ཀྲུང་གོ་བོད་ཀྱི་དྲ་བ།

འདྲེ་རྐང་ཏོ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-08-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྡོ་བྷོ་ནི་རྨ་དར་སྡེ་བའི་སྡེ་མི་དཀྱུས་མ་ཞིག་ཡིན་ལ། ཁོ་ནི་སྙིང་སྟོབས་ཆུང་ཞིང་རྣམ་རྟོག་ཆེ་བ། གཟུགས་པོ་ཐུང་ཞིང་ཤ་རྒྱགས་པ། གདོང་བ་དམར་ཞིང་ཁའི་གཡས་གཡོན་དུ་སྣུམ་གྱིས་ཟིན་པའི་སྨྲ་ར་ཚོམ་བུ་རེ་སྐྱེས་ཡོད་པས་བལྟས་མ་ཐག་ཏུ་མི་གཡོ་ཅན་ཞིག་ལོས་ཡིན་སྙམ་པའི་སྣང་བ་བྱིན་འོང་། ཁོའི་ཨ་ཕ་ནི་རྨ་དར་སྡེ་བའི་ནང་དུ་བོས་ན་མིང་དང་བགོས་ན་སྐལ་ཡོད་པའི་དཔའ་བོ་ངོ་མ་ཞིག་ཡིན་ཏེ། དང་མ་རྨ་ཕར་ཚུར་གྱི་སྡེ་བ་གཉིས་ཀྱིས་ས་རྩོད་དང་ཆུ་རྩོད། ཇག་ལས་སོགས་གང་བྱེད་དགོས་ཀྱང་། གདོང་མཆོང་བ་དང་པོ་ཁོ་ཡིན་པ་ནི་སྨྲ་མི་དགོས་པས་མིང་ལའང་དོན་འགྲུབ་ཐོད་ཤོ་ཞེས་གྲགས། ཡིན་ནའང་ཁྱོད་ཀྱིས་རྡོ་བྷོའང་ཁོའི་ཨ་ཕ་ལྟར་དཔའ་བོ་ཞིག་ཡིན་ནམ་སྙམ་ན། དེ་ནི་ཁྱོད་རང་གཏན་ནས་ནོར་བ་སྟེ། ཕ་རྒོད་པོ་ཤ་ཟན་ཞིག་ལ་བུ་ཁྭ་ཏ་སྐྱག་ཟན་ཞིག་ཅེས་པའི་དཔེ་ལྟར་ཁོ་ཁོའི་ཨ་ཕར་རིག་རྒྱུ་ཕར་ཞོག་དཔའ་སྙིང་ཨ་བྲའི་རིལ་མ་ཙམ་ཡང་མེད་པས་ཁ་ཡ་ན་ཟླ་ཚོས་རྒྱུན་དུ་རྡོ་བྷོ་སྡར་མ་ཞེས་མཚང་མིང་ཞིག་ཀྱང་བཏགས་ཡོད། ཁོ་ཆུང་དུས་ནས་འཁོན་རེས་དང་རྡུང་རེས་ཕར་ཞོག་སྒོ་ཕྱིར་གཅིན་པ་གཏོང་དུ་འགྲོ་བར་ཡང་མི་ཞིག་གི་འགྲོ་རོགས་བྱེད་དགོས་པས། ཁོའི་ཕ་དགའ་ལྡན་པོས་ནམ་རྒྱུན་ལག་པས་ཐོད་པར་རྡེག་བཞིན་ངའི་ཚོགས་བསགས་འདི་ཞེས་ཡིད་ཆད་ཀྱི་དངན་པ་ཤུར་ཤུར་དུ་འཐེན།

རྨ་དར་སྡེ་བ་དང་སྟག་ལུང་སྡེ་བ་ནི་རི་བོ་ཞིག་གི་ཕར་ཚུར་དུ་ཆགས་པའི་སྡེ་བ་གཉིས་ཡིན་ལ། ཕ་འདས་པོ་དོན་འགྲུབ་ཐོད་ཤོའི་དཔའ་རྟགས་ཀྱི་བཀའ་དྲིན་ལ་དང་མ་རྩྭ་ས་བགོ་དུས་སྡེ་ཕར་ཚུར་གཉིས་ཀྱི་ནང་དུ་ཁོ་ཚང་ལ་རྩྭ་ས་ཆེན་པོ་གཉིས་ཐེམ་ཡོད་ཅིང་། ཕྱུགས་ཟོག་འཚོ་དུས་རྡོ་བྷོ་ནམ་རྒྱུན་ཉག་ག་དམར་ལྡང་ཟེར་བའི་རི་བོ་དེའི་ཉག་ག་བརྒྱུད་ནས་ཕར་འགྲོ་ཚུར་ཡོང་བྱེད་བཞིན་ཡོད། ཡིན་ནའང་ཉག་ག་དེའི་གོང་ཕྱོགས་ཀྱི་རི་རྩེར་དར་ལྕོག་མང་པོ་འཐེན་ཡོད་ལ། སྟོན་མཇུག་ཏུ་རླུང་ཆེན་གཡུགས་དུས་དེ་ལས་སྒྲ་སྣ་ཚོགས་འབྱུང་ཞིང་ཕྱུགས་ཟོག་ནོར་ལུག་ཐམས་ཅད་ཉག་ག་བརྒྱུད་སྐབས་སྒྲ་དེར་འཇིགས་ནས་ཡང་ཡང་འདྲོགས་པར་བྱེད།

