འདི་ལས་ཀྱང་སྤྲོ་བ་ཡོང་གི་རེད”ཅེས་སེམས་པ་ལང་ལོང་གཡོས་པ་དང་བཞིན་ལ་འཛུམ་གྱིས་ཁེངས། 

ཨ་ཁུ་ཆོས་འཕེལ་གྱིས“ཨོ་ལོའི་གཞས་དང་ཞབས་བྲོར་ག་དུས་བལྟས་བལྟས་རེད། སྔོན་ལ་གསོལ་ཤུལ་འདི་འཐུང་མ་ཚར་ན་ཉེས་ཆང་བཏགས་ཀྱི་ཡིན”ཞེས་ཨུ་ཚུགས་བརྒྱབ།

ཨ་མ་གཡང་སྐྱིད་ཀྱིས“ང་ཚོའི་ཅེས་ལགས་ལོ་གསར་གོང་ལ་ཚུར་བསུ་གི་ཡིན། ཁྱེད་རྣམས་ཚོ་ཚོང་མཇུག་འགྲིལ་ནས་ལོ་གསར་གཏོང་སྐབས། དེ་དུས་ཁོང་གི་གླུ་ཉན་ཆོག་པ་དང་ཞབས་བྲོར་བལྟས་ཆོག་གི་རེད། ད་དུང(པང་དུ་ཕྲུ་གུ་པང་བའི་ཁུལ་གྱིས་ཡོམ་ཡོམ་བྱེད་བཞིན)རྒྱ་གླིང་བཏང་སྟེ་རམ་འདེགས་བྱེད་མཁན་ཞིག་ཀྱང་ཡོད་པ་རེད”ཅེས་སྤོབས་པ་དང་བསྟན་བཤིག་ཟུང་ལྡན་གྱིས་སྨྲས་པས་ཁོ་ཚོ་ཚང་མ་གད་མོ་ཤོར།

དེ་ཉིན་ཕྱི་དྲོ་བསམ་ཁང་ནས་ཟླ་ཕན་གྱི་གཅུང་བོ་བཀྲ་ཤིས་དེ་གར་འབྱོར། གང་དུ་འགྲོ་མིན་འདྲི་སྐབས་འདིར་ཡོང་བ་རང་ཡིན་ཟེར། དུས་ཚོད་སྔ་བོ་མིན་པས་པ་སངས་ཚེ་རིང་དོགས་པ་ཟོས་ནས“ཨ་ཅག(བཀྲ་ཤིས་ཀྱི་འབོད་སྟངས་ལྟར)དང་ཕྲུ་གུ་ཐང་མ་རེད་འདུག་གམ”ཞེས་དངངས་སྐྲག་དང་བཅས་ཏེ་དྲིས། བཀྲ་ཤིས་ཀྱིས་ལམ་སང་ཁོ་མ་བུ་གཉིས་དང་དེ་མིན་ནང་མི་དང་བཅས་པ་བདེ་མ་ཐང་མ་ཡིན་པས་སེམས་ཁྲལ་བྱ་དགོས་མེད་ལུགས་བརྗོད་པས་གཞི་ནས་བློ་བདེ་བོ་བྱུང་བ་དང་། དེ་གར་ཕྱི་མི་ཡོད་པས་དོན་དག་སྐད་ཆ་འདྲི་མ་ཕོད་པར་དོ་ནུབ་འཕྱི་པོ་ཆགས་ཚར་བས་ལོག་རྩིས་མ་བྱེད་ཅེས་མཉམ་དུ་ཆང་བླུགས།

ས་རུབ་རྗེས་ཕྱི་མི་རྣམས་འཁྱར་འཁྱོར་ངང་རང་གནས་སུ་ལོག་པ་དང་ནང་མི་ཚོ་ཡང་ཉལ་རྩིས་བྱེད་ཀྱི་ཡོད་ཅིང་། དེ་དུས་ཨ་ཁུ་ཆོས་འཕེལ་གྱི་བཞིན་ལ་དམར་མདངས་རྒྱས་པ་དང་ད་དུང་ཆང་འཐུང་འདོད་པས“རང་གི་བཟའ་ཟླར་ཆང་འདུག་ན་ད་དུང་ཕོབ་དང”ཟེར། པ་ཕ་ཚེ་དབང་གིས“ད་འཕྱི་པོ་ཆགས་འདུག་པས་ཉལ་རྩིས་བྱེད་དོ”ཟེར་བར་གཡང་སྐྱིད་ཀྱིས“པ་ལགས་ཁྱེད་རང་མནལ་བྲོ་ཡི་ཡོད་འགྲོ། ཨ་ཁུ་ལགས་དང་ཨོ་ལོ་ནང་དུ་སྡོད་རྒྱུ་ཉུང་བ་དང་དེ་རིང་ཨོ་ལོ་བཀྲ་ཤིས་ལགས་ཀྱང་ཕེབས་ཡོད་པས་ཕྲན་ཙམ་ཅི་གྲོས་མིན་གྲོས་གནང་སྟེ་བཞུགས། བསེར་ན(འཁྱགས་ན)ངས་མེ་བཏང་ཆོག”ཅེས་ལམ་སང་རྫ་ལའི་ནང་དུ་བུད་ཤིང་བསྣན།

ཁོ་ཚོས་མུ་མཐུད་སྐྱིད་གཏམ་སྡུག་གཏམ་འདྲ་བཤད་བཞིན་ཆང་མུ་མཐུད་འཐུངས་ནའང་བཀྲ་ཤིས་ནི་རང་ཉིད་ཡོང་དོན་དེ་ཁོ་ཚོར་བརྗོད་བདེ་བོ་མེད་པས་ཁོ་ཚོའི་གཏམ་གླེང་མི་ཐོས་ལ་ཆང་གི་བྲོ་བ་ཡང་མི་ཤེས། ཕ་ཚེ་དབང་ནི་མི་བབ་ཆགས་པོ་དང་བྱ་བ་ནན་པོ་ཞིག་ཡིན་པ་དང་། རྣམ་ཀུན་སྐད་ཆ་ཉུང་ལ་ཆང་འཐུང་མཁན་ཞིག་ཡིན་པས་ད་དུང་ར་དེ་ཙམ་བཟི་མེད་པར་བཀྲ་ཤིས་ཀྱི་གདོང་ལས་ཁོའི་རྣམ་འགྱུར་མཐོང་བས“བཀྲ་ཤིས་ལགས་ལ་ད་རེས་ལས་ཀ་ག་རེ་ཡོད་དམ”ཞེས་དྲིས། སྐད་ཆ་དེས་ནང་མི་ཚང་མའི་དོ་སྣང་བྱ་ཡུལ་བཀྲ་ཤིས་ཀྱི་སྟེང་དུ་བབས་པ་དང་ཚང་མས་རྣ་བ་ཀྲོང་ཀྲོང་གིས་བཀྲ་ཤིས་ཀྱི་སྐད་ཆར་བསྒུགས། 

བཀྲ་ཤིས་ནི་དེ་བས་བཤད་མ་བདེ་བར་གྱུར་ནས་སྙིང་ཁ་ལྟིག་ལྟིག་ཏུ་གཡུགས་པ་དང“ཨའོ། ད་འདི……ད་འདི་གང་འདྲ་ཞེས་ཞུ་དགོས་རེད་དམ”ཞེས་ཐ་ངེ་ཐེང་ངེ་བྱེད་པ་དེས་ནང་མི་རྣམས་ལ་དངངས་སྐྲག་དང་འཇིགས་སྣང་ཆེན་པོ་སྤྲད་པས་ཚང་མས་དབུགས་ཀྱང་གཏོང་མི་ཕོད་པར་བློ་རྩེ་གཅིག་སྒྲིམ་ངང་ཁོའི་ཁ་ནས་སྐད་ཆ་ཐོན་རྒྱུར་བསྒུགས།

བཀྲ་ཤིས་ཀྱིས“ཨ་ཅག་གིས་ཁོང་གི་སྒམ་དང་ཉལ་ཆས་དེ་གཟའ་ཚེས་དགེ་བ་ཞིག་ལ་ཕར་ཙམ་སྐྱེལ་རོགས་ཟེར་གྱི་འདུག”

ཉིན་ཤས་རིང་བསམ་ཁང་གི་ནང་མི་ཚོས་སྡེ་ནུབ་ལ་ཇི་ལྟར་བཤད་རྒྱུའི་སྐོར་གྲོས་སྡུར་ཡུན་རིང་བྱས་པ་དང་། བཀྲ་ཤིས་དེ་རིང་ལམ་བར་དང་སྡེ་ནུབ་ཏུ་འབྱོར་ནས་ཀྱང་ཕྱི་དྲོ་ཧྲིལ་བོར་སྐད་ཆ་ཇི་ལྟར་བཤད་དགོས་པ་མ་ཤེས་པར་སེམས་ནང་ཐེ་ཚོམ་དང་། དངངས་སྐྲག བློ་འཚབ་བྱུང་། ཁོས་སྐད་ཆ་གོ་རིམ་ཡང་ཡང་བསྒྲིགས་ནའང་བཤད་དགོས་པའི་སྐད་ཆ་ནི་ཚིག་དེ་རང་ཡིན་པ་དང་། དེ་ནི་ཇི་འདྲའི་མདོར་བསྡུས་ལ་སྟབས་བདེ་བ་ཞིག་ཡིན་པས་སྐད་ཆ་བཤད་ཚར་རྗེས་མཇུག་འབྲས་ག་རེ་ཐོན་མིན་ལ་མ་ལྟོས་པར་བཤད་ཅི་ཐུབ་བྱས་པས་ཁོའི་མགྲིན་པའི་ནང་ནས་དངོས་པོ་རྡོག་རྡོག་ཅིག་ཐོན་པ་བཞིན་གློ་བུར་དུ་ནམ་ལངས་པ་ལྟར་གྱུར་ཅིང་། ལུས་ཀྱི་ཁྲག་རྒྱུན་ཡང་འཁོར་ལམ་བདེ་རུ་ཕྱིན།

