ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཡེ་རྒྱ་མོ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཏིང་འཛིན་སྒྲོལ་མ།   སྤེལ་དུས། : 2021-07-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གཅིག

དེ་རིང་ཁོ་མོ་ཚ་ཚ་འུར་འུར་གྱི་ཨར་ལས་བྱེད་པའི་སྒྲ་དང་སྦྲགས། མལ་ལས་ལངས་པའི་ཉིན་བརྒྱད་པ་ཡིན། ཁོ་མོས་གྲོང་ཁྱེར་དུ་གོམས་པའི་འདྲུད་ལྷམ་གྱོན་ནས་སྒེའུ་ཁུང་གི་འགྲམ་དུ་སོང་བ་ན། འཕྲུལ་འཁོར་ཆེན་པོའི་རྣ་བ་འོན་ལ་ཁད་བྱེད་པའི་སྒྲ་ལ་མཉན་ནས་སེམས་སུ་སྔོན་ཆད་ནོར་གནག་གི་ངུར་སྒྲ་དང་གཡང་དཀར་ལུག་གི་འབའ་སྒྲས་གཉིད་ལས་སློང་བའི་དུས་སྐབས་དེ་དྲན་བྱུང་།

ལོ་འགའི་སྔོན་དུ་སྲིད་གཞུང་གིས་གཙང་གསུམ་མགོ་ཁུངས་ཀྱི་རང་བྱུང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་ཆེད། ཕྱུགས་བསྐྱུར་རྩྭ་གསོའི་སྲིད་ཇུས་ལག་བསྟར་བྱས། བུ་དང་མནའ་མས་ཚུལ་དེ་ཐོས་རྗེས་མོ་ལ“ད་ཁྱེད་རང་ལོ་ན་རྒས་ནས་ལུས་པོ་དེ་འདྲ་བདེ་རྒྱུ་མེད་པས་ཕྱུགས་སྐྱོང་མི་ཐུབ། ད་རུང་ཁྱེད་གཅིག་པུ་འབྲོག་ནས་བསྡད་ན་ང་ཚོའི་སེམས་ཀྱང་མི་བདེ”ཞེས་མོ་རང་གྲོང་ཁྱེར་དུ་བསུ་གྲབས་བྱས་པས། གྲང་རླུང་འུར་འུར་དུ་ལྡང་བའི་དགུན་གྱི་དུས་མཇུག་དེར། ཨ་ཡེ་རྒྱ་མོ་མི་ཚེ་ཕྱེད་ཀ་ལྷག་ཙམ་གྱི་རིང་ལ་འཚོ་ཞིང་གོམས་པའི་རྩྭ་ཐང་དང་བྲལ་ཏེ། ས་མགོ་ལོག་གམ་གནམ་མགོ་ལོག་ནས་ཁྱིམ་གཞི་སྤར་ཏེ་གྲོང་ཁྱེར་དུ་རང་གི་བུ་དང་མནའ་མའི་གམ་དུ་ཕྱིན།

