ཀྲུང་གོ་བོད་ཀྱི་དྲ་བ།

གསེར་གྱི་རྣ་ལུང་ཡ་གཅིག

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : གཡུ་སྒྲོན་འཚོ།   སྤེལ་དུས། : 2021-05-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ད་ཡང་མཐར་ཕྱིན་གྱི་དུས་ཚིགས་ཤིག་རེད།

མཐོ་སྒང་གི་ཟླ་དྲུག་པའི་རླུང་བུ་སློབ་ཆེན་དུ་ལྡང་དུས། སྨིན་ཐག་མ་ཆོད་པའི་མེ་ཏོག་གི་འདབ་མ་འགའ་ཅིས་ཀྱང་ཕྱི་ལ་བྱེར་དགོས། འདི་ནི་སྦྱང་བརྩོན་གྱི་མེ་ཏོག་ལ་ཤེས་ཡོན་གྱི་འབྲས་བུ་སྨིན་སོང་བ་མིན་ཡང་དུས་ཚིགས་འདིས་རང་ཉིད་ཀྱི་ལས་འགན་དུས་ལྟར་བསྒྲུབ་དགོས་པས་ཡིན་ངེས།

ཉིན་འདི་འགར། ང་རང་སེམས་ནད་གང་ཞིག་གིས་མནར་གྱིན་ཡོད་པ་འདྲ། ཉིན་མོའི་ཟས་མི་འདོད་ལ་མཚན་མོར་གཉིད་མི་བདེ། ཕྱི་ཡི་དྲོད་མི་ཚོར་ལ་ནང་གི་ཁམས་མི་དྭངས། སྐབས་ལ་ལར་ཡ་ཁོག་སྟོང་ལྷང་ལྷང་། མཚམས་ལན་རེར་སེམས་པ་ལྗིད་ཏིག་ཏིག འདི་ནི་རང་ཉིད་སློབ་མཐར་ཕྱིན་རྒྱུ་དང་དེའི་རྗེས་ཀྱི་ཅི་ཞིག་ལ་སེམས་ཚེགས་སྐྱེས་པ་ཙམ་ལས་འགོངས་ཡོད་པ་འདྲ། དོན་དམ་ང་ལ་ཅི་བྱུང་སོང་ངམ། ངས་སེམས་དོན་གང་ཞིག་འགྲུབ་མེད་པར་ཡ་ཁོག་ཏུ་ལུས་ཡོད་དམ།

ཡ་མཚན། ད་ནངས་ཞོགས་པར། ང་སློབ་གྲོགས་ཚོ་དང་མཉམ་དུ་མཐར་ཕྱིན་ལྷན་པར་བསྐྱོན་དུ་འགྲོ་དུས། རྒྱུན་ལྡན་ལྟར་སློབ་གྲོགས་ཚོ་དང་མཉམ་པོར། འཛིན་གཙོས་བཤད་པའི་ལམ་ཐིག་དེད་ནས་ས་ཚིགས་རེ་རེར་དུས་བགོས་ལྟར་འགྲོ་རྒྱུའི་སེམས་ཁམས་གཏན་ནས་མི་འདུག འདི་ནི་འཛིན་གྲྭ་ལ་འདང་རྩིས་ཤིན་ཏུ་ཆེ་བའི་ངའི་གཤིས་སྤྱོད་དང་འགལ་བ་ལྟག་སྤྲོད་དུ་གྱུར་པ་ཤ་སྟག་ཅིག་རེད། ངས་མཐའ་མཇུག་གི་དུས་ཚོད་ཐུང་ངུ་འདི་གཅེས་འཛིན་གྱིས་སློབ་གྲོགས་ཚོ་དང་མཉམ་དུ་དྲན་རྟེན་ལྷན་པར་ཞིག་ཅི་ལ་མི་བསྐྱོན། ཡིན་ནའང་།སེམས་འདུན་ལྐོག་ཏུ་གྱུར་པ་ཞིག་གིས་ང་རང་ལ་ཁ་ལོ་སྒྱུར་གྱིན་གདའ།ང་རང་ཁོ་ཚོ་དང་ཁ་བྲལ་ཞིང་དཔེ་མཛོད་ཁང་གི་ལྟག་རྒྱབ་བརྒྱུད་མེ་ཏོག་ར་བའི་མཐའ་བསྐོར་ཏེ་ཅི་ཞིག་འཚོལ་བར་ཕྱིན།

གསེར་གྱི་རྣ་ལུང་ཡ་གཅིག མཇུག་མཐའ་འདིར། ངས་ཅིས་ཀྱང་ཁྱོད་རང་བཙལ་ནས་རྙེད་དགོས།

རེད་དེ། བཤད་ནས་སོང་ན་གཏམ་རྒྱུད་རིང་བ་འདྲ། གཏམ་རྒྱུད་ཡོད་ཚད་ཀྱང་ངས་དཔེ་མཛོད་ཁང་དུ་གསེར་གྱི་རྣ་ལུང་ཡ་གཅིག་རྙེད་པ་དང་འབྲེལ་ནས་འདུག

ཉིན་དེར་ཡང་། ངས་རྒྱུན་གཏན་གྱི་ལོབས་ཕྱོགས་ལྟར། རི་བོའི་གཏོས་དང་མཉམ་པའི་དཔེ་དེབ་སྣ་མང་གིས་རང་ལུས་བརྒྱན་པར་བྱས་པའི་དཔེ་སྒྲོམ་ནར་མོ་དག་གི་གྲལ་བར་བརྒྱུད་ནས་རང་གི་འདུག་གནས་གཟས་ཏེ་འགྲོ་བཞིན་ཡོད། རྡོག་སྣེ་གཏོད་ཡུལ་གྱི་ས་ངོས་དེ་རུ་རང་མདོག་གསལ་བའི་དངོས་གཟུགས་ཆུང་ངུ་ཞིག་ངའི་མཐོང་སྣེར་ཐོགས་ཤིང་། དེ་ནི་ཏག་ཏག་གསེར་གྱི་རྣ་ལུང་ཡ་གཅིག་རེད། གསེར་གྱི་རྣ་ལུང་ཡ་གཅིག་དེ་དེ་ལྟར་གསེར་མདོག་སེར་ཀྲིག་གེར་ངའི་མིག་ལམ་དུ་མངོན་ཡོང་དུས། ངས་ཐེ་ཚོམ་ཅི་ཡང་མེད་པའི་སྒོ་ནས་དེ་ཉིད་པང་གཅལ་སྟེང་ནས་ཡར་བསྒྲུགས་པ་ཡིན། དེ་མ་ཐག ངའི་མིག་ལམ་ལ་མི་ཞིག་གི་གཟུགས་བརྙན་ཇི་བཞིན་འཁོར་ཞིང་དེའང་ཏག་ཏག་ཁོའི་གཟུགས་བརྙན་རེད་འདུག གློ་བུར་དུ། ང་ལ་གསེར་གྱི་རྣ་ལུང་ཡ་གཅིག་པོ་དེ་ཧ་ཅང་སྙིང་དུ་སྡུག་པ་ལྟ་བུའི་ཚོར་བ་བྱུང་།ཤིན་ཏུ་རྒྱུས་མངའ་ཡོད་པ་ལྟ་བུའི་ཉམས་སྣང་ཤར།