ཨ་མ་གཡང་སྐྱིད་ཡ་མཚན་ནས“དེ་ག་རེ་ཟེར་གྱི་རེད་དམ། ཉལ་ཆས་དྲོད་ཀྱི་མི་འདུག་ཨེ་ཟེར། ད་ནི་ལོག་རན་ཡོད་པས……”ཞེས་གོ་དོན་མ་རྟོགས་པར་དེ་ལྟར་དྲིས།

ཨ་ཁུ་ཆོས་འཕེལ་ར་བཟི་བ་ཡང་དྭངས་པར་གྱུར་ནས་སྐད་ཤུགས་ཆེན་པོས“ཁྱེད་རང་ལས་གཏི་ལྐུགས་ཚ་བ་ཞིག་མི་འདུག བུ་མོ་ཡོང་གི་མིན་ཟེར་གྱི་ཡོད་པ་རེད། བུ་མོ་རང་ཡུལ་དུ་ཐོན་པར་གཟའ་དང་སྐར་མར་ལྟ་དགོས་མེད་པས་སང་ཉིན་བཀྲ་ཤིས་རང་གིས་ཁྱེར་སོང་ན་འགྲིག་གི་རེད”ཅེས་བཤད།

ཨ་མ་གཡང་སྐྱིད་ཧང་སངས་ནས་རེ་ཞིག་མིག་ཁྱོ་བོ་རྒན་པར་ལྟ་བཞིན་ཅི་བཤད་འདི་བཤད་མེད་པར་ལུས་པ་དང་། ཡུད་ཙམ་སོང་རྗེས་པ་སངས་ཚེ་རིང་ལ“འདི་འདྲ་གང་འདྲ་བྱས་པ་རེད་དམ”ཞེས་དྲིས།

པ་སངས་ཚེ་རིང་མགོ་རྨོངས་པ་དང་གོ་བ་མ་ལོན་པར་ལུས་ཡོད་པས་ཨ་མས་སྐད་ཆ་དྲིས་རྗེས་རླུང་དང་བཅས་ཏེ“ངས་ག་རེ་ཤེས་ཀྱི་རེད་དམ”ཞེས་དང་། ཡང་བཀྲ་ཤིས་ལ་གཏད་དེ“རྒྱུ་མཚན་ག་རེ་ཡིན་ནམ། ག་དུས་ཟེར་གྱི་འདུག་གམ”ཞེས་དྲིས།

བཀྲ་ཤིས་ཀྱིས“ང་ཚོར་ཡང་རྒྱུ་མཚན་གསལ་བོ་བཤད་ཀྱི་མི་འདུག་ལ་སྐད་ཆ་དེ་ཡང་ཉིན་ཤས་གོང་ཨ་མ་ལ་གཞི་ནས་བཤད་འདུག ཕ་མ་ཚོས་གོ་སྐོན་ཇི་ལྟར་བྱས་ཀྱང་ཨུ་ཚུགས་མཐར་སྐྱེལ་བྱས་ཏེ། གླགས་རྙེད་ཀྱི་མི་འདུག”ཟེར།

དོན་དེས་ནང་མི་ཚང་མ་ཧང་སངས་དགོས་བཟོས་པ་དང་ཚང་མ་མགོ་འཐོམས་ནས་ཚོད་དཔག་སྣ་ཚོགས་བྱས་པ་དང་། ཅི་ལེགས་གང་ལེགས་ཀྱི་གྲོས་མང་བོ་བྱས། ཨ་ཁུ་ཆོས་འཕེལ་ནི་མི་སྤྲོ་ཐུང་ཞིག་ཡིན་པས“རྒྱ་གར་རྨ་བྱའི་སྒྲོ་མདོངས་བྱུང་ན་བསམ་པ་མ་གཏོགས། བོད་ལ་བྱ་ཡི་མཇུག་སྒྲོ་མེད་པ་མ་རེད། སྒམ་དང་ཉལ་ཆས་སྐུར་ཐོངས”ཞེས་རླུང་དྲག་པོ་ལངས། འོན་ཀྱང་བསམ་བློ་གཏོང་སྐབས་གང་ལྟར་ཡང་ཟླ་བ་ཕན་ཐོགས་ཁྱིམ་ཚང་འདིའི་ནང་དུ་ལོ་བཞི་ལྷག་བསྡད་པ་དང་། བཟའ་ཟླ་ཚང་མར་མཐུན་ཐག་ཆོད་ཡོད་པར་མ་ཟད། ནང་མི་ཚང་མ་དང་མཐུན་ལ་ལབ་གླེང་བྱ་དགོས་གཏན་ནས་མེད་པས་ཡང་སྙིང་དོན་གང་ལ་མོས་ཀྱི་མེད་ལུགས་སྐད་ཆ་གསལ་བོ་ཞིག་འདྲི་རྒྱུ་དང་། ད་ཆ་ཁྱིམ་གྱི་རུས་རྒྱུད་ཀྱང་སྐྱེས་ཡོད། ཚང་མ་ལྟོ་རྒྱུས་ཡོད་དང་ལས་རྒྱུས་ཡོད་པ་ཡིན་པས་འཁྲུག་པ་ལྷ་ཡུལ་དང་འདུམ་པ་སྲིན་ཡུལ་གྱི་དཔེ་ལྟར་ལྷ་རབ་བྱུང་ན་འགྲིག་པ་བྱེད་རྒྱུ། མཐའ་མ་ཡོང་འདོད་གཏན་ནས་མེད་པ་དང་བློ་མོས་གཏན་ནས་མེད་ན་ཆུ་འཐུང་མི་འདོད་པའི་གླང་གི་གཉའ་ནས་གནོན་དགོས་ཡོད་པ་མ་རེད་ཅེས་ཐག་བཅད།

བདུན།

པ་ཚེས་ཟླ་ཕན་ལ་ག་དུས་ཡིན་ནའང་ཅེས་ལགས་ཞེས་ཁོག་པའི་སྙིང་དང་དཔྲལ་བའི་མིག་བྱེད་པར་མ་ཟད། བུ་འབྲིང་བ་གཉིས་ཀྱང་མི་བབ་ལེགས་ལ་ཁྱིམ་གྱི་ཆ་རྐྱེན་འཛོམས་པས་ཉེ་འདྲིས་བྱེད་མཁན་དམན་ཤར་མང་བོ་ཡོད་ནའང་། བུ་རྒན་མགོ་ལ་གྲོང་ཚོ་གཞན་ཞིག་ཏུ་དགའ་བོ་བྱ་ཡུལ་བུ་མོ་ཞིག་ཡོད་པ་རེད་ཅེས་གྲགས་ནའང་། ཟླ་བ་ཕན་ཐོགས་ཀྱི་མདུན་དུ་རྣམ་འགྱུར་ངན་པ་ཐེངས་གཅིག་དང་སྐད་ཆ་མི་སྙན་པ་ཚིག་གཅིག་བརྗོད་མ་མྱོང་བར་གཉིས་ཀ་ཕན་ཚུན་ཁ་མཐུན་ཞེ་མཐུན་ཡིན། སྐབས་དེར་ཨ་ཁུ་ཆོས་འཕེལ་ཁོང་ཁྲོ་ལངས་ནས་ཡོད་པ་མ་གཏོགས། ནང་མི་གཞན་དག་ཚོས་ད་དུང་ཡང་རང་ཐོག་ལ་ཞིབ་བཤེར་གྱིས་ཟླ་ཕན་ཡོང་མ་འདོད་པའི་རྒྱུ་རྐྱེན་རང་ཉིད་ལ་ཡོད་མིན་བཙལ་བ་དང་ཞིབ་བཤེར་བྱས་ནའང་། འདི་ཡིན་གྱི་རེད་སྙམ་པའི་དོགས་གཞི་ཙམ་ཡང་མ་ཪྙེད་པས་ཁོང་ཚོ་དེ་བས་མགོ་རྨོངས།

བུ་མོ་མནའ་མར་འགྲོ་སར་སྡུག་མྱངས་པ་དང་། མ་སྐྱིད་པའི་གནས་ཚུལ་གང་ཡང་མེད་པ་དེ་མོ་རང་གི་ཕ་མ་སྤུན་ཉེ་ཚོས་ཀྱང་ཤེས་ཀྱི་ཡོད་ལ་ཟླ་ཕན་རང་གིས་ཀྱང་རྒྱུན་དུ་བཤད་ཀྱི་ཡོད་པས་ཕ་མ་ཚོས་མོ་ལ་གཤེ་གཤེ་དྲག་པོ་བཏང་བ་དང་ངེས་པར་དུ་ལོག་འགྲོ་དགོས་པའི་བཀའ་བཏང་མོད། ལུ་གུ་ལྟར་གྱི་ཁ་ལ་ཉན་ཞིང་གཤིས་ཀ་འཇམ་པའི་ཟླ་བ་ཕན་ཐོགས་གློ་བུར་དུ་ཁ་ལོ་གཅུན་དཀའ་བའི་གླང་རྒན་མཇིང་པ་སྦོམ་པོ་ཞིག་ལྟར་གྱུར་ནས་མི་འགྲོ་ཐག་ཆོད་ཡིན་ཞེས་ཐག་གིས་བཅད།