དར་ལྕོག་བཙུགས་ཡོད་པའི་རི་བོ་དེའི་ཉིན་ཁའི་རི་སྐེད་དུ་གཤོང་ཁུག་མི་ཆེ་མི་ཆུང་བ་ཞིག་ཡོད་ལ་དེ་ནི་གནའ་ནས་བཟུང་རྨ་དར་སྡེ་བ་དང་སྟག་ལུང་སྡེ་བ་གཉིས་ཀྱི་འདས་པོ་རྣམས་སྦྱིན་སྲེག་དང་རླུང་སྤུར་བྱེད་སའི་དུར་ས་གཙོ་བོ་ཞིག་ཡིན། ག་དུས་ཡིན་པ་མ་ཤེས་མོད་སྐབས་ཤིག་ལ་ཉག་ག་དམར་ལྡང་དུ་འདྲེ་ཡོད་པའི་བཤད་ཡམས་ཤིག་ཀྱང་གང་སར་རླུང་ལྟར་གྲག་བཞིན་འདུག ཐོག་མར་རྡོ་བྷོས་རང་སྡེ་བའི་རྒན་པོ་སྙན་གྲགས་ཀྱི་ཁ་ནས་གཏམ་དེ་ཐོས་ཤིང་ཡིད་ཆེས་དེ་ཙམ་མ་བྱས་མོད་རྗེས་ནས་རང་དང་ཁ་མཉམ་ན་མཉམ་གྱི་གསར་བུ་ཚོའི་ངག་ལས་ཀྱང་དེ་སྐད་ཐོས། ལྷག་པར་དུ་ཐེངས་ཤིག་ཁྱིམ་མཚེས་ཨ་ཡེ་གཡང་སྐྱིད་ཁོ་ཚང་ལ་རུ་ཉུལ་དུ་ཡོང་ནས་དེའི་སྐོར་གྱི་ཁ་བརྡ་བྱས། ཨ་ཡེ་གཡང་སྐྱིད་ན་རེ། མདང་དགོང་ས་རུབ་ནས་ཅུང་མ་འགོར་བར་ཨ་ཁུ་ཚེ་འབུམ་ཚང་གི་བུ་རིག་འཛིན་སྟག་ལུང་སྡེ་བ་ནས་ཉག་ག་དམར་ལྡང་བརྒྱུད་དེ་ཕྱིར་ཁྱིམ་དུ་ལོག་སྐབས། ཉག་གའི་གོང་གི་དར་ལྕོག་དང་ཐག་མི་རིང་བའི་ས་ན་མི་ཞིག་གིས་ཁོ་འབོད་ཞོར་ལག་གཡུག་བྱེད་བཞིན་འདུག་ཟེར། ཁོས་ཞིབ་ཏུ་དེར་ལྟ་དུས་མུན་པ་རུབ་པའི་དབང་གིས་མི་དེའི་ཁ་ངོ་གསལ་པོར་མ་མཐོང་མོད། འཕྲུལ་རྟའི་མག་མོག་གི་གློག་འོད་བཀར་ཅི་ཐུབ་བྱེད་དུས་ད་གཟོད་མི་དེ་རིའི་གདོང་ཁ་ན་རྐང་བ་གཅིག་གི་སྟེང་འགྲེང་འདུག་ཅིང་། ཀི་ཧེ་འདྲེས་མའི་རྣ་ལ་གཟན་པའི་སྐད་ཅིག་གིས་ཁོ་འབོད་ཞོར་དུ་ལག་གཡུག་བྱེད་པ་འདྲ་ཟེར། འོན་ཀྱང་རིག་འཛིན་གྱིས་ཁ་ཡ་མ་བྱས་པར་ཕྱིར་ཁྱིམ་དུ་ལོག་པ་རེད། ཁོས་རྗེས་ནས་བཤད་ན་དེ་ད་ཕལ་ཆེར་ངག་རྒྱུན་དུ་གྲགས་པའི་འདྲེ་རྐང་ཏོ་ཟེར་བ་དེ་ཡིན་པ་གདོན་མི་ཟ་ཟེར། ཉན་ནས་མཚམས་འདིར་ཐོན་དུས། རྡོ་བྷོ་སྡར་མའི་མིག་གཉིས་ཀྱང་ཇེ་ཆེར་གྱུར་འདུག་ལ། ཁོའི་སྣང་བ་ཞིག་ལ་རང་གི་རྒྱབ་ཕྱོགས་སུ་གྲང་རླུང་བསིལ་མོ་ཞིག་ལྡང་ཞིང་ལུས་ཀྱི་བ་སྤུ་དབང་མེད་དུ་གཟེངས་ལ་ཅི་ཞིག་གི་ལག་པ་རྩུབ་པོ་གཉིས་ཀྱིས་སྡེར་འགྲད་བྱེད་པ་དང་ཡང་འདྲ། ཉིན་དེའི་ཕྱི་ཉིན་ནས་བཟུང་རྡོ་བྷོ་སྡར་མ་ཉིན་དཀར་མ་གཏོགས་ནངས་དགོང་ལ་ཉག་ག་དེ་ནས་འགྲོ་འོང་བྱེད་མཚམས་ཆད།