རེད། དུས་ཡུན་ངེས་ཅན་ཞིག་གི་གོང་རོལ་གྱི་ཉིན་དེར།ངས་གནས་འདི་སྟེ། དཔེ་དེབ་སྣ་ཚོགས་གྲལ་འགྲིག་པོའི་ངང་རིམ་པ་དང་རིམ་པ། ཐེམ་པ་དང་ཐེམ་པ་བྱས་ནས་བསྟར་ཕྲེང་བསྒྲིགས་ཏེ་བརྩིགས་ཡོད་པའི་དཔེ་སྒྲོམ་དག་གི་བར་གསེང་ནས། གསེར་གྱི་རྣ་ལུང་ཡ་འདི་ཁོའི་གཡོན་ཕྱོགས་ཀྱི་ཟ་འགྲམ་དེ་ནས་ཐོག་དང་པོར་མཐོང་བ་ཡིན།

དེ་དུས། ཁོའི་ལུས་པོ་དཔེ་སྒྲོམ་མཐོན་པོ་དེ་དག་གི་བར་ན་ཀྲོང་ངེར་ལངས་ཤིང་སྤུས་ལེགས་པར་མའི་དཔེ་དེབ་མཐུག་པོ་ཞིག་གི་ཁ་ཕྱེ་སྟེ་ལག་ཟུང་གིས་བསྐྱོར་འདུག ཁོའི་མགོ་བོ་ཅུང་ཙམ་དུད་པས་གདོང་ཁའི་མིག་ཤེལ་མར་ལ་ཅུང་ཟད་གསེག སྐྲ་ལོ་ནག་པོས་དཔྲལ་བའི་ཕྱེད་ཙམ་ཁེབས། ངོ་གདོང་ཧྲིལ་པོར་གཟབ་ནན་གྱི་ཉམས་སྣང་ཁྱད་པར་བ་ཞིག་ཤར། མིག་གི་རྒྱལ་མོས་ནན་ཏན་གྱིས་དཔེ་དེབ་ལས་ཅི་ཞིག་འཚོལ་བར་བྲེལ་བཞིན་མཆིས། དེ་དག་ལས་ཀྱང་མིག་ལ་མངོན་པར་གསལ་ཡོང་བ་ནི། ཁོའི་རྣ་བ་གཡོན་པར་བཏགས་པའི་གསེར་གྱི་རྣ་ལུང་ཆུང་ངུ་དེ་རེད་ལ། དེས་ནི་གསེར་འོད་ལམ་ལམ་སྒོས་མི་བུ་དེའི་ཆ་ཤས་གང་ལ་མཛེས་ཉམས་ཁྱད་པར་བ་ཞིག་བསྣན་འདུག་པའི་ཚོར་བ་བྱུང་། སྣང་བརྙན་དེ་ནི་དེ་འདྲའི་གསལ་ལྷང་ལྷང་བ་ཞིག་དང་། ཏག་ཏག་དེ་འདྲའི་རྙིང་རྒྱུ་མེད་པ་ཞིག་སྟེ།བདག་གི་དྲན་པའི་ཡོལ་ངོས་སུ་ཡང་ཡང་ཤར་ན་ཡང་ཡང་མཛེས་པའི་སྒྱུ་རྩལ་གྱི་བརྐོས་རིས་རི་མོ་ཞིག་དང་འདྲ།

ངས་གསེར་གྱི་རྣ་ལུང་དེ་ཡར་བླངས་ཤིང་ལག་མཐིལ་ལ་བཞག་ནས་དེ་ལྟར་ཐོག་མའི་བག་ཆགས་ཁྲོད་ཀྱི་ཁོ་རང་ཡང་བསྐྱར་ཡིད་ངོར་ཐེངས་གཅིག་བསྡུས།

“ཨ་རོགས། གཟའ་བརྒྱབ་བྱུང་ངམ།”གྲོགས་མོས་སྐད་མགོ་དམའ་མོས་ངའི་རྣ་རྩར་དེ་སྐད་བཤད་པས་ང་རང་ཧོབ་སེར་སད་བྱུང་།

“གསེར་གྱི་རྣ་ལུང་ཡ་གཅིག”ངའི་ངག་ལས་དེ་ལྟར་ཤོར། དེ་ནི་ངས་ཁོའི་མིང་ནས་ཐེངས་གཅིག་བོས་པ་དང་འདྲ།

“རྣ་ལུང་ཨེ། རྣ་འཛེར་ཟེར་ན་འགྲིག་གི་རེད། ད་དུང་གསེར་གྱི་རྣ་ལུང་ཨེ། སེར་པོ་ཐམས་ཅད་གསེར་ཡིན་དགོས་པའི་ཁྱབ་པ་ཡོད་དམ།ཧ་ཧ།” གྲོགས་མོས་ནམ་རྒྱུན་ང་ལ་ཁྱབ་མ་ཁྱབ་སོགས་ཀྱི་བརྡ་ཆད་སྤྱད་ནས་ང་ལ་མོའི་རིག་སྟོབས་ངོམ་པར་བྱེད་མོད། སྐབས་འདིའི་ངའི་ཚོར་རྟོག་གི་རྒྱུ་བ་མཚར་མོ་འདི་ནི་མོའི་རྣོ་དབལ་འབར་བའི་རིག་ཤེས་དེས་ཀྱང་ཟིན་གྱིན་མེད་ཚོད་རེད།

སྐབས་དེའི་ང་ལ་མཚོན་ན་རྣ་ལུང་དེའི་རྒྱུ་ཆ་གསེར་ཡིན་མིན་ལ་བསམ་བློ་འཁོར་དགོས་མེད།རྣ་ལུང་དེའི་མིང་ལ་ཅི་ཞིག་བཏགས་ན་འོས་མིན་ལ་དྲན་པ་གཡོར་དགོས་མེད། གང་ལྟར་རྣ་ལུང་དེས་དེ་ལྟར་གསེར་འོད་ཀྲིག་ཀྲིག་གིས་ངའི་དྲན་པ་ལ་ཅི་ཞིག་གི་འཕྱོར་སྤྲས་བྱེད་ཅིང་མཆིས། ངའི་ནང་སེམས་ལ་ཅི་ཞིག་གི་དྲོད་ཁོལ་སྩོལ་ཅིང་མཆིས།

ངའི་གྲོགས་མོས་བཤད་པ་ནང་བཞིན། སྤྱིར་ཡིན་ན། གཞོགས་གཉིས་སུ་དེབ་ཀྱི་འཁྲུག་ཆ་དོད་པོར་བརྩིགས་པའི་དཔེ་སྒྲོམ་དག་གི་བར་གསེང་དུ། དམིགས་པ་རྩེ་གཅིག་ལ་གཏད་ནས་དེབ་ཅིག་འཚོལ་བའི་མིག་མདངས་ཤིག་དམིགས་འབེན་གཅིག་པའི་མིག་མདངས་གཞན་ཞིག་དང་གདོང་ག་རྒྱག་སྲིད་པ་ནི་གནས་ཚུལ་རྒྱུན་ལྡན་ཞིག་ཡིན་ངེས། ཡིན་ནའང་། ངའི་མིག་གི་རྒྱལ་མོའི་ལས་ཀ་ལ་གེགས་ཐེབས་པར་བྱེད་མཁན་ནི་གསེར་གྱི་རྣ་ལུང་ཡ་འདི་ཡིན། དེའང་གསལ་པོར་བཤད་ན་གསེར་གྱི་རྣ་ལུང་ཅན་གྱི་མི་ཕོ་དེ་ཡིན།