ཕུར་བུ་མཚམས་གཅོད་དང་ཟླ་ཕན་གཉིས་ལ་ཆུང་དུས་འགྲོགས་པའི་མཛའ་བཤེས་མེད་ནའང་། ཁྱིམ་ཚང་གཉིས་བུ་མོ་ཕན་ཚུན་གོ་བརྗེས་ཀྱིས་མནའ་མར་སོང་བ་ནས་བཟུང་ལས་དབང་གཅིག་པའི་འདུ་ཤེས་ཀྱི་ཐོག་ནས་གཉིས་ཀས་ཕན་ཚུན་ལ་བརྩི་བཀུར་བྱེད་པ་དང་། ལྷག་པར་དུ་ད་རེས་ཟླ་བ་ཕན་ཐོགས་ཁྱིམ་དུ་ཟླ་ཤས་སྡོད་རིང་ཕུར་མཚམས་ཀྱིས་རང་གི་གཅུང་མོ་བཞིན་མོའི་འགྲོ་སྡོད་སྤྱོད་གསུམ་གྱི་ཐད་སེམས་ཁུར་ཚད་མེད་བྱས་པས་ཁོ་གཉིས་བར་གྱི་བརྩེ་དུངས་སྔར་བས་ཟབ་ཏུ་སོང་བ་དང་གཉིས་ཀའི་ལས་དབང་མཉམ་དུ་སྦྲེལ་ཡོད་པའི་འདུ་ཤེས་ཇེ་ཟབ་ཏུ་སོང་། ཟླ་ཕན་གྱི་གློ་བུར་ཐོག་རྒྱག་གི་འགྱུར་ལྡོག་དེར་ཕུར་མཚམས་ཧ་ལས་པ་དང་། དེ་ནི་རྦད་དེ་བསམ་ཡུལ་ལས་འདས་པ་ཞིག་ཡིན་པས་རེ་ཞིག་ཅི་བཤད་ཀྱང་མེད་པར་གྱུར། འོན་ཀྱང་ཁྱིམ་ཚང་ཞིག་ལ་མནའ་མ་མག་པ་བསུ་རྒྱུ་དེ་ཇ་བ་མ་གང་བསྐོལ་བ་བཞིན་སྟབས་བདེ་བོ་ཞིག་མིན་ལ། ཆང་ཚོས་གཅིག་བཙོ་བ་ལྟར་གྱི་ལས་སླ་བོ་ཞིག་ཀྱང་མིན། དེ་བས་མནའ་མ་མག་པ་གོ་ལོག་ཚེ་ཁྱིམ་ཚང་དེར་དཔལ་འབྱོར་གྱི་གྱོ ང་གུན་ཙམ་མ་ཟད་དེའི་མཚན་སྙན་གྲགས་དང་ནང་གི་བུ་སྤུན་རྣམས་ཀྱི་ངོ་སོ་ལ་གནོད་སྐྱོན་ཇི་འདྲ་ཞིག་ཡོང་མིན་དེ་ཕུར་མཚམས་ཀྱིས་ཀྱང་བསམ་གཞིག་མི་ཐུབ་པ་ག་ལ་སྲིད། རང་གི་ཕ་མ་སྤུན་མཆེད་དང་རང་ཉིད་སྐྱེ་ས་འཚར་སའི་ཁྱིམ་ཚང་གི་ཁེ་ཕན་དང་སྙན་གྲགས་ལ་གནོད་པའི་གནས་ཚུལ་ལ་ཐུག་སྐབས་རང་ཉིད་གནས་ལ་སོང་ཟིན་ནའང་ཤ་རུས་པའི་འདུ་ཤེས་ཀྱིས་བཟོད་མི་ཐུབ་པས་ཉིན་ཤས་སོང་རྗེས་མོ་ཡང་ཟླ་ཕན་གྱི་བྱེད་སྟངས་ལ་ཁོང་ཁྲོ་ཟོས་ནས“མ་གཞི་ནས་ཅེས་ལགས་ཁྱེད་རང་ལ་ངའི་ཕ་མ་དང་། ལྷག་པར་དུ་བུ་སྤུན་ཚོས་མ་འོས་མ་འཚམས་པ་ག་རེ་བྱས་བྱུང་ངམ”ཞེས་དྲིས་པ་དང་། “ངེད་གཉིས་ནི་མནའ་མ་གཞན་དང་མི་འདྲ་བར་བུ་མོ་གོ་བརྗེས་བརྒྱབ་པ་ཞིག་ཡིན་པས་ད་ཆ་ལྦ་བ་མ་འདོད་པར་སྐེ་འདོད་ཀྱི་མ་རེད། ཕུར་མཚམས་བཙོངས་པ་མ་རེད། བསམ་ཁང་ཉོས་པ་མ་རེད། ང་ལའང་ཕ་མིང་མེད་པ་མིན་ལ། ལྷག་པར་དུ་ཁྱིམ་གྱི་བུ་མོ་ཁྱིམ་དུ་ལོག་ན་མནའ་མ་དགོས་དོན་མེད་པས་ང་ཡང་ལོག་གི་ཡིན”ཞེས་བཤད།

ཉིན་ཤས་སོང་རྗེས་སྡེ་ནུབ་ཀྱི་ཕ་ཚེ་དབང་བསམ་ཁང་དུ་ཟླ་ཕན་ཡང་སྙིང་གཏན་ནས་ཡོང་མ་འདོད་པ་ཡིན་ནམ། ཡང་ན་ཆ་རྐྱེན་གཞན་ཞིག་ཡོད་མིན་སྐོར་སྐད་ཆ་འདྲི་བར་འབྱོར། ཚེ་དབང་གིས་རང་གི་བུ་མོས་བླུགས་པའི་ཇ་ཆང་འཐུང་བཞིན་ཟླ་ཕན་གྱི་ཕ་མ་དང་ལྷན་དུ་མོ་ལ་སྐད་ཆ་ཞིབ་ཕྲ་དྲིས།

ཟླ་ཕན་གྱིས་སྔར་བཞིན“ད་བར་ཕ་མ་གཉིས་དང་བུ་སྤུན་ནང་མི་དང་བཅས་པས་བྱམས་ཀྱིས་བསྐྱངས་པ་དང་འཛུམ་གྱིས་བསུས་པ་ལས་མ་བྱུང་མ་འཐུས་པ་ཚིག་གཅིག་གསུངས་མྱོང་མེད་པས་ཞུ་དགོས་གཏན་ནས་མེད། འོན་ཀྱང་རང་ཉིད་གཟུགས་གཞི་གཅོང་བས་ཁྱིམ་ཚང་ཆེན་པོའི་ཁྱིམ་སོ་ཟིན་ཐབས་བྲལ་ལ་ལྷག་པར་དུ་ད་ལྟའི་བུ་སྤུན་ཧྲག་པོ་དེ་དག་གི་བློ་བསྟུན་མ་ཐུབ་པར་ཕྱི་ལ་ཤོར་ན་ངས་སྡེ་ནུབ་ལ་ཉེས་པ་བསགས་པས། མི་ཚེ་ལས་གཏམ་ཚེ་རིང་བ་ཡོང་གི་རེད་བསམ་གྱི་འདུག”ཅེས་དལ་ལྷོད་ངང་ནས་བཤད།

ཚེ་དབང་གིས“ང་ཚོས་བསམ་བློ་གང་འདྲ་བཏང་ནའང་ཁྱེད་རང་མ་སྐྱིད་པ་བྱུང་དགོས་དོན་མེད་ལ། བུ་མོ་ཁྱོད་ལས་ལྷག་པའི་ཁྱིམ་སོ་ཟིན་པ་ཞིག་འབྱོར་གྱི་རེད་ཀྱང་གཏན་ནས་བསམ་གྱི་མི་འདུག གལ་ཏེ་ཁྱེད་རང་ཁྱིམ་འཛིན་མ་བྱ་འདོད་ནའང་ཨ་མས་ལམ་སང་ལྡེ་མིག་སྤྲོད་ཀྱི་ཡིན་ཟེར་གྱི་འདུག དེ་བཞིན་བུ་ཚོས་མ་འགྲིག་མ་འཐུས་པ་ཡོད་ནའང་དེ་རིང་སྦ་གསང་གཏན་ནས་མེད་པར་བཤད་རོགས། ད་ལྟ་ང་ཚོས་མགོ་འོག་ལུས་མི་ཆུག་པ་མེད་པས་གང་ལྟར་བུ་མོས་ཡོང་གི་མིན་མི་ཟེར་རོགས་ཞེས་ཕ་རྒན་གྱིས་ཞུ་བ་འཐེན་གྱི་ཡིན”ཞེས་ལྷག་བསམ་དང་རེ་ཞུའི་མིག་གིས་ཟླ་ཕན་ལ་བལྟས། ཚེ་དབང་གི་ལྷག་བསམ་དེས་ཟླ་ཕན་གྱི་ཕ་མ་གཉིས་ཀྱང་འཚེར་སྣང་ཆེན་པོ་སྐྱེས་ནས་ཅི་བྱ་གཏོལ་བྲལ་དུ་གྱུར་པ་དང་། ཕུར་མཚམས་ནི་རང་གི་པ་ཕའི་བྱེད་སྟངས་ལ་འཚིག་པ་ཟོས་ནས“རྒྱལ་ཁམས་ལ་བུ་མོ་ཟད་པ་ནི་མ་རེད། དེ་འདྲ་བྱ་དགོས་དོན་ག་རེ་ཡོད་དམ”ཞེས་ཟླ་ཕན་ལ་མིག་ལོག་བལྟས་པ་དང་པ་ཕར་རླུང་བསྟན། ཚེ་དབང་གིས་ལམ་སང་ཕུར་མཚམས་ལ“ཁྱོད་རང་ཁ་ཚུམས”ཞེས་མོ་རང་ལ་སྐད་ཆ་བཤད་དུ་མ་བཅུག