དོན་དག་དེ་དག་ལ་ཕྱིར་འདང་རྒྱག་ཞོར་དུ་ཁོ་མོ་གསང་སྤྱོད་དུ་ཕྱིན་པ་ན། སྐྱག་ཟོམ་ལ་ལྟ་བཞིན་སྣ་དགོད་ཅིག་བྱས། ཁོ་མོས་རང་ཉིད་དང་ཐོག་ཐོག་ཁང་དུ་སྡོད་པའི་སྐབས་དེ་དྲན་བྱུང་། སྐབས་དེར་སྒོ་ཕྱི་ནས་གསང་སྤྱོད་ལ་འགྲོ་འདོད་ཀྱང་རྙེད་མ་བྱུང་མོད། རྗེས་སུ་ཚ་མོས་རང་ཉིད་ཁྱིམ་གྱི་གསང་སྤྱོད་དུ་ཁྲིད་ནས་གཙང་སྦྲ་དོད་པའི་སྐྱག་ཟོམ་བསྟན་པ་ན། ཁོ་མོ་ཧང་སངས་ནས“དཀར་ཡོལ་ཞིག་གི་ནང་དུ་གཅིན་གཏོང་སྲོལ་ཞིག་གང་ན་ཡོད། ངའི་བསོད་ནམས་ཟད་འགྲོ་ངེས་ཡིན”ཞེས་བཤད་ནས་སྒོ་ལ་འགྲོ་རྩིས་བྱས། ཚ་མོ་ཧ་ལས་པའི་རྣམ་པ་དེ་ནམ་ཡང་བརྗེད་མི་སྲིད། ད་ལྟ་འདང་བརྒྱབ་ན་དགོད་བྲོ་བ་ཞིག་ཡིན་ན་ཡང་། སྐབས་དེར་ངོ་མ་བློ་ཡུལ་ལས་འདས་པ་ཞིག་རེད། དེའི་རྗེས་ཁོ་མོ་གསང་སྤྱོད་ལ་འགྲོ་སྐབས་རྟག་ཏུ་སྒོའི་ཕྱིར་འགྲོ་བཞིན་ཡོད་མོད། འོན་ཀྱང་ཐོག་ཁང་གི་ཐེམ་སྐས་མང་པོ་བརྒྱུད་ནས་གསང་སྤྱོད་ཁང་བཙལ་དགོས་པ་དེ་ཡིག་ངོ་ཙམ་ཡང་མི་ཆོད་པའི་བགྲེས་སོང་ཞིག་ལ་མཚོན་ན་ཧ་ཅང་དཀའ་ལས་ཁག་པོ་འདུག དེ་ནས་མོ་རིམ་བཞིན་གྲོང་ཁྱེར་གྱི་འཚོ་བར་ཅུང་ཙམ་ལོབས་ནས་སེམས་ཀྱི་འགལ་རྐྱེན་སེལ་ཐུབ་ན་ཡང་། མཚམས་རེར་ད་དུང་སྔར་བཞིན་བདེ་མོ་སྐྱིད་པོ་ཞིག་ཡོང་གིན་མི་འདུག

བུ་དང་མནའ་མ་ལས་ཀར་ཕྱིན་སོང་། ཨ་ཡེ་རྒྱ་མོས་ངོ་གདོང་འཁྲུད་ཞོར་ཁ་ནས་མ་ཎི་འདོན་བཞིན་ཡོད་མོད། སེམས་སུ་དེ་རིང་རྒྱང་ཐག་རིང་པོ་ན་གནས་པའི་ཚ་བོ་གཉིས་གཙོ་བྱས་པའི་ཤ་ཚ་ཉེ་དུ་རྩ་ལག་གིས་རང་ལ་ཁ་པར་གཏོང་མིན་ལ་འདང་རྒྱག་གིན་ཡོད། གདོང་བཀྲུས་རྗེས་མོས་ལག་ཕྱིས་གམ་ལ་བཞག་ནས་ཁ་པར་བླངས། སྤྱིར་ཨ་ཡེ་རྒྱ་མོ་རང་གིས་ཕར་ལ་ཁ་པར་བཏང་ན་ཡང་འགྲིག་མོད། འོན་ཀྱང་། མོས་ཁ་པར་གཏོང་མི་ཤེས་པ་ལན་འདུག་ལ། མོ་ལ་མཚོན་ན་ཁ་པར་གཏོང་མི་ནུས་པའི་གནས་ཚུལ་དེ་ལས་ངན་པ་ཞིག་མེད། བྱ་བ་དེ་དག་ལ་བསམ་བློ་གཏོང་ཞོར་མོས་ཁ་པར་གྱི་ཁ་ཡང་ཡང་ཕྱེ་རྗེས་མདུན་ཅོག་སྟེང་དུ་བཞག་ནས་ཁ་པར་ལ་ཅར་རེ་ལྟ་བཞིན་དངན་པ་ཞིག་འཐེན་ནས་བསྡད།