དེ་ནས་བཟུང་།ངའི་འཆར་སྒོ་ནི་འཚོ་བའི་སྒྱུ་འཕྲུལ་ལྟ་བུའི་ལྟད་མོ་སྣ་ཚོགས་མངོན་སའི་ཡོལ་བ་ཞིག་ཡིན་པའི་དབང་དུ་བཏང་ན། གསེར་གྱི་རྣ་ལུང་ཅན་གྱི་མི་ཕོ་དེའི་སྣང་བརྙན་ཁོ་ན་ནི་ཡུལ་དུས་ངེས་མེད་དུ་དེའི་ངོས་སུ་རང་ཤུགས་སྒོས་འཕོས་ཡོང་གིན་འདུག་ལ། དེ་ཁོ་ནར་ཤེས་བཞིན་གྱི་རྩོལ་བ་གང་ཡང་གདོན་མི་དགོས།

“རྣ་ལུང་འདི་ཁོ་བོའི་ཡིན་སྲིད་དམ།”ངའི་མིག་གིས་ཁོའི་འདུག་གནས་ཀྱི་ཕྱོགས་སུ་ཅེར།

“སུའི”གྲོགས་མོས་མཚར་ཉམས་བསྟན་སོང་།

སུའི་རེད་དམ། སྟེས་དབང་གི་ལམ་འཕྲད་ཐེངས་དེ་ནས་བཟུང་། ངས་གསེར་གྱི་རྣ་ལུང་ཅན་གྱི་མི་ཕོ་དེ་ཡང་ཡང་མཐོང་། མི་ཕོ་དེ་དེ་ལྟར་ཡང་ཡང་མཐོང་བ་ནས་བཟུང་ང་ཁོ་ལ“ལོབས”པར་གྱུར། ང་དེ་ལྟར་ཁོ་ལ“ལོབས”པར་གྱུར་པ་ནས་བཟུང་ངས་ཁོའི་མིང་ལ་ཐད་ཀར“གསེར་གྱི་རྣ་ལུང་ཡ་གཅིག”བཏགས། མིང་དེ་དེ་ལྟར་བཏགས་པ་ནས་བཟུང་དེ་ནི་སྙིང་དུ་སྡུག་པ་ཞིག་ཡིན་པའི་ཚོར་བ་བྱུང་། ཚོར་བ་དེའི་རིགས་བྱུང་བ་ནས་བཟུང་ངས་དངོས་འབྲེལ་ཁོ་བོའི་མིང་ལ་ཅི་ཟེར་བར་ཁ་ཡ་བྱས་མ་མྱོང་། ཁོ་བོ་སུ་ཡིན་པར་ཡང་གསལ་ཁ་འཚོལ་མ་མྱོང་། གནས་ཚུལ་ནི་དེ་ལྟ་བུ་ཞིག་ཡིན་པས་ངས་གསེར་གྱི་རྣ་ལུང་འདི་སུའི་ཡིན་པ་གྲོགས་མོར་བཤད་མ་ཤེས། དྲང་མོར་བཤད་ན། ཁོ་བོ་སུ་ཡིན་པ་དང་མིང་ལ་ཅི་ཟེར་བ་དེ་ང་ལ་འབྲེལ་བ་ཅི་ཡོད། དཔེ་མཛོད་ཁང་གི་གྲུ་ཟུར་དེ་རུ།ཁོ་བོ་སྔར་གནས་སུ་ལྷོད་ཀྱིས་སྡོད་ཅིང་། དཔེ་དེབ་གང་ཞིག་ནན་ཏན་གྱིས་ཀློག་པའི་རྣམ་པ་མིག་ལམ་དུ་མངོན་ཐུབ་པ་ཡིན་ན། ང་ལ་དེ་ལས་ལྷག་པའི་སེམས་ཀྱི་ལོངས་སྤྱོད་ཅིག་མེད། མཚམས་རེར་དེ་ལས་ལྡོག་པར་གྱུར་ཚེ། ང་ལ་གར་ཡོང་མི་ཤེས་པའི་བྲེལ་བ་ཞིག་གམ་བློ་ཁ་མི་བདེ་བའི་འཚུབ་ཆ་ཞིག་ལངས་ཡོང་གིན་ཡོད་པ་དང་། རང་གི་འདུག་གནས་སུ་ཏབ་ཅིག་ལའང་སྡོད་མི་ཚུགས་པ་ལྟ་བུ་ཞིག་ཡོང་གིན་ཡོད་པ་བདེན་དུ་ཆུག་ཀྱང་། དེ་དག་ནི་ཁོ་སུ་ཡིན་དང་མིང་ལ་ཅི་ཟེར་ལ་འབྲེལ་བ་ཅི་ཡང་མེད། ཡང་གཅིག་བཤད་ན། ངས་ཁོ་རང་ཡོངས་སུ་ངོ་ཤེས་ཀྱིན་ཡོད་དེ། ཁོ་ནི“གསེར་གྱི་རྣ་ལུང་ཡ་གཅིག”མིན་ནམ།

ངའི་མིག་གིས་མུ་མཐུད་དུ་ཡ་ཡོ་མེད་པའི་སྒོ་ནས་གྲུ་ཟུར་གྱི་ཁོའི་འདུག་གནས་ལ་ཅེར་ནས་བསྡད་ཡོད།

ལམ་འཕྲད་དེ་དང་དེའི་རྗེས་ཀྱི་དུས་ག་ཤེད་ཅིག་ནས། ང་རང་བསམ་བཞིན་ནམ་བསམ་བཞིན་མ་ཡིན་པ་གང་ཡིན་རང་ཉིད་ཀྱིས་ཀྱང་གསལ་ཐག་མི་ཆོད་པའི་སེམས་འདུན་ཞིག་གིས་ཀུན་ནས་བསླངས་ཏེ། ཁོ་དང་ཐག་མི་རིང་བའི་ཁ་གཏད་ཀྱི་འདུག་གནས་དེ་གར་འདུག་ཚུགས་བྱས་པ་ཡིན། དེ་ནས་བཟུང་། གྲུ་ཟུར་གྱི་ཁོའི་འདུག་གནས་ཕྱོགས་སུ་ལྟ་རྒྱུ་ནི་ལོབས་བྱང་དུ་སོང་བའི་རྒྱུན་གོམས་ཤིག་ཏུ་སོང་ཡོད།

“རྣ་ལུང་འདི་ཁོ་བོའི་ཡིན་པ་འདྲ།” ངས་ཆིག་ལབ་ལྟ་བུ་ཞིག་བྱས།

“ཁྱོད་ལ་དངོས་གནས་གཟའ་བརྒྱབ་འདུག ཁོ་བོ་ཨེ། སྐྱེས་པ་གསེར་གྱི་རྣ་ལུང་འདོགས་མཁན་ཞིག་གང་ན་ཡོད། ཡོད་པའི་དབང་དུ་བཏང་ཡང་། འདི་ནི་གྲོང་ཁྱེར་གྱི་དཔེ་མཛོད་ཁང་ཡིན་པ་ལས་འབྲོག་པའི་རྩྭ་ཐང་མ་རེད། ཧ་ཧ།” གྲོགས་མོ་སྔར་ལྟར་གད་མོ་དགོད་ཀྱིན་འདུག སྐད་མགོ་དམའ་མོས་གད་མོ་ལྷུག་ལྷུག་དགོད་ཀྱིན་འདུག