ཏག་ཏག་སྟོན་ཟླ་རིང་མོ་དེའི་མཇུག་ཏུ་ཐོན་ཞིང་དགུན་མགོ་ཚེས་ལ་ཉེ། སྟག་ལུང་སྡེ་བའི་གསར་བུ་མགོ་སྟོང་ཞིག་གིས་ཆང་འཐུང་སྟེ་མཚན་མོ་ནམ་གུང་གི་དཀྱིལ་ལ་འཕྲུལ་རྟར་ཞོན་ནས་ཉག་ག་དམར་ལྡང་བརྒྱུད་སྐབས། སྟབས་མ་ལེགས་པར་འཕྲུལ་རྟའི་འཁོར་བསྒགས་ཆད་དེ་ཉག་གའི་སྲིབ་ངོས་ཀྱི་གཅོང་རུང་དུ་ལྷུང་ནས་ཚེ་ལས་འདས། དོན་རྐྱེན་དེས་རིའི་ཕར་ཚུར་གཉིས་ཀྱི་སྡེ་བའི་མི་ཚང་མའི་ཡིད་སེམས་བློང་བློང་པོར་བཏང་། ཉག་ག་དམར་ལྡང་དུ་འདྲེ་རྐང་ཏོ་ཡོད་པའི་སྔར་གྱི་བཤད་ཡམས་དེ་སྔོན་ལས་ཁྱབ་སྟེ་རེ་ཞིག་ཉག་ག་དེ་ནས་འགྲོ་འོང་བྱེད་པའི་མིའང་མེད་པར་གྱུར།

སྐབས་ཤིག་ལ་སྟག་ལུང་སྡེ་བའི་མིའི་ཁ་ནའང་ཉག་ག་དམར་ལྡང་དུ་འདྲེ་རྐང་ཏོ་ཡོད་པའི་སྐོར་གྱི་གཏམ་གླེང་ཞིག་གྲག་བཞིན་འདུག མི་ལ་ཤས་ཀྱིས་འདྲེ་དེར་རྐང་བ་གཅིག་ལས་མེད་ལ་སྐྲ་ཕྲག་འདབས་སུ་ཐོན་འདུག་ཟེར། ལ་ཤས་ཀྱིས་འདྲེ་དེས་དགོང་མོ་ཉག་ག་དམར་ལྡང་དུ་མེ་འབུད་བཞིན་འདུག་ཟེར། ཡང་ལ་ཤས་ཀྱིས་འདྲེ་དེ་འཁོར་བགེགས་ལས་ཤི་བའི་གསར་བུ་དེའི་རྣམ་ཤེས་རེད་ཟེར། ཡང་ལ་ཤས་ཀྱིས་འདྲེ་དེ་རྒྱབ་ནས་བལྟས་ན་ཀེང་རུས་ཁོ་ན་དང་ཚུར་འཁོར་ན་ཁ་རྣ་རྩར་ཐོན་འདུག་ཟེར། གང་ལྟར། ཟས་མི་ལག་བརྒྱུད་ན་ཇེ་ཉུང་དང་གཏམ་མི་ཁ་བརྒྱུད་ན་ཇེ་མང་ཟེར་བའི་དཔེ་ལྟར་མི་རེའི་ཁ་ན་འདྲེ་རྐང་ཏོ་དང་འབྲེལ་བའི་གཏམ་རྒྱུད་རེ་འདུག རེ་ཞིག་སྡེ་བ་གཉིས་ཀའི་ནང་དུ་དེའི་སྐོར་གྱི་བཤད་སྟངས་སྣ་ཚོགས་བྱུང་བས། དགོང་མོ་བྱིས་པ་ཚོ་ཕར་ཞོག་མི་རྒན་ཚོ་སྒོར་གཅིན་པ་གཏོང་དུ་འགྲོ་རྒྱུའང་དཀའ་བའི་གནས་སུ་གྱུར། དེར་རྨ་དར་སྡེ་བའི་རྒན་པོ་བསམ་ཤེས་འགས་གྲོས་བྱས་ཤིང་ལ་མོ་བདེ་ཆེན་ཆོས་གླིང་དུ་སོང་ནས་ཨ་ལགས་བདུད་འདུལ་ཚང་ལ་དེའི་སྐོར་ཞུ་རྒྱུ་ཐག་བཅད།