ཕྱི་རོལ་གྱི་གནམ་གཤིས་བཟང་པོ་མི་འདུག ཨ་ཡེ་རྒྱ་མོ་སྒེའུ་ཁུང་གི་འགྲམ་དུ་ལག་པ་རྒྱབ་ལག་བྱས་ནས་ལངས་ཏེ་ཁྲོམ་སྲང་གི་མི་ཚོགས་དང་རླངས་འཁོར་ལ་བལྟས། ལག་ཏུ་ཕྲེང་བ་བཟུང་ནས་ཁ་ཏོན་འདོན་བཞིན་ཡོད། ཁོ་མོས་བསམ་བློ་ཞིག་བཏང་ནས་ཕྱིར་ཁྱིམ་དུ་ལོག་ཅིང་། ཞྭ་མོ་གོན། ལུས་འཁར་བ་ལ་བརྟེན་ནས་སྒོ་འགྲམ་དུ་བསྐྱོད་དེ། ལག་པ་སྒོའི་འཆང་བཟུང་སྟེང་དུ་འཇུས་ནས་ཧད་དེ་ཅི་ཞིག་ལ་འདང་རྒྱག་བཞིན་ཁ་ཕྱིར་འཁོར་ནས་འབོལ་ཁྲིའི་སྟེང་དུ་བསྡད།

ཉིན་གུང་། བུ་དང་མནའ་མ་ལས་ཚོགས་གྲོལ་ནས་ཁྱིམ་དུ་ལོག མནའ་མའི་ལག་ཏུ་སྔོ་ཚལ་འགྱིག་ཤོག་གང་ཁྱེར་ཡོད་ལ། བུས་ཀྱང་ཤོག་བུས་བཏུམ་པའི་གོ་རེ་ཁྱེར་ནས་ཐབ་ཚང་དུ་བསྐྱོད། མནའ་མས་སྔོ་ཚལ་བཀྲུ་ཞོར་དུ་ཁྱོ་གར“དེ་རིང་ཉིན་གུང་ཨ་མར་འཐུང་རྒྱུར་དགའ་བའི་ཐུག་པ་བསྐོལ་ཁོམ་མེད་པས་གང་འདོད་ལྟར་སྔོ་ཚལ་གཉིས་བརྔོས་ཆོག་གམ། ཨ་མ་ལྡུམ་བུ་ཟ་བར་མི་དགའ་བས་ཟ་སྲིད་དམ”ཞེས་དྲིས་པ་ན། བུའི་སེམས་ལ་ཨ་མས་དང་ཐོག་སྔོ་ཚལ་ཟ་དུས“སྐྱག་པའི་ནང་དུ་བཏབ་པའི་ལྡ་ལྡུམ་དེ་ངོ་མ་ཟ་ཐུབ་ཀྱིན་མི་འདུག”ཅེས་བཤད་པའི་སྐད་ཆ་དེ་དྲན་ནས་ཁེར་དགོད་བྱས། ཁྱོ་གས་བསམ་བློ་ཅུང་ཙམ་བཏང་རྗེས་ཤོག་ཁུག་ནང་གི་གོ་རེ་བླངས། གོ་རེའི་བར་ལ་ཕག་ཤ་བསྲེས་ཡོད་པས་སྣོམ་ན་ཧ་ཅང་ཞིམ་པོ་འདུག ཁོས“སྤྱིར་བཏང་གི་གོ་རེ་བཙོང་རྒྱུ་མེད་པས། ངས་ཤ་བཙིར་ཡོད་པའི་བག་ལེབ་འདི་ཉོས་པ་ཡིན། ཨ་མ་ཕག་ཤ་ཟ་རྒྱུར་མི་དགའ་མོད། མཚམས་རེར་ཐེངས་གཅིག་ལ་ཟོས་ན་ཕལ་ཆེར་སྐྱོན་མེད་ན་ཐང”ཞེས་བཤད།