ཟླ་ཕན་གྱིས་ཚེ་དབང་གི་མདུན་དུ་པུས་མོ་ལྟིག་སེ་བཙུགས་པ་དང་མཆི་མ་ལུ་ཆུ་བརྡོལ་བ་ལྟར་གཏོང་བཞིན“པ་ལགས་དང་། ཨ་ཅག་ལགས། དེ་བཞིན་ཕ་མ་གཉིས་བཅས་ལ་ངས་དགོངས་དག་ཞུ་རྒྱུ་དང་སྦྲགས་ང་ལ་ཨུ་ཚུགས་མ་གནང་རོགས། ངས་བསམ་བློ་ཉལ་ལངས་སྒུར་གསུམ་གྱིས་བཏང་བ་ཡིན། ང་ལོ་བཞི་ལྷག་ཙམ་སྡོད་རིང་ཁྱེད་རྣམས་ཀྱིས་ཡག་པོ་དེ་ལྟ་བུ་གནང་ནའང་ངས་བསམ་བློ་གཏོང་སྐབས་ངའི་སེམས་ནང་དུ་ག་དུས་ཡིན་ནའང་བུ་སྤུན་ཕྱི་ལ་གྱར་དོགས་དང་། ཁྱིམ་སོ་མི་ཟིན་པར་དོགས་པའི་སེམས་ཁྲལ་གྱི་ཁུར་པོ་ཞིག་གིས་རྟག་ཏུ་མནན་ཡོད་པས་ང་ལ་གང་ལྟར་བདེ་སྐྱིད་ཀྱི་སྣང་བ་གཏན་ནས་མི་འདུག ད་ཆ་བསམ་བློ་གཏོང་སྐབས་ང་མ་གཞི་ནས་འཇིག་རྟེན་མཐུན་འཇུག་བྱ་མ་རུང་བ་ཞིག་རེད། འོན་ཀྱང་ད་ལྟ་ལན་ཆགས་དང་སྦྲེལ་བས་ཆོས་སྒོར་ཞུགས་ཐབས་བྲལ་སོང་། ཁྱིམ་ཐབ་མའི་དབང་ཆ་ནི་སྔོན་ཆད་བསམ་མ་མྱོང་ལ་ད་ལྟ་དེ་བས་ཀྱང་བསམ་གྱི་མི་འདུག དེ་བཞིན་ང་དང་ཕྲུ་གུ་མཉམ་དུ་གཅིག་པུར་སྡོད་རྒྱུ་དེ་ནི་ངའི་རེ་བ་འབའ་ཞིག་ཡིན་པས་ཅེས་ལགས(ཕུར་མཚམས)ཀྱིས་ཀྱང་ལོག་གི་ཡིན་མ་གསུང་རོགས”ཞེས་ཞུ་བ་མཐའ་གཅིག་ཏུ་འཐེན་པས་ཁོ་ཚོ་བྱ་ཐབས་མེད་པར་གྱུར། ཚེ་དབང་གིས“འོ་ན་རྗེས་སུ་ཅི་འདྲ་བྱ་རྩིས་ཡོད་དམ”ཞེས་དྲིས།

ཟླ་ཕན་གྱིས་མགོ་བོ་སྨད་དེ་སྐད་ཤུགས་ཆུང་ངུས“ངས་བསམ་བློ་བཏང་བ་ཡིན། ད་ཆ་ང་ཕ་མིང་གི་ཁྱིམ་དུ་ཕ་མ་གཉིས་ཀྱིས་ཉར་ཀྱང་བུ་སྤུན་ཚོ་དང་ཅེས་ལགས་ཀྱིས་མོས་མཐུན་བྱེད་ཀྱི་མ་རེད། པ་ལགས་ཁྱེད་རང་ཕྲུ་གུ་འདིའི་སྤོ་བོ་ཤ་སྟག་ཡིན་པས་གང་ལྟར་ང་གཉིས་སྡོད་ཤོང་ཙམ་ཞིག་བྱུང་ན་བློ་ཁ་དེ་ངང་གིས་རྫོགས་པ་ཡིན། ཕྲུ་གུ་འདི་མགོ་ཐོན་ཚོད་ལ་ང་རང་རྒན་ཆོས་བྱེད་སྙམ་གྱི་འདུག”ཟེར།

ཚེ་དབང་ཁྱིམ་དུ་སླེབས་ནས་གནས་ཚུལ་དག་ནང་མི་ཚོར་བཤད་སྐབས་ཨ་ཁུ་ཆོས་འཕེལ་ལམ་སང་ཁོང་ཁྲོ་ལངས་ནས“ཨ་ཇོ་ཁྱོད་ལས་བྱབས་ཆུང་བའི(ཆོ་ཆུང་བ)མི་ཞིག་མེད། ཁས་བླངས་ཚར་བ་ཡིན་ནམ”ཟེར།

ཚེ་དབང་གིས་ཆོས་འཕེལ་ལ་ལག་བརྡ་བྱས་ཏེ“ལམ་སང་རླུང་མ་བྱེད་དང་། རླུང་བྱས་པས་གནས་ཚུལ་ཐག་གཅོད་ཐུབ་ཀྱི་མ་རེད། པ་སངས་ཚེ་རིང་ཁྱོད་རང་མོའི་བཟའ་ཟླ་ཡིན་ལ་བུ་རྒན་ཤོས་ཡིན་པས་ཁྱོད་ཀྱིས་བྱས་ན་གང་འདྲ་བྱ་རྩིས་ཡོད་དམ”ཞེས་དྲིས།

ཨ་ཁུས་མུ་མཐུད་དེ“བུ་མོ་ལྦ་བ་མ་འདོད་པར་སྐེ་ལ་འདོད་པ་བྱ་རྒྱུ་ཅི་ཡོད། མོ་ང་ཚོའི་མནའ་མ་བྱེད་འདོད་མེད་ན་ས་ཁང་ས་ཞིང་གི་སྐལ་བ་སྤྲོད་དགོས་དོན་མེད”ཟེར།

པ་ཕས་པ་སངས་ཚེ་རིང་ལ་བལྟས་ཏེ་ཡོད་པ་དང་པ་ཚེས་མགོ་བོ་སྨད་པ་ལས་ཅི་ཡང་མི་སྨྲ་བ་མཐོང་སྐབས་ཨ་ཁུས་སླར་ཡང“མ་གཞི་ཡོང་གི་མ་རེད། བུའི་འཇོན་ཐང་འདི་ལས་མེད་རྐྱེན་གཞན་གྱིས་བརྙས་བཅོས་བཤད་ཀྱི་ཡོད་པ་རེད”ཅེས་ཧ་ལམ་ལྕགས་དྲའི་ནང་དུ་བཅུག་པའི་སྟག་རྒོད་བཞིན་སྐར་མ་ཁ་ཤས་ཀྱང་བཟོད་མི་ཐུབ་པར་གྱུར།

མནའ་མར་སླེབས་ནས་ལོ་གཅིག་གཉིས་སོང་ནས་གྱེས་མཁན་ལའང་ས་ཞིང་དང་ཁང་པའི་སྐལ་བ་སྤྲོད་མཁན་ཡོད་པ་དང་། དེ་བས་ཀྱང་ཟླ་ཕན་སྡེ་ནུབ་ཏུ་ལོ་བཞི་ལྷག་ཙམ་ལ་ཁ་ཚིག་ངོ་འཛུམ་གྱིས་བསྡད་པར་མ་ཟད། ད་ཆ་མོ་རང་གིས་ལོགས་སུ་ཐོན་རྒྱུའི་རེ་བ་བཏོན་ནའང་དེ་ནི་ཁྱོ་ཡན་བཙལ་པ་ལྟ་བུའི་གནས་ཚུལ་མིན་པས་སྐལ་བ་འོས་འཚམ་མ་སྤྲད་ན་ལྷ་ཆོས་མི་ཆོས་གཉིས་ཀ་དང་མི་མཐུན་པར་ཡུལ་ལུང་པའི་མི་ཚོའི་གླེང་གཞིར་འགྱུར་ཉེན་ཡོད་པས་པ་སངས་ཚེ་རིང་གིས་རང་ཉིད་ཀྱི་བསམ་ཚུལ་དེ་དག་སྨྲས།

ཨ་ཁུ་ཆོས་འཕེལ་དེ་བས་ཁོང་ཁྲོ་ལངས་ནས“ཧིན”ཞེས་མ་མོས་པའི་སྣ་ཤུ་འཐེན་པ་དང“ཁང་པ་འདི་རྒྱ་ཆེན་པོ་དང་ཆ་ཚང་པོ་ཡོད་པ་སྣང་བར་འགྲོ་གི་མེད་པ་རེད། འོན་ཀྱང་འདི་ནི་ང་ཚོས་འཇོན་པ་མ་ཡིན་པར་ང་ཚོའི་ཕ་མེས་ཀྱིས་བསྐྲུན་པ་ཞིག་ཡིན་པས་གང་ལྟར་འདི་ནས་ལྷུ་ལག་འཕྲལ་རྩིས་མ་བྱེད”ཅེས་བཤད།