ཨ་ལགས་བདུད་འདུལ་ཚང་གིས་མནོ་བསམ་ཅུང་ཙམ་བཏང་རྗེས། བཅའ་བ་རིམ་གྲོ་འགའ་ཕྱག་ཤོག་ཏུ་བྲིས་ཏེ་གནང་ཞིང་ཉག་ག་དམར་ལྡང་དང་རི་མགོའི་དར་ལྕོག་གི་བར་གྱི་གདོང་ཁ་རུ་འབུམ་ཁང་ལྷ་ཁང་འདྲ་བ་ཞིག་བརྩིག་དགོས་པར་ཡང་གདམས། དེར་རྒན་པོ་བསམ་ཤེས་ཚོ་ཕྱིར་ཡོང་སྟེ་སྡེ་བ་གཉིས་ནས་མི་གྲངས་དང་དུད་ཁྱིམ་གྱི་ཁ་གྲངས་ལྟར་སྒོར་མོ་བསྡུས་ཤིང་། མགོ་རྔ་ཚང་བའི་བཀའ་བཀོད་འཐེན་ཏེ་སྡེ་བ་གཉིས་ཀྱི་མི་ཚང་མས་ཉིན་ཐོག་ཟླ་བརྩེགས་ཀྱིས་འབུམ་ཁང་བཞེངས། ཟླ་ངོ་བཞི་ལྷག་འགོར་བའི་རྗེས་སུ་འབུམ་ཁང་ལྷ་ཁང་འདྲ་བ་དེ་ཡོངས་སུ་གྲུབ་ཅིང་འདྲེ་རྐང་ཏོའི་བཤད་ཡམས་ཀྱང་རིམ་གྱིས་ཡལ།

དེའི་ཕྱི་ལོར་སྟོན་ཟླ་ཚེས་ནས་སྟོན་མཇུག་ཏུ་ཐོན་ཡང་སྔ་ལོའི་དོན་ངན་དེ་འདྲ་གཏན་ནས་མ་བྱུང་བས། མི་ཚང་མས་ཨ་ལགས་བདུད་འདུལ་ཚང་གི་ནུས་མཐུ་ལ་ཐལ་མོ་སྦྱར་ནས་མངོན་པར་བསྟོད། རིང་པོ་མ་ལོན་པར་ལོ་གསར་ཀྱང་ཚེས་སོང་། རྨ་དར་སྡེ་བ་དང་སྟག་ལུང་སྡེ་བ་གཉིས་ནི་བླ་མ་གཅིག་གི་ལྷ་སྡེ་དང་དགོན་པ་གཅིག་གི་ལྷ་འབངས་ཡིན་པས་མིང་གིས་སྡེ་བ་གཉིས་ཡིན་ཡང་དོན་གྱིས་སྡེ་བ་གཅིག་ཡིན། ལོ་གསར་སྐབས་སུ། སྡེ་བ་གཉིས་ཀྱི་བར་དུ་ཕན་ཚུན་བར་ལོ་ཉུལ་དུ་འགྲོ་བའི་སྡེ་མི་རྒྱུན་མི་འཆད་ཅིང་ཚང་མ་ཉག་ག་དམར་ལྡང་བརྒྱུད་ནས་ཕན་ཚུན་བར་འགྲོ་འོང་བྱེད་ལ། རྒྱུ་མཚན་ཉག་ག་དམར་ལྡང་གི་ལམ་ཐག་ནི་སྡེ་བ་གཉིས་བར་གྱི་ལམ་ཐག་ཆེས་ཐུང་བ་དེ་ཡིན་པས་སོ། །