ཟ་མ་ཟ་དུས་ཨ་ཡེ་རྒྱ་མོས་ཅི་ཡང་མ་བཤད་པར་མནའ་མས་བརྔོས་པའི་སྔོ་ཚལ་ཟོས། བུ་དང་མནའ་མས་ཕན་ཚུན་ལ་ཅིག་བལྟས་རྗེས། བུས་མྱུར་དུ་གོ་རེ་ཁྱེར་ཡོང་ནས་ཁོ་མོའི་ལག་ཏུ་བཞག ཁོ་མོས་ཅི་ཡང་མ་དྲིས་པར་ཟོས་སོང་། ཟ་མ་ཟོས་རྗེས་ད་གཟོད“འདི་ནི་ཅི་ཞིག་གི་ཤ་ཡིན”ཞེས་དྲིས་པ་ན། བུས་མོ་ལ“ཕག་ཤ་རེད”ཅེས་ལན་བཏབ་པར་མ་ཟད། ད་དུང་བུས་གསལ་བཤད་ཀྱི་ཚུལ་དུ “འོན་ཀྱང་ཁྱོད་ཀྱིས་ཟ་དུས་མ་ཚོར་མོད། དེ་རིང་སྤྱིར་བཏང་གི་གོ་རེ་བཙོང་རྒྱུ་མེད་པས་འདི་མ་གཏོགས་ཟ་རྒྱུ་མི་འདུག”ཅེས་བཤད། ཁོ་མོས་སྐད་དེ་ཐོས་རྗེས་རང་གི་བུ་ཡི་བློ་ལ་ཤར་བ་བཞིན་དུ་སེམས་ཁམས་ལ་འགྱུར་བ་ཛ་དྲག་མ་བྱུང་བར“རང་ཁྱིམ་གྱི་སླ་ངའི་ནང་དུ་འབྱར་མེད་ལ་དྲི་མས་ཁྱབ་མེད་ན་འགྲིག་འདུག”ཅེས་བཤད་བྱུང་ལ། སྐད་ཆ་དེ་བཤད་ཚར་རྗེས། ཁོ་མོའི་བསམ་པར་དེང་སང་སྔོན་དང་བསྡུར་ན་རྦད་དེ་ཕག་ཤ་ཟ་མི་འདོད་པ་དེ་འདྲ་མ་རེད། ཡང་གཅིག་བཤད་ན་མོ་རང་ཉིད་ལའང་ངོ་མ་འགྱུར་བ་མང་པོ་བྱུང་འདུག་སྙམ།

གཉིས།

ཚ་བོ་དང་ཚ་མོ་སློབ་གྲྭ་ནས་ཕྱིར་སླེབས་བྱུང་། དེ་ནི་མོ་ལ་མཚོན་ན་དངོས་གནས་དགའ་འོས་པའི་དོན་དག་ཅིག་སྟེ་བྱིས་པ་གཉིས་དང་ཁ་བརྡ་འགའ་བྱེད་ཆོག་པས་རེད། སྤྱིར་བཏང་དུ་བྱིས་པ་གཉིས་ཀ་ངལ་གསོའི་སྐབས་སུ་ལས་བྱ་འབྲི་དགོས་ལ། ལས་བྱ་བྲིས་ཚར་རྗེས་བརྙན་འཕྲིན་ལ་བལྟ་རྒྱུ་དང་ཡང་ན་ཁ་པར་རྩེ་བ་སོགས་ཀྱི་དབང་གིས་ཁོ་ཚོའི་བར་ལ་ཐུན་མོང་གི་ཁ་བརྡ་མང་པོ་མེད། ཡིན་ཡང་མོས་ནམ་ཡང་ཚ་བོ་ཚ་མོར་གུང་སེང་གཏོང་བ་དང་དབྱར་གནང་དགུན་གནང་བྱིན་ནས་ཕྱིར་ཡོང་བར་རེ་ཞིང་བསྒུགས་ཡོད།