དེ་ལྟར་ཟླ་བ་ཕན་ཐོགས་དང་ཕྲུ་གུ་གཉིས་ལ་ཁང་པ་ཀ་གཅིག་ལྕམ་གང་མ་སྒོ་ར་དང་བཅས་པ་གསར་དུ་བརྒྱབ་པ་དང་། ཁྱིམ་ཚང་གཉིས་ཀྱིས་འཛིན་ཆས་འོས་འཚམ་རེ་བསྒྲིགས། མོ་ལ་ལག་ཤེས་གཞན་མེད་པས་སྡེ་ནུབ་ནས་ས་ཞིང་ཁལ་གཉིས་དང་བ་མོ་འཇོ་རྒྱུ་ཡོད་པ་གཅིག་སྤྲད་པར་མ་ཟད། ད་དུང་ཕྲུ་གུ་དེ་མ་ལོངས་བར་གྱི་རྐང་རྩ(ལྷམ)དེ་ཕ་ཕྱོགས་ནས་བཟོ་རྒྱུ་བྱས་ཏེ་ཞི་འཇམ་ངང་གྱེས།

བརྒྱད།

ཁྱིམ་གྱི་བུ་མོ་མནའ་མར་ཕྱིན་ཚར་བ་དང་། མནའ་མ་ཡང་ལོགས་སུ་ཐོན་པས་ཁྱིམ་དུ་མོ་ལས་བྱེད་མཁན་བུ་སྤུན་ཚོའི་ཨ་མར་ཐུག ཨ་མ་གཡང་སྐྱིད་ལོ་ཆེན་པོ་དེ་ཙམ་མིན་ནའང་ཞིང་ལས་ལྟ་ཞོག་ཁྱིམ་གྱི་བལ་ལས་སྣམ་འཐག་དང་། བཟའ་བཏུང་གཡོ་སྐོལ་སྒོ་རའི་ནང་གི་ཕྱུགས་ཟོག་རྩྭ་ཁ་ཆུ་ཁ་བྱེད་པ་སོགས་ནང་ལས་ཙག་ཙིག་ཁོ་ན་མི་ཚར་བ་ཡོད་པས་ལག་རོགས་བུད་མེད་ཅིག་མེད་ཐབས་མེད་པར་མ་ཟད། ལྷག་པར་དུ་བུ་སྤུན་རྣམས་ལ་མནའ་མ་མེད་པར་ཡུན་རིང་པོ་བཞག་ན་ཕྱི་ལོགས་ལ་གྱར་ཉེན་ཆེན་པོ་ཡོད་པས་ཡུན་རིང་མ་སོང་བར་མནའ་མ་གསར་བ་ཞིག་ཁ་ཁུངས(འཚོལ་མངགས)བྱས།

ད་རེས་ནི་སྔོན་ཆད་དང་མི་འདྲ་བར་ཕ་མ་ཚོས་རྩད་འཚོལ་བྱས་ནའང་བུ་དང་བུ་མོ་ཕན་ཚུན་བལྟས་ཏེ་བློ་མོས་ཡོད་མེད་སྐད་ཆ་མ་དྲིས་ན་ཉེན་ཁ་ཚ་བོ་ཡོད་པས་ཨ་ཁུ་ཆོས་འཕེལ་གྱིས་བུ་གཅིག་ཁྲིད་དེ་ལྟ་བར་འགྲོ་རྩིས་ཡོད། ཕ་མ་ཚོས་བུ་སུ་འགྲོ་མིན་སྐད་ཆ་འདྲི་སྐབས་སུ་གཞོན་པ་ཚོའི་སེམས་ལ་ཨ་ཇོ་ཡོད་པས་ཨ་ཇོས་བལྟས་ན་མི་འགྲིག་པ་མེད་སྙམ་པ་ལས་བསམ་འཆར་འདོན་མི་ཕོད། འོན་ཀྱང་པ་སངས་ཚེ་རིང་གི་བསམ་བློའི་ནང་དུ་མནའ་མ་གསར་བ་མགྱོ གས་པོ་དེ་འདྲ་ལེན་གྱི་རེད་སྙམ་པ་མེད་པས“མགྱོགས་པོ་འདི་འདྲ་ཨེ”ཞེས་ཁ་ནས་ཤོར།

ཕ་ཚེ་དབང་གིས“དེ་ལ་མགྱོགས་དང་འགོར་གྱི་གནད་དོན་ཡོད་པ་མ་རེད། ང་ཚོའི་མནའ་མ་ལོགས་སུ་ཐོན་པ་ལས་ཤི་བ་ནི་མ་རེད”ཅེས་བརྗོད།

ཕྱི་ལ་ལྷགས་པ་འུར་འུར་དུ་ལྡང་བཞིན་ཡོད་པ་དང་ཁ་བ་ཟམ་ཟིམ་འབབ་བཞིན་ཡོད་ནའང་ཁྱིམ་གྱི་ཐབ་ནང་གི་མེ་དམར་ལྷང་ལྷང་དུ་འབར་གྱི་ཡོད་པས་ཁང་པ་ད་དུང་དྲོ་སོབ་སོབ་ཏུ་གནས། ནང་མི་རྣམས་ཐབ་ཀྱི་མེ་འོད་དང་སྣུམ་བཞུའི་འོད་ལ་བརྟེན་ནས་རང་རང་སོ་སོའི་ལག་ལས་བྱེད་བཞིན་ཡོད་པ་དང་ཁ་ཁུ་སིམ་མེར་གནས།

“ད་རེས་རྫ་འཚོང་བར་ང་འགྲོ་ཆོག་པས་ཨ་ཁུ་རང་གིས་གཅུང་པོ་ཞིག་ཁྲིད་དེ་ལྟ་བར་སོང་ན་ཡག་གི་རེད།”པ་སངས་ཚེ་རིང་གིས་དེ་ལྟར་བཤད། དགུན་ཁ་ཤར་བ་ནས་བཟུང་པ་སངས་ཚེ་རིང་རྫ་ཆས་འཚོང་བར་ཐེངས་འགའ་སོང་ཟིན་པ་དང་། ད་ཐེངས་ཨ་ཁུ་ཆོས་འཕེལ་ལོ་གསར་གོང་ལ་ཐག་རིང་དུ་ཐེངས་གཅིག་འགྲོ་རྒྱུའི་སྐད་ཆ་སྔ་ས་ནས་ཡོད་མོད། པ་སངས་ཚེ་རིང་གི་གློ་བུར་བའི་སྐད་ཆ་དེ་ནི་གློ་བུར་དུ་དངོས་པོ་ཞིག་འབར་བ་ལྟར་བྱུང་བས་ནང་མི་ཚོ་རེ་ཞིག་ཡ་མཚན་ནས་ཁ་གདངས་མིག་ཅེར་དུ་ལུས། ཨ་ཁུ་ཆོས་འཕེལ་གྱིས་ཁོའི་སྐད་ཆའི་གོ་དོན་ཟུར་ཙམ་རྟོགས་པས་ཁོང་ཁྲོ་ཟོས་ནས“ཁྱོད་བུ་རྒན་པ་ཞིག་དང་མི་འདྲ་བར་ཁྱིམ་ཚང་འདི་སྟོར་འདོད་འདུག་གམ”ཞེས་གཤེ་གཤེ་བཏང་།

པ་སངས་ཚེ་རིང་གིས“བུ་ཆུང་བ་ཚོར་མནའ་མ་ལེན་དགོས་ཀྱི་རེད། དེར་བརྟེན་ཁོ་ཚོ་ནང་ནས་གཅིག་སོང་ན་ཡག་གི་རེད། ང་ལ་ད་ཆ་མནའ་མའི་སེམས་པ་གང་ཡང་མི་འདུག”ཅེས་བཤད།

ཨ་མ་གཡང་སྐྱིད་ཀྱིས“པ་སངས་ཚེ་རིང་ག་རེ་ཟེར་གྱི་ཡོད་དམ། གལ་ཏེ་བུ་མོ་དེ་བློ་ལ་མ་བབས་ན་གཞན་ཞིག་བཙལ་ཆོག་གི་རེད”ཅེས་གོ་སྐོན་བྱས།

ཨ་ཁུ་ཆོས་འཕེལ་གྱིས“ཧིན། པ་སངས་ཚེ་རིང་འཇིག་རྟེན་ལ་ཞེན་པ་ལོག་པ་ཡིན་གྱི་རེད། ད་འོ་ན་གྲྭ་པ་བྱེད་པར་རྒྱུགས། སེ་ར་འབྲས་སྤུངས་དང་བཀྲས་ལྷུན་ལྟ་བུ་ངས་ཁས་ལེན་མི་ཐུབ་ནའང་དེ་མིན་དགོན་པ་ཆེ་ས་ཞིག་ཏུ་བསྐྱལ་ཐོག་གྲྭ་ཤག་ཀྱང་གཞན་ལ་སྨོན་མི་དགོས་པ་ཞིག་བརྒྱབ་ཆོག ཆོས་སྒོ་འཁྱོངས་ན་ཡག་ཤོས་རེད”ཅེས་ཟུར་ཟ་དང་བཅས་ཏེ་སྨྲས་པས་པ་ཚེ་ཡང་ངར་ལངས་པས“དེ་ལྟར་བྱུང་ན་ལྷ་རབ་ཡིན། སྐད་ཆ་འདི་ཨ་ཁུ་རང་གིས་བཤད་པ་རེད་དོ།། ད་འོ་ན་ང་གྲྭ་པ་བྱེད་ཐག་ཆོད་ཡིན”ཞེས་སྐད་བརྒྱབ།