“……”

ངས་མུ་མཐུད་དུ་ཁོའི་ཕྱོགས་སུ་ཞིབ་ཀྱིས་བལྟས་ནས་ཡོད།

ཁོ་བོ་སྔར་ལྟར་འདུག་གནས་དེ་གར་ཀྲོང་ངེར་བསྡད་ཅིང་མིག་ཟུང་གིས་དེབ་ངོས་ཀྱི་ཡིག་འབྲུ་དག་རེ་རེ་བཞིན་གཡོན་སྣེ་ནས་གཡས་སྣེ་རུ་འདེད་ཅིང་མཆིས། ལག་གཡས་ཀྱིས་ལོབས་ཕྱོགས་ལྟར་ཅུང་ཟད་འཇིལ་ལིར་འཁྱིལ་བའི་སྐྲ་ལོ་དེ་ལྟག་པར་ཤད་ཙམ་དང་མཐའ་ར་ནག་པོ་ཅན་གྱི་མིག་ཤེལ་དེ་ཡར་ལ་འདེད་ཙམ་བྱེད། བལྟས་ཚོད་ལ་ཡོད་ཚད་སྔར་ལྟར་རྒྱུན་ལྡན་ལྷོད་བག་ཅིག་ཏུ་འདུག ཡིན་ནའང་། ཞིབ་ཏུ་བལྟས་ཚེ་འོད་ཟེར་ལམ་ལམ་འཕྲོ་བའི་གསེར་གྱི་རྣ་ལུང་ཆུང་ངུ་དེ་གསེར་འོད་ཀྲིག་ཀྲིག་ངང་ཁོའི་ཟ་འགྲམ་གྱི་ཁ་མལ་ན་མི་འདུག

“རྣ་ལུང་འདི་དངོས་འབྲེལ་ཁོ་བོའི་རེད་འདུག” ངས་ཁ་ཚོན་ཆོད་པའི་སྒོ་ནས་དེ་སྐད་བཤད།

“མཚར་རོ། །ངས་འདུག་གནས་སུ་སྡོད་པའི་བུ་མོ་ཚོའི་རྣ་བར་ཞིབ་ལྟ་བྱས་ཚར་མོད། རྣ་འཛེར་འདིའི་ཆ་ཡས་བཏགས་པའི་བུ་མོ་དེ་མཐོང་མ་སོང་། མ་གཞི་མོ་ལྟ་ཀློག་ཁང་གཞན་ཞིག་ལ་བུད་སོང་ངམ།” གྲོགས་མོས་ལྟ་ཀློག་ཁང་ལ་སྐོར་ལྟ་ཞིག་བྱས་ནས་ཕྱིར་ངའི་གམ་དུ་སླེབས།

“འདི་ལ་ཆ་ཡས་ཡོད་པ་མ་རེད། གསེར་གྱི་རྣ་ལུང་ཡ་གཅིག འདི་ལ་ཆ་ཡས་ཤིག་ཡོད་ན་ངས་ཞུས་ཆོག……”ངས་ཡུན་རིང་སེམས་ལ་བསྙལ་བའི་སྐད་ཆ་ཞིག་ཕྱི་རུ་ཐལ་སོང་བ་འདྲ། ངས་བསྟན་དོན་ཤུགས་སུ་སྐུང་བའི་སྐད་ཆ་མགུ་གང་བ་ཞིག་བཤད་སོང་བ་འདྲ། ངའི་སེམས་པ་བདེ་ལྷང་ལྷང་བ་ཞིག་ཏུ་གྱུར།

“དངོས་གནས་གཟའ་བཤད་བྱེད་ཀྱིན་འདུག……”གྲོགས་མོ་བུད་སོང་།

ཉིན་དེར། ངེད་གཉིས་དེ་ལྟར“འཕྲད”ཅིང་དེ་ལྟར“འདྲེས།”

གཅིག་བྱས་ན། དེ་ནི་རྒྱུན་ལྡན་གྱི་ལམ་འཕྲད་ཅིག་ནས་སྟེས་དབང་གི་ལས་འཕྲོ་ཞིག་ཏུ་གྱུར་ནའང་ཅིས་མི་ཆོག མ་མཐའ་ཡང་ངས་ནི་སྟེས་དབང་ལྟ་བུའི་ལམ་འཕྲད་དེ་གསང་བ་ལྟ་བུའི་ལས་འཕྲོ་ཞིག་ཏུ་བརྩིས་ཚར་ཡོད་ཀྱང་སྲིད། གང་ལྟར། དེ་རིང་། གསེར་གྱི་རྣ་ལུང་ཡ་གཅིག་འདི་ལྟར་ཏག་ཏག་ངའི་མདུན་དུ་ལྷུང་ཡོང་བ་འདིས་ཀྱང་མང་པོ་ཞིག་ལ་འགྲེལ་བརྗོད་བྱེད་ཀྱིན་མི་འདུག་གམ། ཁྲིགས་ཁྲིགས་མེད་ན། འདི་ནི་བརྩེ་བའི་ལྷ་ཆེན་པོ་ཆོའུ་པིས་ཐུའམ་ཨ་ཁུ་ཟླ་བའམ་སུ་ཞིག་གིས་ཆེད་དུ་བཀོད་སྒྲིག་བྱས་པའི་ལས་སྐལ་དམར་པོ་དེ་ཡིན་ཡང་སྲིད། ངའི་ནང་སེམས་སྨྲ་མི་ཤེས་པའི་ཚོར་བ་རིགས་ཤིག་གིས་ཡོངས་སུ་བརྟས་པར་གྱུར།

གྲོང་ཁྱེར་འདིའི་ཟླ་དྲུག་པའི་རླུང་བུར་འདྲེས་པའི་ཚ་བ་འདིར་གདུག་རྩུབ་ཆེ་བ་ལ། ངས་སློབ་གྲོགས་ཚོ་དང་མཉམ་དུ་མཐར་ཕྱིན་ལྷན་པར་བསྐྱོན་ཆེད་དམ་དེ་ལས་ལྷག་པའི་དམིགས་འདུན་ལྐོག་གྱུར་པ་ཞིག་གི་ཆེད་དུ། ཐོ་རངས་ཀྱི་ཆུ་ཚོད་གཉིས་ལྷག་སྤྱད་ནས་སྤྲས་པའི་སྐག་ཚོས་ཀྱང་རྔུལ་ཆུར་བརྫིས་འདུག སྤར་མཐིལ་དུ་སེམས་ཆུང་གིས་ཉར་བའི་གསེར་གྱི་རྣ་ལུང་ཡ་གཅིག་པོའང་རྔུལ་ཆུས་བརླན་འདུག ཚ་བ་འདིས་དངོས་འབྲེལ་ངའི་ཕྱི་ནང་གསང་གསུམ་ལ་ཚ་སྲེག་གི་མདུང་སྣེས་ཡང་ཡང་བསྣུན་ཡོང་།འདི་ནི་ཟླ་དྲུག་པས་རང་གི་ལས་འགན་ལག་བསྟར་བྱ་རྒྱུར་དུས་ཚོད་མང་པོ་ལྷག་མི་འདུག་ཅེས་ང་ལ་འཇིགས་སྐུལ་བྱེད་ཀྱིན་ཡོད་པ་དང་ཡང་འདྲ།ང་ལ་སྡོད་མི་ཚུགས་པའི་ཅི་ཞིག་གི་བྲེལ་ཤའམ་འཚུབ་ཆ་ཡང་ཡང་ལངས་སོང་།