ལོ་སར་ཚེས་བརྒྱད་ཉིན་གྱི་སྔ་དྲོར། རྡོ་བྷོ་ཡང་རང་སྡེ་རྨ་དར་ནས་སྟག་ལུང་སྡེ་བའི་ཤ་ཉེ་ཚང་ལ་ལོ་ཉུལ་དུ་ཆས་ཤིང་། དགོང་མོར་སྟག་ལུང་སྡེ་བའི་བཟང་ས་འགའ་དང་ལྷན་དུ་ལོ་སར་ལ་རོལ་ནས་ཞག་སྡོད་བྱེད་རྒྱུ་ཐག་བཅད། ཉིན་དེའི་དགོང་མོར་ཁོ་དང་བཟང་ས་ཚོས་ཟས་གང་ཞིམ་ལ་ལོངས་སུ་སྤྱོད་བཞིན་ནས་ཆང་དང་ཝུ་ཆང་ཡིད་ཚིམས་པ་ཞིག་འཐུང་ཞིང་མཐར་རེ་རེ་བཞིན་ར་བཟི་བའི་གནས་སུ་ལྷུང་། སྐབས་དེར་གསར་བུ་ཚོས་བཟི་གཏམ་དང་དོན་གཏམ་གང་ཡིན་མི་ཤེས་མོད་རྡོ་བྷོར་བསྙད་བརྐོ་བར་བརྩམས། ཚེ་བརྟན་ན་རེ། རྡོ་བྷོ་སྡར་མ། གོ་ཐོས་ལ་ཁྱོད་ཆུང་དུས་ནས་ད་ལྟའི་བར་མུན་པ་སྟུག་པའི་མཚན་མོར་སྒོའི་ཕྱིར་གཅིན་པ་གཏོང་དུའང་འགྲོ་མི་ཐུབ་ཟེར་བ་བདེན་ནམ། ཚང་མས་དུས་མཉམ་དུ་མིག་གིས་རྡོ་བྷོ་ལ་བལྟས་ཏེ་མཐོང་ཆུང་གིས་ཧབ་དགོད་ཆེན་པོ་བྱས། བརྙས་གཏམ་དེས་ཏག་ཏག་རྡོ་བྷོར་ཁོང་ཁྲོ་མནོན་མི་ཐུབ་པ་ཞིག་སྐྱེས་སུ་བཅུག་ཅིང་དེ་མ་ཐག་ཕྱིར། ཚེ་བརྟན་ནོར་མགོ། ཁྱོད་ཀྱིས་ཁྱི་ཁ་ཚུམས། ཁྱོད་འུ་གཉིས་གཤིབ་མི་དགོས་རྟ་མཛོའི་ཁྱད་པར་ཡོད། བཤད་མི་དགོས་གནའ་ནས་བཤམས་ཏེ་ཡོད་ཟེར། གཏམ་དེས་ཏག་ཏག་ཚེ་བརྟན་ལ་ཡང་ཁོང་ཁྲོ་བསླངས།

ཁོ་གཉིས་ཀྱིས་ལྭ་བའི་ཕུ་རུང་དཔུང་བར་བརྫེས་ཤིང་འཛིང་མོ་དང་རྒྱག་རེས་བྱེད་པར་རྩོམ་དུས། གསར་བུ་འགས་བར་བྱས་ཏེ་ཁ་ཁར་བཏང་ཞིང་། ལོ་ན་ཅུང་ཆེ་བ་ཞིག་གིས་ན་རེ། དེ་རིང་འུ་ཚོས་དཔའ་རྟགས་དང་སྙིང་སྟོབས་བཟང་མིན་ཁུ་ཚུར་གྱིས་དབྱེ་དགོས་དོན་མེད། འདིར་མི་རེས་སྒོར་སུམ་བརྒྱ་རེ་རྒྱན་དུ་འཇོག ཁྱོད་གཉིས་ཀྱི་སུས་དོ་དགོང་སྨག་ནག་འདིར་ཕུར་བ་ཞིག་ཁྱེར་ཏེ། ཉག་ག་དམར་ལྡང་ཉིན་ངོས་ཀྱི་དུར་ས་ཡོད་སའི་གཤོང་ཁུག་དེའི་ནང་དུ་སོང་ནས། རྡོ་དཀར་གཡག་སྐམ་གྱི་གྲོད་པུ་འདྲ་བ་ཞིག་ཡོད་པ་བཙལ་ཏེ་དེའི་རྩིབ་ཏུ་བརྡབ་ཐུབ་ན་དེ་རྒྱལ་བ་དང་། རྗེས་མར་བུ་རབས་ཡིན་པ་ཐག་གིས་གཅོད་ལ་སྒོར་སྟོང་དྲུག་པོ་འདི་བྱ་དགར་སྟེར། ཕུར་བ་དེར་བརྡབས་ཡོད་མེད་སང་ཉིན་འུ་ཅག་ཚང་མ་མཉམ་དུ་བལྟ་རུ་འགྲོ་ཟེར། གཏམ་དེར་མ་བགྲོས་གཅིག་མཐུན་གྱིས་དེར་ཚོགས་ཀྱི་གསར་བུ་ཉི་ཤུ་ལྷག་པོ་ཚང་མ་ཡིད་འཐད་བྱུང་ལ་དང་མའི་འདྲེ་རྐང་ཏོ་དང་འབྲེལ་བའི་འདྲ་མིན་སྣ་ཚོགས་ཀྱི་གཏམ་གླེང་ཡང་ཤུ་རུ་རུ་བྱེད། ཁ་མཉམ་ན་མཉམ་ཚང་མས་རྡོ་བྷོའི་སྙིང་སྟོབས་ཤེས་ཡོད་པས་སོམ་ཉི་སྤུ་ཙམ་ཡང་མེད་པར་མི་རེས་སྒོར་སུམ་བརྒྱ་རེ་རྒྱན་དུ་བཞག་པས་མཐར་དེ་མ་ཐག་སྒོར་སྟོང་དྲུག་ལྷག་འདུས། ཚེ་བརྟན་སྔར་གྱི་དཔའ་སྟོབས་ཅུང་ཙམ་ཞི་ནས་རང་གནས་སུ་ཙོག་སྟེ་རེ་ཞིག་ཁ་རོག་གེར་ཆང་འཐུང་བཞིན་བསྡད།