ཕ་མ་ཚོའི་སེམས་ལ་པ་སངས་ཚེ་རིང་ཆོས་ལ་ཤོར་མི་སྲིད་པའི་གདེང་ཚོད་ཕྲན་ཙམ་ཡོད་ནའང་བསམ་བློ་གཏོང་སྐབས་མིའི་སེམས་ནི་དཔོག་དཀའ་བ་ཞིག་ཡིན་པས་དངོས་གནས་ཆོས་ལ་ཤོར་དོགས་ཀྱི་སེམས་ཁྲལ་ཡང་བྱུང་། དེར་བརྟེན་པ་སངས་ཚེ་རིང་གི་བློ་འགུགས་ཕྱིར་མནའ་མར་ལྟ་བར་འགྲོ་རྒྱུའི་དུས་ཚོད་དེ་གནས་སྐབས་སུ་འགྱངས་དགོས་བྱུང་བ་དང་། ཁོའི་སེམས་རྣལ་དུ་བབ་མཚམས་དོན་དེའི་སྐོར་བསྐྱར་དུ་གླེང་རྒྱུ་བྱས་པས་ཉིན་ཤས་སོང་རྗེས་ཨ་ཁུ་ཆོས་འཕེལ་འཆར་གཞི་ལྟར་རྫ་ཆས་འཚོང་བར་ཐོན།

དགུ།

པ་སངས་ཚེ་རིང་གིས་ཆོས་ལ་འགྲོ་གི་ཡིན་ཞེས་བརྗོད་པ་དེ་རླུང་ལངས་པའི་སྐད་ཆ་ཞིག་ཡིན་ནའང་བསམ་བློ་ཅི་ཙམ་བཏང་བ་དེ་ཙམ་གྱིས་གྲྭ་པ་བྱེད་འདོད་སྐྱེས་པ་དང་། ད་འོ་ན་གྲྭ་པ་བྱེད་ཀྱི་ཡིན་སྙམ་པའི་སེམས་ཀྱི་དམ་བཅའ་རེ་འགོད་སྐབས་ལྕེ་དམར་ལྷབ་ལྷབ་དང་རྐང་ལག་བཞི་ཀྲབ་ཀྲབ་བྱེད་པའི་བྱིས་པ་དམར་འབྱར་དེའི་ངོ་གདོང་རྒྱགས་པ་དེ་མིག་ལ་འཁོར་གྱི་ཡོད་པས་དམ་བཅའ་རང་ཡལ་དུ་གྱུར། ཁོའི་ཡིད་ཁམས་ཟང་ཟིང་དུ་གྱུར་པ་དང་སེམས་པ་རྣལ་ལ་འབབ་མི་ཐུབ་པས་ཉིན་ལྟར་ཚར་རྒྱུ་མེད་པའི་ལས་ཀ་ཞིག་ཡོད་ན་ཅི་མ་རུང་སྙམ། ཞོགས་པ་ལངས་པ་ནས་དགོང་མོ་མ་ཉལ་བར་སེམས་གཡེང་ས་ཞིག་འཚོལ་གང་ཐུབ་བྱས།

དེ་ལྟར་ནའང་ད་ལྟ་ནི་དགུན་གྲང་གི་དུས་ཡིན་པས་སོ་ནམ་ལས་ཀ་མེད་ལ་རྫ་ཆས་བཟོ་རྒྱུ་ཡང་མེད་པས་ལོ་གསར་རན་གྲབས་ཡོད་ནའང་ཤིང་རྟ་ཞིག་ལ་བོང་བུ་སྦྲེལ་ནས་རྫ་ཆས་ལྷག་མ་དག་འཚོང་བར་སླར་ཡང་རྡོག་ཐོན་བྱས། རྫ་ཆས་འཚོང་བར་སོང་ན་ལམ་དུ་གནམ་གཤིས་གྲང་བ་དང་། ས་ཆ་གང་དུ་འབྱོར་ནའང་དང་ཐོག་རྫ་ཆས་འཚོང་ཐབས་དང་གནས་ཚང་འཚོལ་དགོས་པས་རང་གི་སེམས་ངལ་ལ་བསམ་ཁོམ་ཡོང་གི་མ་རེད་སྙམ་མོད། ད་ཆ་ས་ཆ་གང་དུ་སོང་ནའང་ལམ་སྐྱ་མོ་དེ་དག་རྒྱུས་མངའ་ཡོད་པ་དང་ཤིང་རྟ་འདྲུད་བཞིན་པའི་བོང་བུའི་རྡོག་སྒྲ་དང་གཡེར་ཁའི་སྒྲ་དེ་ནི་ཁོའི་སེམས་ནད་སེལ་བྱེད་ཀྱི་རོལ་མོར་མ་གྲུབ་པར་བྱང་སྟོང་གི་སྐྱོ་གླུ་ལེན་པ་ལྟར་ཡོད་པས་ཁོའི་སེམས་ཀྱི་འཆར་སྒོ་དེ་དག་སླར་ཡང་འཛིངས་པ་དང་སེམས་པ་སྐྱོ་ལྷང་ལྷང་བྱུང་བས་སྐྱོ་གླུ་ལེན་འདོད་སྐྱེས།

ཁོས་གཡས་གཡོན་མདུན་རྒྱབ་ལ་མི་ཡོད་མེད་བལྟས་པ་དང་རང་ཉིད་གཅིག་པུ་ཡིན་པ་ཤེས་པས་སྔོན་ལ་སྐད་ཆུང་ངུས།

ཆུ་ལ་ཆར་པའི་སྐྱོ་རོགས།།

བྲག་ལ་འུག་པའི་སྐྱོ་རོགས།།

ང་ལ་ལུང་ཆུང་འདི་རུ།།

སྐྱོ་རོགས་མེད་པ་ཅི་ཡིན།།

ཞེས་བཏང་བ་དང་། སླར་ཡང་གཡས་གཡོན་ལ་ལྟ་སྐབས་ད་དུང་རང་ཉིད་གཅིག་པུ་ཡིན་པས་སྐད་ཆེན་པོས།

ན་ནིང་རྟ་ཕོས་གཡུགས་ཀྱང་།།

རྐང་ཆག་ལག་ཆག་མ་བྱུང་།།

ད་ལོ་བྱམས་པས་གཡུགས་པས།།

སྙིང་གི་རུས་པ་གས་སོང་།།

གནམ་ལ་འཕུར་བའི་དཀྱིལ་ནས།།

བྱིའུ་ལས་ཆུང་བ་མི་འདུག །

ལུང་པ་འདི་ཡི་ནང་ན།།

ང་ལས་སྐྱོ་བ་མི་འདུག །

ཅེས་བཏང་རྗེས་རང་དབང་མེད་པར་ངུ་འདོད་པ་ཞིག་བྱུང་བ་དང་སྐྱེས་པ་ཁྱོ་ག་ངུ་མི་ཕོད་པས་བོང་བུར་རྟ་ལྕག་གིས་བྲབས་ཏེ་རྒྱུག་ཏུ་བཅུག

ཨ་ཁུ་ཆོས་འཕེལ་ལོག་ནས་འཁོར་སྐབས་པ་སངས་ཚེ་རིང་ད་དུང་འཁོར་མེད་པ་དང་། བུ་མོའི་ཁྱིམ་གྱིས་མནའ་མ་སློང་སྣ་བརྒྱུད་དེ་ཡང་སྙིང་ག་རེ་བྱ་མིན་ལོ་གསར་གོང་ལ་ཐག་གཅོད་དགོས་པའི་རེ་བ་བཏོན་ཡོད་པས་ནང་མི་རྣམས་སེམས་རབ་ཏུ་འཚབས།

ཨ་མ་གཡང་སྐྱིད་ཀྱིས“པ་སངས་ཚེ་རིང་རྟག་པར་ཕྱི་ལ་རྫ་འཚོང་བར་འགྲོ་བཞིན་ཡོད་པས་འགྲོ་ས་འདྲའང་ཡོད་པ་མིན་ནམ”ཞེས་དོགས་པ་བྱས་པར་ཨ་ཁུ་ཆོས་འཕེལ་གྱིས“ཁོ་རང་སྣང་བ་འཁྲུལ་ན་མ་གཏོགས་ང་ཚོ་རྫ་བཟོ་མཁན་ལ་སུས་ལྟ་བར་བྱེད་དམ”ཞེས་བཤད།

དུས་ཚོད་ཉེ་བར་བཅར་ཟིན་པས་མཐར་ཕ་ཚེ་དབང་གིས་བུ་འབྲིང་བ་ཉི་མ་དོན་གྲུབ་ཁྲིད་དེ་བུ་མོ་དེ་ཅི་འདྲ་ཡོད་མིན་ལྟ་བར་བསྐྱོད་པ་དང་། ཉིན་གཉིས་པར་པ་ཚེ་ཡང་ཡུལ་དུ་འཁོར་པ་དང་བོང་ཕྲུག་ཅིག་ཤིང་རྟའི་མཇུག་ལ་བཏགས་ཏེ་ཁྲིད་ཡོང་།