ཨ་ཡེ་རྒྱ་མོས་ཁ་བརྡ་ཞིག་གི་མགོ་རྩོམ་པར་འདང་རྒྱག་བཞིན་པའི་སྐབས་སུ། ཚ་བོ་བརྒྱུགས་ཡོང་ནས་མནའ་མའི་པང་ལ་འཐམས་ནས“ང་ཚོའི་དགེ་རྒན་གྱིས་ང་ཚོར་གུང་གསེང་སྐབས་ཀྱི་ལས་བྱ་སྟེ་འབྲོག་པའི་འཚོ་བའི་ཡོ་བྱད་འགའ་ཕྲིས་ཟེར། འོན་ཀྱང་ངས་ཨ་ཅེ་ལ་དྲིས་པ་ན། མོས་ཀྱང་གཉིས་གསུམ་ཙམ་མ་གཏོགས་མི་ཤེས”ཞེས་བཤད་པ་ན། མནའ་མས་བསམ་བློ་ཞིག་བཏང་ནས་བུ་ལ“རང་གི་རྨོ་བོ་ལགས་ལ་དྲིས་དང་། རྨོ་བོ་ལགས་ཀྱིས་ཤེས་ངེས་རེད། ཁོ་མོ་ནི་འབྲོག་མོ་ངོ་མ་ཡིན”ཞེས་བཤད།

ཚ་བོས་སྐད་ཆ་དེ་ཐོས་རྗེས་རྨོ་བོའི་མདུན་དུ་བརྒྱུགས་སོང་སྟེ“རྨོ་བོ་ལགས། ཁྱེད་ནི་འབྲོག་པ་ཡིན་ནམ”ཞེས་དྲིས་པ་ན། རྨོ་བོ་དགོད་ཞོར་དུ་ཁོའི་མགོ་ལ་རེག་ཙམ་བྱས་ནས“ཡིན་ཡ། ཅི་བྱས་སོང”ཞེས་དྲིས། ཚ་བོས“ང་ཚོའི་དགེ་རྒན་གྱིས་ལས་བྱ་ཞིག་བཀོད་སྒྲིག་བྱས་སོང་། ང་ཚོར་འབྲོག་པའི་ཅ་ལག་འགའ་ཕྲིས་ཤོག་ཟེར་མོད། འོན་ཀྱང་ང་དང་ཨ་ཅེ་གཉིས་ཀྱིས་མི་ཤེས། ཁྱེད་ཀྱིས་ང་ལ་འབྲོག་པའི་འཚོ་བའི་སྐོར་གྱི་ཅ་ལག་འགའ་ངོ་སྤྲོད་བྱེད་རོགས”ཞེས་བཤད་བྱུང་བས། མོའི་སེམས་སུ་དེང་སྐབས་ཀྱི་གྲོང་ཁྱེར་ནང་གི་བྱིས་པ་དང་འབྲོག་ཁུལ་གྱི་བྱིས་པ་གཉིས་ཀ་གཏན་ནས་མི་འདྲ་སྙམ་སོང་། མོས་དགོད་བཞིན“དེ་ལོས་ཆོག དེ་ལས་སླ་མོ་རེད”ཅེས་བཤད་ཞོར་དུ་རང་གི་མལ་ཤག་ཏུ་སོང་སྟེ། མལ་ཁྲིའི་འོག་ནས་སྒྱེ་ཁུག་ཆེན་པོ་ཞིག་སྒོར་བླངས་ནས་ཁ་ཕྱེ་བ་ན། ནང་དུ་ཚ་བོས་མཐོང་མ་མྱོང་བའི་ཅ་ལག་མང་པོ་འདུག

ཨ་ཡེ་རྒྱ་མོས་ནང་གི་ཤུག་པས་བཟོས་པའི་ཤིང་ལྕུག་སྒོར་སྒོར་ཅན་དེ་ལག་ལ་བཟུང་ནས་ཚ་བོར་བསྟན། ཚ་བོས“འདི་ཅི་ཡིན”ཞེས་དྲིས་པ་ན། རྨོ་བོས་དངོས་པོ་དེ་ལ་ལག་པས་བྱིལ་བྱིལ་ཞིག་བྱས་ནས“འདི་ནི་སྣ་གཅུ་རེད། རྒྱུ་ཤུག་པ་ལས་བཟོས་ཤིང་མཛོ་གཡག་གི་སྣ་བུག་ནང་བརྒྱུས་པའི་ཤིང་ལྕུག་སྒོར་མོ་འདི་གཡག་རྒོད་ཡན་པར་མི་འཆོར་བའི་ཁྲིད་བྱེད་ཅིག་ཡིན།”ཞེས་ལན་བཏབ། ཡང་ཚ་བོས་ཅ་ལག་ཅིག་བཟུང་ནས་དྲིས་པ་ན། མོས“དེ་ནི་བལ་རྩིད་འཐག་བྱེད་ཀྱི་ཐགས་ཡིན། འདི་ནི་རྒྱུ་བལ་རྩིད་ལས་བཟོས་པའི་ཕྱུགས་འདེད་བྱེད་ཀྱི་འུར་ཆ་ཡིན། འདི་ནི་བལ་རྩིད་སོགས་འཁེལ་བྱེད་ཀྱི་འཕང་ཡིན……”ཞེས་བཤད།