ནས་ཆང་རྒྱ་མ་འགའི་སྟོབས་ཤུགས་ཡིན་པ་དང་སྒོར་སྟོང་དྲུག་ལྷག་གི་བསླུ་བྲིད་ཡིན་པ་མི་ཤེས་མོད། རྡོ་བྷོ་ཡར་ལངས་ནས་ཆང་དཀར་ཡོལ་གང་སྨྱོ་འཐུང་གིས་གཙང་དག་བྱས་ཤིང་ཅུང་དམར་པོར་གྱུར་པའི་གདོང་ལ་དཔའ་ཉམས་ཤིག་མངོན་ནས། སྐད་ཤུགས་ཆེན་པོས་དོ་དགོང་ང་འགྲོ། ཚེ་བརྟན་ནོར་མགོ་ཁྱོད་ཀྱིས་ལྟོས་ཨཱ་ཟེར། གཏམ་དེས་ཏག་ཏག་དེར་ཚོགས་ཐམས་ཅད་ཧ་ལས་ནས་རེ་ཞིག་དལ་ཅག་གེར་གྱུར། སྡེ་བ་གཉིས་ཀྱི་མིའི་ཁ་ན་སྡར་མར་གྲགས་པའི་རྡོ་བྷོར་དོ་དགོང་དཔའ་སྙིང་འདི་ལྟ་བུ་ཞིག་ཅི་ལྟར་བྱུང་བ་ཡིན་ནམ། དེ་ནི་ཏག་ཏག་སུས་ཀྱང་མི་ཤེས་པའི་གསང་བ་ལྐོག་གྱུར་ཅིག་རེད། ཁྱི་ངན་བཀག་ན་མི་ཁོག མྱི་ངན་བཟུང་ན་མི་ཐུབ་པའི་དཔེ་ལྟར་མི་ཚོགས་ཀྱི་བཀག་འགོག་དང་ཁ་ཏར་ཡང་མི་ཉན་པར་རྡོ་བྷོས་གོམ་པ་འཁྱའ་མ་འཁྱོར་ཞིག་སྤོ་བཞིན་སྒོ་ཕྱིར་བུད་ཅིང་ཁྱིམ་ཚང་དེའི་སྒོ་འགྲམ་ན་མི་སྦོམ་མི་ཕྲ་བའི་ཕུར་བུ་ཞིག་ཡོད་པ་ཁྱེར་ནས་ཉག་ག་དམར་ལྡང་གི་ཕྱོགས་སུ་སོང་།

དགུན་གྱི་གྲང་རླུང་ནི་ཤན་པའི་བཤས་གྲི་ཞིག་དང་འདྲ་བར་རྣོ་ངར་གྱི་དབལ་ཁས་ཁོའི་ངོ་གདོང་བརྟོལ་ནས་རུས་རྐང་དུ་ཟུག་པར་བྱེད། མཚན་མོ་དེའི་མུན་པ་ནི་ཤིན་ཏུ་སྟུག་ཅིང་ཁོའི་སྣང་བ་ཞིག་ལ་དབུགས་ཀྱང་འབྱིན་རྔུབ་བྱེད་དཀའ་བར་སྣང་། “ཧ་ཧ ། རྡོ་བྷོ་སྡར་མ། ཁྱོད་ད་ཁྱོད་ཚང་གི་ཨ་ཕའི་ཞབས་འདྲེན་རེད་ཡཱ།” “ཁྱོད་ཀྱིས་དུར་ས་དེར་ཕུར་བུ་བརྡབ་རྒྱུ་ཕར་ཞོག དེའི་ཉེ་སར་ཡང་འགྲོ་མི་ཐུབ་པཱ།” “ཧ་ཧ་ཧ ། རྡོ་བྷོ་སྡར་མ། ཁྱོད་དེར་འགྲོ་ཐུབ་ན་སྒོར་མོ་སྟོང་དྲུག་པོ་འདི་ཁྱོད་ལ་སྟེར་ཡཱ།”མཐོང་ཆུང་དང་དམའ་འབེབས་ཀྱི་ཚིག་ངན་དེ་དག་ད་དུང་རྡོ་བྷོའི་རྣ་ལམ་ན་གསལ་ལྷང་ལྷང་དུ་གྲག