བཅུ།

ཉིན་མོའི་དུས་ཚོད་ཇེ་རིང་དུ་གྱུར་པ་དང་ས་གཞི་ཧྲིལ་པོ་དཔྱིད་དྲོད་ཀྱིས་ཁྱབ་ནས་སྐྱ་ཐེར་ཐེར་གྱི་རི་བོ་དག་ལའང་སྔོ་སིབ་སིབ་ཀྱི་རྩྭ་དང་རྩི་ཤིང་ལོ་མ་འབུ་མགོ་ཚུགས། ས་ཞིང་རྒྱ་ཆེན་པོ་མེད་ནའང་ས་ལུད་འདོན་སྐྱེལ་དང་ཆུ་ཡུར་ཉམས་གསོ་བྱ་རྒྱུ་ནི་ལོ་ལྟར་འཆར་ཅན་གྱིས་བྱ་དགོས་པའི་ལས་ཀ་ཡིན། དཔྱིད་ལས་མང་ཆེ་བ་པ་སངས་ཚེ་རིང་དང་མནའ་མ་གསར་པས་བྱས་པས་ཉིན་ལྟར་ལས་ཀར་མཉམ་དུ་འགྲོ་དགོས་ཀྱི་ཡོད་ནའང་ཁོ་གཉིས་ག་དུས་ཡིན་ནའང་སྔ་རྟིང་བྱས་ཏེ་འགྲོ་གི་ཡོད་པ་དང་། ཁྱིམ་ནའང་གླེང་མོལ་བྱེད་པ་ཧ་ཅང་ཉུང་བ་དེ་ཨ་མ་གཡང་སྐྱིད་ཀྱིས་དོ་སྣང་བྱས་བྱུང་བས་བློ་བདེ་བོ་ཞིག་གཏན་ནས་མ་བྱུང་། ཉིན་ཤས་རིང་དམིགས་སུ་བཀར་ནས་དོ་སྣང་བྱས་ནའང་སྔར་བཞིན་དེ་ལྟར་ལས་འགྱུར་ལྡོག་ནི་མི་འདུག    ནུབ་ཅིག་པ་སངས་ཚེ་རིང་དང་མནའ་མ་ཉལ་ཚར་རྗེས་ཨ་མ་གཡང་སྐྱིད་ཀྱིས་ཅ་ལག་ཅི་ཞིག་ལེན་པའི་ཁུལ་གྱིས་ཁོ་གཉིས་ཉལ་སའི་ཁང་པའི་ནང་འཛུལ་སྐབས་མོ་ཧ་ལས། པ་སངས་ཚེ་རིང་གིས་ས་སྟེང་དུ་གདན་སྲབ་པོ་ཞིག་བཏིང་སྟེ་མགོ་བོ་ཉལ་ཆས་ནང་བཏུམས་ནས་ཉལ་ཡོད་པ་དང་། མནའ་མ་ཉལ་ཁྲིའི་སྟེང་དུ་ཉལ་ཡོད་ཀྱང་མིག་ཆུ་གཏོང་བཞིན་བསྡད་འདུག

ཨ་མ་གཡང་སྐྱིད་དེ་ནས་ཐོན་ཏེ་རང་གི་ཉལ་སར་སོང་ནས་བཟའ་ཟླར་དེ་ལྟར་སྨྲས་པ་དང་དེ་ནུབ་ཁོ་གཉིས་ནམ་སྨད་བར་སེམས་ཁྲལ་གྱིས་གཉིད་མ་ཁུག་པར་གཏམ་གླེང་བྱེད་བཞིན་ལུས། ཕྱི་ཉིན་ཨ་མས་མནའ་མ་རང་གི་འཁྲིས་སུ་སྐད་བཏང་སྟེ་སྐད་ཆ་འདྲི་སྐབས་དང་ཐོག་མནའ་མས་གང་ཡང་མི་བཤད་པ་དང་། ཨ་མས་འཇམ་བཤད་གོ་སྐོན་བྱས་རྗེས་མཆི་མ་ཕྲེང་ཐག་ཆད་པ་ལྟར་གཏོང་བཞིན“ཨ་མ་ལགས། ཁྱེད་རང་གིས་ཀྱང་མདང་ནུབ་གཟིགས་མ་བྱུང་ངམ”ཞེས་ཡུས་དང་བཅས་ཏེ་བྱུང་བ་དག་བགྲངས།

ལོ་གསར་སྐབས་མནའ་མ་གསར་བ་བསུས་པ་དང་དགོང་མོ་དང་པོར་བུ་རྒན་པ་ཁྱིམ་དུ་ཡོད་ན་བུ་རྒན་པའི་སར་ཉལ་དགོས་ཀྱི་ཡོད་མོད། པ་སངས་ཚེ་རིང་གིས་དགོང་མོ་དང་པོ་དེར“ང་ལ་ཟླ་ཕན་དང་ཕྲུ་གུ་ཡོད་པས་འོ་གཉིས་མཉམ་དུ་ཡོང་གི་མ་རེད། དེ་བས་ཁྱེད་རང་གིས་ངའི་གཅུང་པོ་གཉིས་དང་མཐུན་པོ་བྱེད་དགོས”ཞེས་བཤད་པ་དང་སྦྲགས་དེ་ནས་མགོ་བཙུགས་ཏེ་ཉལ་ས་ལོགས་སུ་བཟོས་ནས་མནའ་མ་ལ་ཁ་ཡ་ཐེངས་གཅིག་ཀྱང་བྱས་མེད།

མནའ་མས“ངའི་སེམས་ལ་དུས་ཚོད་གང་འཚམ་སོང་ན་ཁོང་གི་བློ་འགྱུར་གྱི་རེད་སྙམ་བྱུང་ཡང་ད་ཆ་ཁོང་གི་སེམས་ལ་ཟླ་བ་ཕན་ཐོགས་ལགས་དང་ཕྲུ་གུ་མ་གཏོགས་མི་འདུག་པས་ངས་ཁོང་གི་ལུས་སེམས་གཉིས་ཀ་འགུགས་ཐུབ་པ་མི་འདུག”ཅེས་ངུས།

ཁྱིམ་ཚང་ནང་གི་བུ་སྤུན་ཧྲག་པོ་དེ་དག་སྟོར་འདོད་གཏན་ནས་མེད་པ་དང་། ལྷག་པར་དུ་པ་སངས་ཚེ་རིང་བུ་རྒན་པ་ཡིན་པ་དང་ཁོའི་འཇོན་ཐང་བུ་གཞོན་པ་ཚོ་ལས་ལྷག་པ་ཡོད་པས་གལ་ཏེ་ཁོ་སོང་ན་ཁྱིམ་ཚང་ལ་ཕམ་ཕུང་ཆེན་པོ་ཡོང་རྒྱུ་ཡིན་པ་ཕ་མ་ཚོས་ཤེས་ཀྱི་ཡོད་པས་ཁོའི་སེམས་འགུགས་རྒྱུའི་རེ་བས་གནས་སྐབས་རིང་ཅི་ཡང་མ་སྨྲས་པ་དང་མནའ་མར་ཡང་གོ་སྐོན་སེམས་གསོ་བྱས་ཏེ་གནས་ལུགས་རྒྱུ་མཚན་དྲངས། ཟླ་ཤས་འདས་པ་དང་རྫ་ས་ཡང་བཏང་ཚར་བས་པ་སངས་ཚེ་རིང་གི་ལས་ཀའི་ཧུར་སེམས་དང་ཁྱིམ་ཚང་གི་ཤ་ཞེན་གང་ཐད་ལ་འགྱུར་ལྡོག་གཏན་ནས་བྱུང་མེད་ནའང་མནའ་མ་གསར་བའི་བར་གྱི་འབྲེལ་བ་དེ་ཇེ་ལེགས་སུ་གཏན་ནས་འགྲོ་གི་མེད་པས་ཕ་མ་ཚོ་ཡང་སེམས་ཀྱིས་མ་བཟོད་པར་དགེ་ལྡན་ཆོས་འཁོར་གླིང་དུ་རྗེ་བཙུན་སྐུ་གཞོགས་ལ་ཐུགས་བརྟག་གནང་རོགས་ཞུས། རྗེ་བཙུན་སྐུ་གཞོགས་ཀྱིས་ཐུགས་བརྟག་མ་གནང་བར“བུ་དང་ཟླ་ཕན་ཕྲུ་གུ་དང་བཅས་པ་ལས་ཀྱིས་སྦྲེལ་བ་ཡིན་པས་བཀག་འགོག་མ་བྱེད”གསུངས། མཐར་པ་ཚེ་ཡང་སྙིང་ག་རེ་བྱ་འདོད་ཡོད་མིན་ཤེས་འདོད་པས་ཁོ་ལ་ཟུར་དུ་སྐད་ཆ་དྲིས།

ཕ་ཚེ་དབང་ནི་ག་དུས་ཡིན་ནའང་ཕྲུ་གུ་རྣམས་ལ་ཁ་ངག་འཇམ་ཐག་ཆོད་ཡོད་པས་ཞི་འཇམ་ངང་ནས“ད་ཁྱོད་རང་འདི་འདྲ་བྱས་ནས་བསྡད་ན་སྐྱ་མིན་སེར་མིན་ཞེས་སྡུག་ཤོས་རེད། ཡང་སྙིང་གང་འདྲ་བྱེད་རྩིས་ཡོད་དམ”ཞེས་དྲིས།