ལག་ཆ་རེ་རེ་བཞིན་ངོ་སྤྲོད་བྱས་པ་དང་བསྟུན། ཁོ་མོས་སྔོན་ཆད་རྩྭ་ཐང་སྟེང་གི་སྦྲ་ནག་གི་འཚོ་བ་དེ་ཡིད་ལ་དྲན་བྱུང་། སྔོན་ཆད་ད་ལྟའི་བྱིས་པ་དག་དང་འདྲ་བར་ཁ་པར་དང་གློག་ཀླད་རྩེ་རྒྱུ་མེད་ཀྱང་། ཐེ་གེ་དང་རྡེའུ་དཀར་ནག་ཅིག་ཡིན་ཡང་སྤྲོ་སྣང་ཧ་ཅང་ཆེན་པོ་ཡོད། ཁོ་མོས་ཡོ་བྱད་འདི་དག་མི་ཚེ་གཅིག་གི་རིང་ལ་བེད་སྤྱོད་བྱས་པ་དང་ཁོ་མོའི་འཚོ་བའི་འཚོ་རྟེན་དུ་གྱུར་ཡོད། འོན་ཀྱང་ད་ལྟའི་དུས་འདིར་གྲོང་ཁྱེར་དུ་ཅ་ལག་འདི་དག་སྤྱོད་སྒོ་མེད་པས་ངོས་ཟིན་མཁན་གྱི་བྱིས་པ་ཧ་ཅང་དཀོན། ཁོ་མོ་དགའ་འོས་པ་ནི་འདི་ནི་བྱིས་པ་རྣམས་ཀྱིས་སྔོན་ཆད་ལྟར་ཆུང་དུས་ནས་དཀའ་ལས་དེ་འདྲ་མྱོང་མི་དགོས་མོད།

གང་ལྟར་ཁོ་མོས་ཚ་བོ་ལ་རོགས་བྱེད་ཐུབ་སོང་བས་སེམས་ལ་དགའ་སྤྲོས་ཁེངས་ནས་ལག་ལ་ལག་ཕྱིས་བཟུང་ནས་ཡོ་བྱད་དེ་དག་ཡང་ཡང་ཕྱིས། མོས་ཡོ་བྱད་དེ་དག་ལ་ལྟ་ཙམ་བྱས་རྗེས་མལ་ཁྲིའི་སྟེང་ལ་བཞག མོའི་སེམས་སུ་གལ་ཏེ་གོ་སྐབས་ཡོད་ན་སྔོན་ཆད་ཀྱི་གཏམ་རྒྱུད་དང་རྒྱུན་སྤྱོད་ཀྱི་ཡོ་བྱད་མང་པོ་བྱིས་པ་དག་ལ་བཤད་ཆོག་སྙམ་ནས་གདོང་ལ་འཛུམ་ཞིག་ཤར་བྱུང་།