རི་སྐེད་དུ་སླེབས་ལ་ཉེ་དུས། གྲང་རླུང་གིས་ཀྱང་ཁོ་ལ་བསྙད་བརྐོ་བ་ལྟར་སྙིང་རྗེ་སྤུ་ཙམ་མེད་པར་ཁོའི་མདུན་ཕྱོགས་ནས་ཤུགས་ཀྱིས་ཁོ་རང་འགོག་ཅི་ཐུབ་བྱེད་ཅིང་། ཁོའི་རྣ་ལམ་དུ་གོང་ཕྱོགས་ཀྱི་གཤོང་ཁུག་གི་དུར་ས་ན་ཅི་ཞིག་གིས་གད་མོ་དགོད་པ་དང་གང་ཞིག་གིས་གླུ་དབྱངས་ལེན་པ་སོགས་གྲག་ལ། སེམས་སུ་དངོས་རྫུན་དང་འདྲ་མིན་གྱི་འཆར་སྣང་སྣ་ཚོགས་ཀྱང་རེས་མོས་སུ་ཤར། དུས་དེར་དྲོ་ཞིང་རྒྱུ་སྤུས་བཟང་ལ། ཤམ་བུར་གོན་ཏེ་སྐ་རགས་དམ་དུ་བསྡམས་པའི་བོད་ལྭའི་ནང་གི་ལུས་པོའང་རང་དབང་མེད་པར་འདར་ལྕུག་ལྕུག་བྱེད། ཁོས་རང་ལ་སྙིང་ཕུར་བརྡབས་ནས་མུ་མཐུད་དུ་འགྲོས་ཚད་ཇེ་མགྱོགས་སུ་བཏང་སྟེ་རི་ངོས་སུ་འགོས།

ཁོ་རི་སྐེད་དུ་སླེབས། དུར་ས་ཅན་གྱི་གཤོང་ཁུག་དེ་རྙེད་ཅིང་དེའི་ནང་གི་གཡག་སྐམ་གྱི་གྲོད་པུ་ལྟ་བུའི་རྡོ་དཀར་ཕ་བོང་དེའང་རྙེད། རྡོ་བྷོས་རྣམ་རྟོག་གི་མགོ་བོ་ཌ་རུ་གཡུགས་པ་བཞིན་དལ་བ་མེད་པར་ཡར་མར་དང་གཡས་གཡོན་གྱི་མུན་ནག་ཁྲོད་དུ་ལྟ་བཞིན་རང་གི་པུས་མོ་གཉིས་སར་བཙུགས་ཏེ་ཕུར་བ་རྡེབ་མགོ་བརྩམས། འོན་ཀྱང་ཕུར་བ་མར་རྡེབ་བྱེད་ཀྱི་རྡོ་བ་མི་འདུག ཁོས་མུན་ནག་གི་ཁྲོད་དུ་ཡུན་རིང་ལ་ལག་སྙོབ་བྱས་མཐར་རྡོ་བ་ནར་མོ་ཞིག་རྙེད།

ཁོས་སླར་ཡང་པུས་མོ་གཉིས་སར་བཙུགས་ཤིང་ཕུར་བ་པུས་མོ་གཉིས་ཀྱི་བར་དུ་དམ་པོར་བསྡམས་ནས་དྲང་མོར་བསླངས་ཤིང་། རྡོ་བ་ནར་མོ་དེ་ལག་པ་གཉིས་ཀྱིས་བཟུང་ནས་མགོར་ཕྱར་ཏེ་ཤུགས་ཀྱིས་ཕུར་མགོར་བརྡབས། དགུན་གཞུང་གི་ས་ནི་ཆབ་རོམ་ལྟར་ཤིན་ཏུ་སྲ་ཞིང་མཁྲེགས་པས་ཕུར་བ་མར་རྡེབ་རྒྱུ་ནི་ཤིན་ཏུ་དཀའ་བར་སྣང་། ཁོ་མཚམས་རེར་གྲང་ལ་མཚམས་རེར་སྐྲག རྡོ་བ་ནར་མོ་ཡར་བཀྱགས་ནས་མར་ཕུར་མགོར་རྡེག་ཐེངས་རེར་ཁོས་རང་གི་ལག་པ་དང་ལུས་པོ་དབང་མེད་དུ་འདར་ལྕུག་ལྕུག་བྱེད་པ་མངོན་སུམ་དུ་མཐོང་། ཁོ་ཨུ་ཚུགས་ཀྱིས་དེར་ཡོང་བར་འགྱོད་པ་སྐྱེས། ཡིན་ནའང་། ཐབས་བཀོད་གཞན་མེད་པས་ཁོས་མ་ཁར་སོ་བཏབ་ནས་མུ་མཐུད་དུ་ཕུར་བ་བརྡབས། ཕུར་བ་བརྡབས་ནས་ཕུར་མགོ་ཙམ་ལས་མི་མངོན་པའི་སྐབས་སུ་ཁོས་ད་བཟོད་ལག་གི་རྡོ་ནར་ཕར་གཡུགས། ལེགས་འགྲུབ་བྱུང་སོང་། དུར་སར་ཕུར་བ་བརྡབས་པ། ད་ནས་བཟུང་ང་རྡོ་བྷོ་སྡར་མ་གཏན་ནས་མིན། སྒོར་སྟོང་དྲུག་དེ་ངའི་མིན་ན་སུའི་ཡིན། ཁོས་དེ་ལྟར་སྙམ་བཞིན་དགའ་སྤྲོ་སྐྱེས། སྐྲག་སྣང་ཡལ།