ངས་སྐྱོར་ཀློག་ཐང་ཆེན་བརྒལ་ཅིང་རིག་ཞིབ་ཐོག་ཁང་གི་ཉེ་སར་བསྐྱོད། དེ་ནས་ཡང་བསྐྱར་མེ་ལོང་རྫིང་ཆུང་གི་མཐའ་ཁ་བསྐོར་ནས་དཔེ་མཛོད་ཁང་གི་ཕྱོགས་སུ་སོང་། སློབ་ཐོན་སློབ་མའི་ལྭ་བ་ནག་པོ་གྱོན་པའི་མི་བུ་རེ་རེ་བཞིན་མིག་བཤེར་བྱས།མཚར་རོ། །སྣང་བ་ཞིག་ལ། ང་ནི་རང་ཉིད་ལ་མི་དབང་བའི་དུམ་ཆ་གཉིས་སུ་ཕྱེ་ནས་འགྲོ་བཞིན་པ་འདྲ། གཅིག་གིས། མིག་འདྲིས་སུ་སོང་བའི་ངོ་གདོང་དེ་དེ་མ་ཉིད་དུ་མཐོང་ལམ་དུ་མངོན་རྒྱུ་བྱུང་ན་དགའ་བ་ལ་བསམས་ཏེ་མཆོང་རྒྱུག་བྱེད་ཅིང་མཆིས། གཅིག་གིས། འདི་རུའམ་གན་དུ། ད་ལྟའམ་འཕྲལ་དུ་ཁོ་ལ་འཕྲད་མི་ཡོང་ངམ། དངོས་འབྲེལ་འཕྲད་པར་གྱུར་ན་ནི་ཅི་དང་གང་བྱའམ་སྙམ་ནས་གང་ཞིག་ལ་འབྲོ་སྙིང་དང་གང་ཞིག་ལ་གཞའ་འདོད་སྐྱེ། དོན་དངོས་ཀྱི་ང་ནི་གང་རེད་དམ། འདི་ནི་སྔོན་ཆད་དཔེ་མཛོད་ཁང་གི་གྲུ་ཟུར་དེ་རུའང་བྱུང་མྱོང་བའི་བྱ་སྤྱོད་དེ། ཁོ་དང་འཕྲད་དུས།སྐབས་རེར་གང་ཞིག་ལ་བྲོས་ཤིང་བསྐུངས་ནས་སྡོད་དགོས་ཀྱི་ཡོད་པ་དང་། མཚམས་རེར་ཁ་རོག་གེར་ཁོ་གར་འགྲོའི་རྗེས་སུ་བསྙེགས་ནས་ལྐོག་ལྟ་ཡིད་ཚིམས་པ་ཞིག་ཀྱང་བྱ་ཡི་ཡོད་པའི་སྦྱོར་བ་ཡ་མ་ཟུང་གི་རིགས་དེ་དང་གཅིག་པ་གཅིག་རྐྱང་རེད་ཨང་།འཚིག་པ་ཟ་བ་ལ།

ཚོད་དཔག་བྱས་ན། ཁོས་དཔེ་མཛོད་ཁང་གི་སྒོ་མདུན་ནས་དྲན་རྟེན་གྱི་འདྲ་པར་ཞིག་ཅིས་ཀྱང་བསྐྱོན་ངེས། རེད། དེ་ལ་དོགས་པ་ཟ་མི་དགོས། རྒྱུ་མཚན་ཁོའང་ང་ནང་བཞིན་དཔེ་མཛོད་ཁང་ལ་འདང་རྩིས་ཤིན་ཏུ་ཆེ་ངེས།ངེད་གཉིས་དཔེ་མཛོད་ཁང་ལ་དགའ་བའི་རྒྱུ་མཚན་གཅིག་པ་ཡིན་མི་སྲིད་པའམ། ཡང་ན། གཅིག་པ་ཡིན་མིན་དེ་ཚོད་ཀྱིས་དཔོག་དཀའ་བའི་གསང་བ་ལྐོག་གྱུར་ཞིག་ཀྱང་ཡིན་སྲིད་མོད། གང་ལྟར།ཁོ་རང་དཔེ་མཛོད་ཁང་ལ་འདང་རྩིས་ཤིན་ཏུ་ཆེ་ངེས་པ་ངས་གདེང་ཚོད་ཆེན་པོའི་སྒོ་ནས་ཁ་ཚོན་གཅོད་ཐུབ། འདི་ལ་རྒྱུ་མཚན་གཞན་གང་ཡང་མི་དགོས། དེ་བས། ངས་སྒོ་ཁ་འདི་རུ་ཁོ་ལ་བསྒུགས་བསྡད་ན་འགྲིག

སློབ་ཆེན་དུ་འབྱོར་བ་ནས། ངས་ནི་ཉི་མ་རེ་རེར། སློབ་ཁྲིད་ཀྱི་དུས་ཚོད་ཕུད་པའི་དུས་ཚོད་མང་ཤས་དཔེ་མཛོད་ཁང་དུ་བསྐྱལ་བ་ཡིན། དེ་ནི་ང་རང་དཔེ་ཀློག་ལ་ཤིན་ཏུ་དགའ་བས་ཡིན་ཞེས་བཤད་པའི་སྤོབས་པ་མི་འདུག་ནའང་། ཉིན་དེར། གསེར་གྱི་རྣ་ལུང་ཡ་གཅིག་དང་སྟེས་དབང་གིས“འཕྲད”ས་ཡང་བྲག་རི་ལྟར་བརྩིགས་པའི་གསུང་རབ་དཔེ་སྒྲོམ་དག་གི་བར་ཞིག་ཡིན་པ་དང་། དུས་ག་ཤེད་ཅིག་ནས་བཟུང་། གསེར་གྱི་རྣ་ལུང་ཡ་གཅིག་དང་ཅུང་རྒྱང་ཐག་རིང་བའི་ཁ་གཏད་ཀྱི་འདུག་གནས་དེ་གར་བསྡད་དེ། དཔེ་ཀློག་གི་རྫུ་ལ་བརྟེན་ནས་མི་དྲན་དགུ་དྲན་མང་དུ་བྱེད་སའང་ལྟ་ཀློག་ཁང་གི་གྲུ་ཟུར་དེ་ཡིན་པ་བསྙོན་དུ་མེད། དེ་བས། དཔེ་མཛོད་ཁང་ནི་ནང་སེམས་ལྷོད་ལ་ཕབ་སའི་གནས་བདེ་བག་འཇམ་གྱི་ས་དེ་ཡིན་ལ། ཡང་ནང་སེམས་ལྷོད་ཅིག་གེར་སྡོད་ཐབས་ཡེ་ནས་མེད་པའི་བྲེལ་བྲེལ་ཟང་ཟིང་གི་གནས་དེའང་ཡིན་མོད། མདོར་དྲིལ་ན། ང་ལ་མཚོན་ན། དཔེ་མཛོད་ཁང་ནི་དཔེ་ཀློག་ཡིན་མིན་གྱི་དུས་ཚོད་ཅི་རིགས་ཤིག་བསྟིམས་སའི་རྨི་ལམ་གྱི་མངའ་ཐང་ཆུང་ཆུང་ཞིག་ཡིན་ཆོག་པས། ནམ་ཡང་བརྗེད་ཐབས་མེད་པའི་ཡིད་འོང་གི་གནས་མལ་དྲོན་མོ་དེའང་ཅི་ལ་མིན།ངས་ཁ་པར་ཡར་བླངས་ནས་སྒོ་བྱང་སྟེང་གི་ཡིག་འབྲུ་ཆེན་པོ་དེ་གསུམ་གར་འདྲ་པར་ཞིག་བརྒྱབ།