གསུམ།

དེ་རིང་ཁོ་མོ་དགོན་པའི་ནང་དུ་སྐོར་བར་འགྲོ་བའི་ཉིན་མོ་ཡིན། དགོན་པ་དང་ཁྱིམ་གྱི་བར་ཐག་ཤིན་ཏུ་རིང་བས། བུས་རླངས་འཁོར་བསྐོར་ནས་མི་སྐྱེལ་ག་མེད་བྱུང་། བུ་ཡིས་རླངས་འཁོར་བསྐོར་ཞོར་དུ་མོ་ལ་སྲང་ལམ་གྱི་བདེ་འཇགས་ལ་དོ་སྣང་བྱ་དགོས་པ་དང་། འཁར་བ་དམ་པོར་འཛིན་དགོས་པ་སོགས་གཟབ་གཟབ་བྱ་དགོས་ཚུལ་མང་པོ་ཁ་བརྡ་བྱས། ཁོ་མོས་ཁ་ནས་འོ་ཡ་ཟེར་ཞོར་སྒེའུ་ཁུང་ཕྱི་རོལ་ལ་བལྟས་པ་ན། སེམས་སུ་སྔོན་ཆད་ཕ་ཡུལ་ནས་ནམ་རྒྱུན་རྒན་མོ་སྐོར་ཞིག་དང་སྐོར་བར་འགྲོ་བའི་ཉིན་མོ་དེ་དག་དྲན་བྱུང་། སྐབས་དེར་མོ་ནི་ཉིན་རྒྱུན་ཀྱག་ཀྱོག་གི་ལམ་བུའི་ཁྲོད་དུ་འགྲོ་བཞིན་ཡོད་ལ། ལམ་བར་ནས་རང་གིས་ངོ་ཤེས་པའི་རྒན་མོ་དག་དང་འཕྲད་ངེས་ཡིན། སྐོར་མཐའ་ནའང་ནམ་རྒྱུན་རྒན་མོ་སྐོར་ཞིག་གིས་རང་རང་གི་བུ་དང་མནའ་མ། རྩྭ་ས་དང་སེམས་ཅན་སྐོར་གྱི་ཁ་བརྡ་བྱས་ནས་ཉི་མ་ལྡེ་སྲིད། ཁོ་ཚོ་དང་ལྷན་དུ་ཉི་མ་ལྡེས་ནས་སྡོད་པའི་ཡན་གྱི་སྐྱིད་ཅིག་མེད་པར་སྙམ།

ཨ་ཡེ་རྒྱ་མོ་རླངས་འཁོར་ལས་མར་བབས་ཏེ་འཁར་བར་བརྟེན་ནས་དགོན་པའི་འདབས་ཀྱི་མཆོད་རྟེན་དཀར་པོ་དེར་གཟས་ནས་སོང་། སྐོར་མཐའ་ནས་ཁོ་མོས་ཕ་ཡུལ་གྱི་རྒན་མོ་དེ་ཚོས་མོ་དང་འདྲ་བར་རྒྱ་ཁང་གྲུ་བཞིའི་ནང་ན་ག་རེ་བྱེད་ཀྱིན་འདུག་གམ། ང་རང་དྲན་གྱིན་ཡོད་དམ། ཡང་ན་རྩྭ་ཐང་དང་སེམས་ཅན་དྲན་གྱིན་ཡོད་དམ་བསམས། སྐོར་བ་འགའ་སོང་རྗེས་སྐོར་ལམ་གྱི་རྡོ་ཐེམ་ཞིག་གི་སྟེང་ལ་ཙོག་ནས་ངལ་གསོ་ཞོར་དུ་མོས་རང་ཉིད་ས་འདི་གར་ཡོང་ནས་འཚོ་བ་བསྐྱལ་པའི་ལོ་ཟླར་ཕྱིར་འདང་བརྒྱབ། ཆེས་དང་ཐོག་ཁོ་མོ་གནས་འདིར་ཡོང་དུས་སྦྲ་ནག་དང་ནོར་ལུག ཁོང་ལ་རྒྱུས་མངའ་ཡོད་པའི་གྲོགས་པོ་སོགས་ཅི་ཡང་མེད་པས། གནས་འདི་མོ་ལ་མཚོན་ན་རྦད་དེ་རྒྱུས་མངའ་མེད་པ་ཞིག་རེད། ཡི་གེ་མི་ཤེས་པས་ཁྱིམ་ནས་གསང་སྤྱོད་སྤྱོད་མི་འདོད་རུང་ཐབས་མེད་པ་དང་། དགོན་པ་རང་ཁྱིམ་དང་ཐག་རིང་བས་ཉིན་རྒྱུན་སྐོར་བར་འགྲོ་ཐབས་བྲལ་ལ། བསང་མཆོད་དང་ཚ་གསུར་ཕུད་སའང་དེ་བས་མེད། ཁྱིམ་ནང་དྲོད་རླངས་བཏང་ཡོད་རུང་མེ་མ་རིག་ན་སེམས་མི་དྲོ་བའི་སྣང་བ་སོགས་ཀྱིས་མི་གོམས་མི་འདོད་པ་མང་མོད། སྔོན་ཆད་དང་བསྡུར་ན་འགྱུར་བ་མང་པོ་བྱུང་ཡོད། འོན་ཀྱང་རྦད་དེ་འགྱུར་སོང་བ་ཞིག་ཀྱང་མིན་པར། ཁོ་མོས་སྔར་བཞིན་བྱིས་པ་དག་གིས་སྲོལ་རྒྱུན་གྱི་རིག་གནས་དང་གོམས་སྲོལ་མང་པོ་ཤེས་ན་བཟང་བའི་སྐོར་ནམ་རྒྱུན་ཚ་བོ་ཚ་མོར་གླེང་གིན་ཡོད། གང་ལྟར། མོ་ལ་མཚོན་ན་རྩྭ་ཐང་དང་སྦྲ་ནག་དེ་གྲོང་ཁྱེར་གྱི་ཐོག་ཁང་ལས་རང་ལ་འཚམ་པར་འདོད་ཀྱིན་ཡོད།