ཨ་ཁུ་ཆོས་འཕེལ་གྱིས་ལམ་སང“གལ་ཏེ་ཁྱོད་རང་ཕྱི་ལོགས་ལ་འགྲོ་ས་ཡོད་ན་སྔ་ས་ནས་འགྲོ་རོགས་གྱིས། ཁྱིམ་ཚང་ནང་དུ་ཉི་སྒྲིབ་ལྷགས་གཏོང་བྱས་ཏེ་བསྡད་ན་ཕྲུ་གུ་ཆུང་བ་ལ་ལས་སྟངས་སློབ་རྒྱུར་ཡང་འཐུས་ཤོར་ཡོང་བ་འདུག”ཅེས་ཕུ་ཤོར་ཤོར་ངང་སྨྲས།

པ་སངས་ཚེ་རིང་ནད་མ་ཐེག་པར“ང་ཕྱི་ལོགས་ལ་འགྲོ་ས་ཡོད་དེ་ངས་ཁྱིམ་ཚང་གི་རྒྱུ་ནོར་ལ་གཏོར་བརླགས་ག་རེ་བྱས་སོང་ངམ། ངས་ད་བར་ཉིན་གཅིག་ལྟར་གྱི་ལྷག་བསམ་རྣམ་དག་དང་འབད་བརྩོན་བྱས་པ་དེ་དག་ཁྱེད་རང་གིས་གཟིགས་ཡོད་ཀྱི་རེད། འོན་ཀྱང་ཁྱེད་རང་ང་ལ་སྡང་པོ་དེ་འདྲ་ག་རེ་རེད་དམ”ཞེས་ཕ་མ་ལ་ཁ་ལན་དང་པོ་བསློགས་པ་དང་དེ་ལྟར་བཤད་ཚར་རྗེས་ཁོ་ཚོ་སོ་སོའི་བློ་ཁོག་ལ་སོ་སོ་ཡང་ཧང་སངས། ཨ་མ་ནི་ཕ་བུ་འཁྲུག་རྩོད་ཤོར་དོགས་ཀྱིས་ཞེད་ཐག་ཆོད་ནས་མཆི་མ་གཏོང་བཞིན“སྐུ་མཁྱེན། ཁྱེད་གཉིས་ཀྱིས་ཀྱང་བཀའ་མོལ་ག་ལེར་གསུངས་དང”ཞེས་བར་འདུམ་བྱས། ཨ་ཁུ་ཆོས་འཕེལ་ནད་མ་ཐེག་པར“ཧིན”ཞེས་སྣ་ཤུ་འཐེན་བཞིན་ཕྱིར་ཐོན།

ཕ་ཚེ་དབང་གིས་སླར་ཡང་ངག་འཇམ་པོས“ཁ་གསོང་ན་གོ་བདེ། ནམ་ལངས་ན་འགྲོ་བདེ་བའི་དཔེ་ལྟར་ཡིན་པས་ཁྱོད་ཀྱི་བསམ་ཚུལ་ང་ཚོར་གསོང་བོ་ཞིག་བཤད་ན་མི་འགྲིག་གམ། ང་ཚོ་ཕ་མ་བུ་ཕྲུག་ཡིན་པས་གྲོས་སྡུར་བྱས་ན་ཐག་མི་ཆོད་པའི་དོན་ཡོད་ཀྱི་མ་རེད”ཅེས་སྨྲས།

པ་སངས་ཚེ་རིང་ལའང་སེམས་ཤུགས་སྐྱེས་པས་ཁོས“ཟླ་བ་ཕན་ཐོགས་ཀྱི་ཕྲུ་གུ་དེ་ང་ཚོའི་ཕྲུ་གུ་འཁྲུལ་མེད་ཡིན་པར་མ་ཟད། ལོ་བཞི་ལྷག་ཙམ་བཟའ་ཟླ་ཡག་ཐག་ཆོད་བྱས་པས་ད་ཆ་མ་སྨད་གཉིས་གཅིག་པུར་ལུས་པ་མཐོང་སྐབས་ངའི་སྙིང་ལ་ན་ཚ་གཏོང་གི་འདུག ངས་བསམ་བློ་ཡུན་རིང་བཏང་བ་དང་བློས་གཏོང་ཐབས་ཞེ་དྲག་བྱས་པ་ཡིན་ཡང་། སེམས་ཀྱི་རི་མོ་འདི་བསུབ་ཐབས་གཏན་ནས་མི་འདུག ཁྱིམ་དུ་བུ་གཞོན་པ་ད་དུང་གསུམ་ཡོད་པ་དང་ཆུང་ཤོས་རྒྱལ་ཁབ་ཀྱི་ལས་བྱེད་པར་འགྱུར་བའི་དབང་དུ་བཏང་ནའང་། ད་དུང་བུ་སྤུན་གཉིས་ཡོད་པས་དེང་སྐབས་བུ་སྤུན་གཉིས་ཀྱིས་ཁྱིམ་ཚང་འཛིན་མི་ཐུབ་པ་གཏན་ནས་ཡོད་པ་མ་རེད་བསམ་གྱི་འདུག”ཅེས་བཤད། ཕ་མ་གཉིས་ནི་རྣ་བ་ལྷུག་གེར་གནས་པ་ལས་ཁོའི་སྐད་ཆར་ལན་མི་རྒྱག་པས་ཁོས་མུ་མཐུད་དེ་ཅུང་འཚེར་སྣང་དང་བཅས་ཏེ“དེའི་ཁར་ཟླ་བ་ཕན་ཐོགས་ལ་སླར་ཡང་གཟུགས་པོ་ཡོད་པས……”ཞེས་མཚམས་ཕྲན་ཙམ་བཞག་པ་དང་། ཡང་མུ་མཐུད་དེ“ཕ་མ་ཚོས་ད་བར་བློ་གྲོད་པར་བཀལ་ཡང་ད་ཆ་ལས་དབང་གིས་དེད་ནས་གྲོད་པས་ཆུ་ཚོགས་ཐུབ་མ་སོང་། འོན་ཀྱང་ཕ་མའི་བཀའ་དྲིན་ངས་བརྗེད་ཐབས་ག་ལ་ཡོད། ང་ལ་ས་ཞིང་དང་ཁང་པའི་ལྟོགས་སླ(རེ་བ)མེད་པས་ཤིང་རྟ་ཆུང་ཆུང་ཞིག་དང་ན་ནིང་ང་རང་གིས་ཉོས་པའི་བོང་བུ་དེ་ཁོ་ན་སྐལ་བར་སྤྲོད་རོགས། བོང་བུའི་ཉེས་ཆད་ཀྱང་ང་རང་གིས་འཁུར་གྱི་ཡིན”ཞེས་བཤད།

སྐད་ཆ་དེ་དག་བཤད་ཚར་རྗེས་ཁོའི་ལུས་པོ་ཡོངས་ལྷོད་ཤིག་ཤིག་ཏུ་གྱུར་པ་དང་། མིག་གི་མདུན་དུའང་ནམ་ལངས་པ་ལྟར་དཀར་གསལ་ལེར་གྱུར། །


1629683739582908.jpg

བཀྲ་ཤིས་དཔལ་ལྡན།  དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་ནས་བཟུང་རྩོམ་རིག་བརྩམས་ཆོས་སྤེལ་མགོ་ཚུགས་ཤིང་།《ཕྱི་ཉིན་གྱི་གནམ་གཤིས་དེ་རིང་ལས་ལེགས་པ་ཡོང་ངེས》དང《རྒྱུད་སྐུད་སྟེང་གི་རྣམ་ཤེས》སོགས་བརྩམས་སྒྲུང་རིང་ཐུང་བཞི་བཅུ་ལྷག་ཙམ་གསར་རྩོམ་མཛད། བརྩམས་ཆོས་ཁག་ཅིག་རྒྱ་ཡིག་དང་། དབྱིན་ཡིག་ཏུ་བསྒྱུར་ཡོད་ལ་ཁ་ཤས་མཐོ་འབྲིང་དང་སློབ་ཆེན་གྱི་སྐད་ཡིག་སློབ་གཞིའི་ནང་བདམས་ཡོད།  སྔ་རྗེས་སུ་སྒྲུང་ཐུང་བདམས་སྒྲིག《ཕྱི་ཉིན་གྱི་གནམ་ཤིས་དེ་རིང་ལས་ལེགས་པ་ཡོང་ངེས》དང《བཀྲ་ཤིས་དཔལ་ལྡན་གྱི་སྒྲུང་ཐུང་བདམས་བསྒྲིགས》སྒྲུང་འབྲིང་བདམས་སྒྲིག《རྒྱུད་སྐུད་སྟེང་གི་རྣམ་ཤེས》སྒྲུང་རིང《ཕལ་པའི་ཁྱིམ་ཚང་གི་སྐྱིད་སྡུག》ལྷུག་རྩོམ་བདམས་སྒྲིག《ས་སྲོས་ཀྱི་འཆར་སྒོ》དང་དོན་བརྗོད་ལྷུག་རྩོམ་རིང་གྲས《དགུན་གཞུང་རིང་མོ》སོགས་པར་སྐྲུན་འགྲེམས་སྤེལ་བྱས་ཡོད།  རྩོམ་པ་པོ་ཁོང་གི་རྩོམ་རིག་གི་འཕྲིན་ལས་རྒྱ་ཆེར་དར་བ་ལ་སྔ་ཕྱིར་ཀྲོང་ཀྲུང་ཝུན་རྩོམ་རིག་བྱ་དགའ་དང་རྟ་མཆོག་བྱ་དགའ། ཇོ་མོ་གླང་མའི་རྩོམ་རིག་སྒྱུ་རྩལ་བྱ་དགའ།  གངས་རྒྱན་བུམ་པའི་བྱ་དགའ་སོགས་ཐོབ།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།