“ཅི་ཞིག་འཚོལ་གྱིན་ཡོད།” ངས་རྒྱབ་ཁུག་གི་ཕྱི་རིམ་ནང་རིམ་གྱི་ཁུག་མ་ཆུང་ངུ་དག་གཅིག་རེ་གཅིག་རེ་བྱས་ནས་གློང་གིན་པ་མཐོང་ཐེངས་རེར་གྲོགས་མོས་དེ་ལྟར་འདྲི་སྲིད།

“གསེར་གྱི་རྣ་ལུང་ཡ་དེ།”

“གསེར་གྱི་རྣ་ལུང་ད་དུང་བདག་པོར་མ་སྤྲད་དམ།”

“……”

དུས་ག་ཤེད་ཅིག་ནས་བཟུང་། ངས་གསེར་གྱི་རྣ་ལུང་ཡ་གཅིག་པོ་བལྟ་བྱའི་དཔེ་དེབ་དང་མཉམ་པོར་རྒྱབ་ཁུག་ཏུ་བཅུག་སྟེ་མུ་མཐུད་དཔེ་མཛོད་ཁང་དུ་སོང་བ་ཡིན། མ་གཞི་ཡིན་ན།ཁོའི་འདུག་གནས་དང་ཅུང་རྒྱང་རིང་བའི་ཁ་གཏད་དེར་སྡོད་ཐེངས་རེར། ང་ནི་ཅི་ཞིག་གི་ཞིང་ཁམས་སུ་སླེབས་པ་ལྟར་སེམས་པ་བདེ་གོ་ལེར་འགྲོ་ངེས། སུ་ཞིག་གི་པང་ཁུག་ཏུ་འབྱོར་བ་ལྟར་ཡིད་སེམས་དྲོད་ལྷང་ངེར་འགྲོ་ངེས།ཡིན་ཡང་། གསེར་གྱི་རྣ་ལུང་ཡ་དེ་དེ་ལྟར་ངའི་ལག་ཏུ་ཐོབ་པ་ནས། ང་རང་སྔར་རྒྱུན་ལྟར། སེམས་པ་ལྷོད་ལ་ཕབ་སྟེ་འདུག་གནས་དེ་གར་ཅི་མི་སྙམ་པའི་ངང་ཚུལ་བཟུང་ནས་ཁོ་ལ་ལྐོག་ལྟ་བྱས་ཏེ་སྡོད་ཐབས་ཡེ་ནས་མེད་པ་ཞིག་ཏུ་གྱུར།

གསེར་གྱི་རྣ་ལུང་ཡ་འདི་ངས་ཅིས་ཀྱང་བདག་པོར་སྤྲད་དགོས། ཁོས་གསེར་གྱི་རྣ་ལུང་ཡ་འདི་མ་བཏགས་ན་ངའི་སེམས་ནང་གི་མིང་དོན་མཚུངས་པའི“གསེར་གྱི་རྣ་ལུང་ཡ་གཅིག”ཡིན་པར་ཡང་སྒྲུབ་བྱེད་མི་འདུག་པའི་ཚོར་བ་སྟེར།

ཁོ་རང་ཁ་མལ་ན་ཙོག་པུར་སྡོད་དུས་གམ་ལ་བཅར་ནས་སྟེར་རམ། མི་ཉན། ཁོ་རང་དཔེ་ཀློག་བྱེད་དུས་ཤིན་ཏུ་གཟབ་ནན་ཞིག་རེད། སྐབས་རེར་དཔེ་དེབ་ལ་ཅེར་ཞིང་མགོ་བོ་ལྡེམ་ལྡེམ་གྱིས་ཅི་ཞིག་གི་ཧ་གོ་བཞིན་ཡོད་པ་འདྲ། དེ་དུས་ཁོ་ལ་བར་ཆད་བྱ་མི་རུང་། ཁོའི་ནང་སེམས་ཀྱི་སྐྱིད་སྣང་དཀྲོགས་སོང་ན་ཅི་བྱ། སྐབས་རེར། ཁོས་ལག་ཡས་ཀྱི་གྲུ་མོ་ཅོག་ངོས་ལ་བཙུགས་ཤིང་མགོ་བོ་གསེག་ཙམ་གྱིས་ལག་མགོར་ཁེན་ནས་ངལ་གསོ་བྱེད་ངེས། དེ་དུས་གོ་སྐབས་བཙལ་ནས་སྟེར་རམ། ཡང་མི་ཉན།དེ་དུས་ཁོས་དཔྲལ་བར་གཉེར་མདུད་ཅིག་ཀྱང་བསྡུས་འདུག་པས་ཅི་ཞིག་ལ་བསམ་བློ་གཏོང་བཞིན་ཡོད་ཀྱང་སྲིད། དེ་དུས་བར་ཆད་གཏོང་ག་ལ་རུང་། ཁོའི་བསམ་གཞིགས་ཀྱི་རིགས་ལམ་གཅོལ་སོང་ན་ཅི་བྱ། ཡང་སྐབས་རེར། ཁོ་ངའི་གཡས་འགྲམ་གྱི་མི་བགྲོད་ལམ་བུར་ཞུགས་ནས་ཆུ་ཁོལ་ལེན་དུའམ་ཆབ་གསང་ལ་འགྲོ་ངེས། དེ་དུས་མྱུར་མོར་ཡར་ལངས་ནས་སྟེར་རམ།ཁོ་རང་ལྷེམ་སེར་འགྲོ་སྲིད་དམ། ཁོས་གསེར་གྱི་རྣ་ལུང་འདི་ངོས་ལེན་བྱེད་སྲིད་དམ། ངས་ནི་ཅི་ཞིག་བཤད་ན་འོས་སམ།

“གསེར་གྱི་རྣ་ལུང་ཡ་འདི་ཁྱོད་ཀྱི་ཡིན་ནམ།” ཁོའི་ཡིན་པ་ཤེས་བཞིན་དུ་ཡིན་ནམ་ཞེ་ན་འོས་སམ།