ཨ་ཡེ་རྒྱ་མོ་གྲོང་ཁྱེར་དུ་གནས་སྤར་ནས་ལོ་ངོ་དུ་མ་འགོར། དོ་ནུབ། མོ་རང་སྔར་བཞིན་ཁྱིམ་གྱི་འབོལ་ཁྲིའི་སྟེང་དུ་བསྡད་དེ། ལག་གཡོན་པས་ཕྲེང་བ་འདྲེན་པ་དང་། ལག་གཡས་པས་ཐར་མདོའི་འཁོར་ལོ་བསྐོར། ངག་ནས་གསལ་ལ་མི་གསལ་བའི་མ་ཎི་འགའ་རེ་བཟླས་ཞོར། ཨ་མདོའི་བརྙན་འཕྲིན་ལས་གསར་འགྱུར་མེ་ལོང་གཏོང་བར་ལྟ་བཞིན་ཡོད། དེ་རིང་གི་གསར་འགྱུར་དུ་གཙང་གསུམ་མགོ་ཁུངས་སུ་ཕྱུགས་བསྐྱུར་རྩྭ་གསོའི་སྲིད་ཇུས་ལག་ལེན་དུ་བསྟར་ནས་ལོ་དུ་མར་རྩྭ་ས་ཇེ་ལེགས་སུ་སོང་བའི་འགྱུར་ལྡོག་སྟོན་བཞིན་ཡོད་ལ། ཨ་ཡེ་རྒྱ་མོའི་རྩྭ་ས་ཉི་མ་ལུང་གི་ལབ་རྩེའི་ཉེ་འདབས་དེ་མོ་རང་རྒྱུན་པར་སྐོར་བ་འགྲོ་སའི་རྐང་ལམ་ཕྲ་མོ་རུ་རྒྱལ་ཁབ་ཀྱིས་མགྱོགས་ལམ་ལས་ཏེ་འཕྲུལ་འཁོར་གྱི་ལྡིར་སྒྲའི་ཁྲོད་ས་བརྐོ་རྡོ་སློག་བྱེད་བཞིན་པའི་གསར་འགྱུར་ཡང་སྒྲོག་བཞིན་འདུག ཨ་ཡེ་རྒྱ་མོས་བརྙན་འཕྲིན་ནང་གི་གསར་འགྱུར་མཐོང་རྗེས་ཧད་དེ་འདང་རྒྱག་གི་མཚོ་མོ་རུ་ལྷུང་སོང་། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།