རྡོ་བྷོ་ཡར་ལངས་ནས་ཕྱིར་གསར་བུ་ཚོ་ཡོད་སར་ལབ་རྒྱག་ཏུ་འགྲོ་བར་བརྩམས། ཡིན་ནའང་ཁོ་ལངས་མ་ཐུབ། གཟུགས་མེད་ཀྱི་དངོས་པོ་ཞིག་གིས་ཁོ་ས་རུ་དམ་པོར་མནན། ཁོས་འཐེན་སྤྲུགས་བྱས་ནས་ཡང་བསྐྱར་ཡར་ལངས་པར་བརྩམས། འོན་ཀྱང་སྔར་ལྟར་གཟུགས་མེད་ཀྱི་དངོས་པོ་དེས་ཁོ་རང་བཟུང་སྟེ་གཏན་ནས་མ་བཏང་། ཁོས་འཐེན་སྤྲུགས་བྱས། སྨྲེ་ངག་བཏོན། སྔོན་དུ་གོག རྗེས་སུ་ནུར། གྲང་རླུང་གི་ཁྲོད་དུ་ཁོའི་དཔྲལ་བ་ནས་རྔུལ་ཆུ་བཞུར། རྣམ་རྟོག་དང་འཇིགས་སྣང་གིས་ཁོ་སྨྱོ་འཕག་བྱས། སྐྲག་སྣང་གིས་ཁོའི་ལུས་པོ་རིད་ཅིང་དབུགས་ཀྱང་གཏོང་ལེན་བྱེད་དཀའ་བར་གྱུར། འོན་ཀྱང་སྔར་བཞིན་མུན་པའི་ཁྲོད་ཀྱི་གཟུགས་མེད་ཀྱི་དངོས་པོ་དེས་ཁོ་གཏན་ནས་མ་བཏང་། ཁོས་ཀི་བཏབ། སྐད་བརྒྱབ། ངུས། མུན་པའི་ཁྲོད་དུ་ཁ་ཕྱོགས་མེད་པར་ཁུ་ཚུར་གཡུགས། རྡུང་རེས་བྱས། ཁོས་ཞུ་བ་བྱས། འཕག་འཚག་བྱས། ཤུགས་ཡོད་ཚད་ཀྱིས་ཡར་ལངས་པར་བརྩམས། འོན་ཀྱང་སྔ་མའི་མཇུག་འབྲས་ལས་ཁོ་གཏན་ནས་ཐར་མ་ཐུབ། མཚན་མོ་དེར་མུན་པའི་ཁྲོད་དུ་ཁོ་གཅིག་པུ་ངོ་མ་གདོན་གྱིས་བཟུང་།

ཕྱི་ཉིན་ཞོགས་པར། མི་ཚང་མས་ཉག་ག་དམར་ལྡང་གི་ཉིན་ངོས་ཀྱི་གཤོང་ཁུག་གི་དུར་ས་ལས་རྡོ་བྷོ་བཙལ་ནས་རྙེད། ཁོ་ཤི་འདུག ཁོའི་ཤི་རྐྱེན་ནི་དགུན་གྱི་གྲང་ངར་དང་གཡང་དུ་ལྷུང་བ་སོགས་ཅི་ཡང་མིན་པར། མིག་འཇུར་ཞིང་ངོ་སྐྲངས། གདོང་མདོག་སྐྱ་བོར་གྱུར་ཏེ་སྨྲ་མི་ཤེས་པའི་འཇིགས་སྣང་ཡ་ང་བ་ཞིག་ལ་འཕྲད་པ་ལྟར་ཤི་འདུག ཁོས་ད་དུང་མདང་དགོང་ཁྱེར་པའི་ཕུར་བ་གཡག་སྐམ་གྱི་གྲོད་པུ་ལྟ་བུའི་རྡོ་དཀར་དེའི་གཤམ་གྱི་ས་ངོས་སུ་བརྟན་པོར་བརྡབས་འདུག ཁོ་རང་ཕུར་བའི་སྟེང་ལོག་ནས་ཤི་འདུག

མི་ཚང་མས་རྡོ་བྷོའི་བེམ་པོར་བདག་བྱས་ཏེ་ཁྱིམ་དུ་འཁྱེར་བར་རྩོམ་དུས། ཚང་མ་ཧ་ལས་ཤིང་ཧོན་འཐོར། ཕུར་བ་དེ་ཏག་ཏག་རྡོ་བྷོའི་རྒྱུ་སྤུས་བཟང་ཞིང་ཤམ་བུ་བྱས་ནས་སྐ་རགས་བཅིངས་པའི་བོད་ལྭའི་ཐུ་བའི་སྟེང་བརྡབས་འདུག །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།