“ཁྱོད་ཀྱི་གསེར་གྱི་རྣ་ལུང་།” ངས་ཁོའི་ཡིན་པ་ཇི་ལྟར་ཤེས་པ་ཡིན་ནམ།

ཅི་ཡང་མི་སྨྲ་བར་ལག་པ་ཕར་ལ་བསྲིངས་ནས་བྱིན་ན……

མིན། མ་རེད།བྱེད་ཐབས་འདི་དག་ལས་གཅིག་ཀྱང་འོས་འཚམས་མ་རེད། ཤུ……

གློ་བུར་དུ། ལྟ་ཀློག་ཁང་འུར་ཆིལ་ལེར་གྱུར། མི་ཚང་མས་ཚིག་འབྲུ་མི་གསལ་བའི་སྐད་ཆ་མང་པོ་ཞིག་ཤབ་ཤུབ་ཀྱིས་ལབ་ཀྱིན་འདུག དེ་ལྟའི་ཤབ་ཤུབ་ཀྱི་སྒྲ་མང་པོ་ཕྱོགས་གཅིག་ཏུ་འདུས་ན་འུར་སྒྲ་ཆེན་པོ་ཞིག་ཏུ་གྱུར་འགྲོ། ཁོ་ཚོས་རུབ་རུབ་ཀྱིས་ཕྱོགས་གཅིག་ལ་ལྟ་བཞིན་ཅི་ཞིག་བཤད་ཅིང་མཆིས། ངས་ཁོ་ཚོའི་མཐོང་སྣེ་དེད་ནས་དེ་ཕྱོགས་སུ་བལྟས་པ་ན། ཁོ་ནི་མི་ཚོགས་ཀྱི་དཀྱིལ་དུ་རྒྱལ་པོ་ཞིག་ལྟར་གཟི་ཉམས་ཀྱིས་འགྲེང་སྡོད་ཅིང་ཀློག་པ་པོ་ཐམས་ཅད་ནི་ཁོའི་བློན་འཁོར་ཡིན་པ་ལྟར་དུ་ཁོ་བསྐོར་ནས་འདུག

“སུས་ངའི་གསེར་གྱི་རྣ་ལུང་ཡ་གཅིག་རྙེད་ན་དེ་ལ་རྒྱལ་པོ་ངས་བྱ་དགའ་ཆེན་པོ་སྟེར་རྒྱུ་ཡིན།” ཁོ་དངོས་གནས་མངའ་ཁོངས་འདིའི་རྒྱལ་པོ་རེད་འདུག མཐའ་འཁོར་གྱི་མི་ཚང་མ་ནི་ཁོའི་མངའ་འབངས་རེད་འདུག

“རྒྱལ་པོ་ལགས། བྱ་དགའ་ཅི་ཞིག་གནང་རྒྱུ།”ཁོང་གི་བློན་ཆེན་ཞིག་ལོས་ཡིན་སྙམ་པའི་མི་ཞིག་གིས་དེ་ལྟར་དྲིས།

“སྐྱེས་པ་ཞིག་གིས་ངའི་གསེར་གྱི་རྣ་ལུང་དེ་རྙེད་ན་ངས་རྒྱལ་སྲིད་ཀྱི་ཕྱེད་ཀ་ཁོ་ལ་སྟེར་རྒྱུ་ཡིན། གལ་ཏེ་སྐྱེས་མ་ཞིག་གིས་ངའི་གསེར་གྱི་རྣ་ལུང་དེ་རྙེད་ན་ངས་མོ་བཙུན་མོར་བཞེས་རྒྱུ་ཡིན།” ཁོས་དེ་ལྟར་བཀའ་བསྒོས་པས།དེར་འདུས་ཀྱི་བློན་འབངས་ཚང་མས“རྒྱལ་པོའི་བཀའ་ལ་ཡར་ཟློག་མེད། རྒྱལ་པོ་ཁྲི་ལོར་ཤོག”ཅེས་འུར་བརྒྱབ་སོང་།

ང་ལ་དགའ་སྤྲོ་ཚད་མེད་སྐྱེས་ནས་རང་ཉིད་ཀྱི་ལག་པ་ཡར་ལ་འགྱོག་རྩིས་བྱས་པ་ན། ངའི་ལག་པ་ནི་ཁྲོ་ལྕགས་ཀྱི་ཀ་བ་རྒྱ་མ་བརྒྱ་ཕྲག་ཅན་ཞིག་ལྟར་ཤིན་ཏུ་ལྗིད་པོ་ཞིག་ཏུ་གྱུར་ཡོད་པས་ཡར་འདེགས་ཐབས་མ་བྱུང་ལ། རུལ་ཟགས་སུ་གྱུར་པའི་ཤིང་དུམ་རྒས་འཁོགས་ཤིིག་ལྟར་འགུལ་ཡང་མི་ཐུབ། ང་གནད་འགག་གི་སྐབས་སུ་ཚོར་བ་ཡོངས་སུ་ཉམས་པའི་རང་ཉིད་ཀྱི་ལག་པར་སྡང་སེམས་དང་སེམས་ཁུར་མཉམ་དུ་སྐྱེས། དེ་ནས། སེམས་ཤུགས་དང་ལུས་སྟོབས་ཡོད་ཚད་རང་གི་ནད་པར་གྱུར་པའི་ལག་པའི་སྟེང་བསྡུས་ཏེ་ཤུགས་ཀྱིས་ཡར་བཀྱགས་པ་ན། ཡོད་ཚད་ཡང་བཤོལ་སེར་གྱུར་ལ་ཐམས་ཅད་དཀར་གསལ་ལེར་སོང་།

ཁོས་སྔར་མལ་དེ་ན་དཔེ་ཀློག་བྱེད་བཞིན་མཆིས། ཁོའི་ཉེ་འཁོར་གྱི་མི་རྣམས་ཀྱིས་ཀྱང་ཁོ་དང་ཡོངས་སུ་མཚུངས་པའི་བརྟུལ་ཞུགས་བཟུང་ནས་དཔེ་ཀློག་བྱེད་བཞིན་མཆིས། གཉིད་སད་དུས། ངའི་ལག་པ་ནི་སྦྲིད་ནས་འགུལ་ཡང་དཀའ་བ་ཞིག་ཏུ་གྱུར་ཡོད་པ་ལས་མཐའ་འཁོར་གྱི་ཡོད་ཚད་ལ་གྲག་འགུལ་དང་འགྱུར་བ་གང་ཡང་མི་འདུག

ངའི་ངོ་གདོང་ཧྲིལ་པོ་ཚ་བེར་བེར་བ་ཞིག་ཏུ་གྱུར།

དེ་ལྟར།ངས་གསེར་གྱི་རྣ་ལུང་བདག་པོར་སྤྲད་མ་ནུས་པར་ཡུན་རིང་ཕྱིན།ངས་རང་སེམས་ལྷོད་ནས་དཔེ་ཀློག་བྱ་མ་ཐུབ་པར་ཡུན་རིང་འགོར། ཐ་ན་མགོ་བོ་ཅོག་ངོས་སུ་བཞག་ནས་གཉིད་ཐུན་སྐྱིད་པོ་ཞིག་ཀྱང་ལེན་མ་ཐུབ་པར་ཡུན་རིང་སོང་།

རིམ་གྱིས།གསེར་གྱི་རྣ་ལུང་ཡ་དེ་ནི་ངའི་ཆ་ཤས་ལྟ་བུ་ཞིག་ཏུ་གྱུར། གང་ལྟར། ངས་གསེར་གྱི་རྣ་ལུང་དེ་དེ་ལྟར་རང་གི་ལག་ཏུ་ཉར་བསྡད་ན། ང་དང་ཁོ་བོའི་བར་ལ་འབྲེལ་བ་ངེས་ཅན་ཞིག་ལྡན་པའི་སྣང་བ་སྟེར། དེ་བས། སྐབས་རེར། ཁོས་འདུག་གནས་སུ་མགོ་བོ་དགྱེ་ནས་ཕར་ལྟ་ཚུར་ལྟ་རེ་བྱེད་དུས། ངས་མྱུར་སྟབས་ཀྱིས་རང་གི་མགོ་བོ་སྨད་ཅི་ཐུབ་ཀྱིས་ནན་ཏན་ངང་དཔེ་ཀློག་བྱེད་བཞིན་པའི་ཚུལ་སྟོན་དགོས་པར་གྱུར། མིག་ཟུར་གྱིས་བལྟས་ན། ཁོས་མགོ་བོ་སྨད་ནས་ཡང་བསྐྱར་དཔེ་དེབ་ལ་ཅེར་ནས་སྡོད་དུས། རང་ཤུགས་སུ་སེམས་པ་བདེ་ལ་འབབ་ཐུབ་ཙམ་བྱེད་པའི་མོད་ལ། ཅི་ཞིག་གི་གོ་སྐབས་ཤོར་སོང་བའི་འགྱོད་སྣང་འགོག་མེད་ཅིག་ཀྱང་སྐྱེ་བཞིན་ཡོད།

མཚམས་རེར། ཁོས་མགོ་བོ་དགྱེ་ནས་ཚུར་ཕྱོགས་སུ་ལྟ་ཙམ་དང་འཛུམ་ཆུང་རེ་མངོན་ཙམ་བྱས་པ་ཡིན་ན། ང་ལ་རང་དབང་ལ་མི་ཡོང་བའི་ཤ་གསེང་རུས་གསེང་ཞིག་ནས་ཤ་འདར་ཁོང་འདར་ལྟ་བུ་རེ་བརྒྱབ་ཡོང་གིན་ཡོད་ལ། ཅི་ཡིན་འདི་ཡིན་མེད་པར་ངོ་ཚ་ཁ་སྐྱེངས་ཀྱིས་རང་ས་ནས་ཤིན་ཏུ་དོགས་མི་བདེ་བ་ཞིག་ཏུ་གྱུར་ཅིང་ངོ་གདོང་ཡང་ཚ་ལམ་ལམ་ཞིག་ཏུ་འགྱུར་འགྲོ་བཞིན་ཡོད། ཚོར་བ་དེ་ནི་གཏིང་རིམ་ཞིག་ནས་ཅི་ཞིག་གི་རྦ་རླབས་འཕྱུར་པ་ནང་བཞིན་སྙིང་ཆུང་ལྷོག་ལྷོག་ལྡིང་བར་བྱེད་ལ། ཡང་གང་ཞིག་ནས་ལྷོད་ཀྱིས་མཆེད་འོང་བའི་རླུང་བུ་བསིལ་མོ་ཞིག་ལྟར་ལུས་སེམས་བདེ་སིམ་སིམ་བྱེད།

རྗེས་སུ། ང་ནི་ཚོར་བ་དེ་འདྲར་དགའ་ཞིང་དེ་འདྲར་ལོབས་པར་གྱུར་པས། གསེར་གྱི་རྣ་ལུང་ཡ་གཅིག་བདག་པོར་སྤྲད་མ་འདོད་པར་བདག་གིར་བྱས་པ་ཡིན།

“ཅི་ཞིག་འཚོལ་གྱིན་ཡོད།” ངས་རྒྱབ་ཁུག་གི་ཕྱི་རིམ་ནང་རིམ་གྱི་ཁུག་མ་ཆུང་ངུ་དག་གཅིག་རེ་གཅིག་རེ་བྱས་ནས་གློང་གིན་པ་མཐོང་བས་གྲོགས་མོས་ཡང་བསྐྱར་དེ་ལྟར་འདྲི།

“གསེར་གྱི་རྣ་ལུང་ཡ་དེ།”

“གསེར་གྱི་རྣ་ལུང་ད་དུང་ཡང་བདག་པོར་མ་སྤྲད་དམ། རྙེད་དངོས་ཀྱི་བདག་པོ་ངོས་ཟིན་ནའང་བདག་པོར་མ་སྤྲད་ན་དེ་ལ་རྐུ་ཟེར་བ་རེད།” གྲོགས་མོས་སྡིགས་མོ་བྱེད་པ་འདྲ།

“གསེར་གྱི་རྣ་ལུང་ཡ་དེ་ངའི་ཡིན།” གསེར་གྱི་རྣ་ལུང་གི་བདག་པོ་དངོས་འབྲེལ་ང་རང་ཡིན་ནམ། ང་རང་ཡིན་ནམ། ང་རང་ཡིན་ན་ཅི་མ་རུང་།

དེ་རིང་། ང་ལ་སྔར་ན་མེད་པའི་སྤོབས་པ་ཆེན་པོ་ཞིག་རྒྱས་ནས་འདུག མཇུག་མཐའ་འདིར། ང་ནི་ཅིས་ཀྱང་གསེར་གྱི་རྣ་ལུང་ཡ་དེར་དངོས་སུ་འཕྲད་དགོས། གསེར་གྱི་རྣ་ལུང་ཡ་དེ་བདག་པོར་སྤྲད་དགོས། རེད་ལགས། དྲན་ཚུལ་འདིར་གནད་དོན་ཅི་ཡང་མི་འདུག གསེར་གྱི་རྣ་ལུང་ཡ་དེ་ངའི་ལག་ནང་ན་གཅིག་དང་སེམས་ནང་ན་གཅིག་ཡོད། ལག་ནང་གི་དེ་དང་སེམས་ནང་གི་དེ་གཉིས་ཕ་ངོ་བུ་ངོ་འཕྲོད་དུ་འཇུག་རྒྱུ་ནི་ངའི་དུས་ཡུན་རིང་མོའི་ཕུགས་འདུན་ཉག་གཅིག་ཡིན། དེ་ལྟར་བྱུང་ན། གསེར་གྱི་རྣ་ལུང་ཡ་དེ་བདག་པོར་འཕྲོད་སོང་བ་རེད། ང་ནི་གསེར་གྱི་རྣ་ལུང་ཡ་གཅིག་གི་བདག་པོར་གྱུར་སོང་བ་རེད། འགྲིག་འདུག ངས་ཁོའི་མིང་ལ་ཐད་ཀར་གསེར་གྱི་རྣ་ལུང་ཡ་གཅིག་ཏུ་བཏགས་པའང་དོན་ལ་གནས་སོང་བ་རེད། ངས་རང་ཉིད་གསེར་གྱི་རྣ་ལུང་ཡ་གཅིག་གི་བདག་པོ་ངོ་མར་འགྱུར་བའི་རེ་འདུན་ཡང་དོན་ཐོག་ཏུ་སྨིན་སོང་བ་རེད།ང་ཡི་གསེར་གྱི་རྣ་ལུང་། གསེར་གྱི་རྣ་ལུང་ཡ་གཅིག

རེད། ཁོ་རེད། ཏག་ཏག་ཁོ་རང་རེད། ཁོས་འདི་ཕྱོགས་ཀྱི་དཔེ་མཛོད་ཁང་གི་སྒོ་མདུན་གཟས་ནས་ཚུར་ལ་སླེབས་བྱུང་།ངའི་ལུས་པོ་ཧྲིལ་གྱིས་འདར་བྱུང་། སྙིང་ཆུང་ལྷོག་ལྷོག་ལྡིང་བྱུང་། རྔུལ་ཆུའང་ཁྲོམ་ཁྲོམ་འཛར་བྱུང་། ད་ནི་འབྲོ་བར་རྩོམ་མམ་ཚུགས་ཀྱིས་སྡོད་ཨང་།……

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།