ཀྲུང་གོ་བོད་ཀྱི་དྲ་བ།

སྨྱོན་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཚེ་རིང་སྟོབས་རྒྱལ།   སྤེལ་དུས། : 2021-04-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

“ཨ་ནེ་སྨྱོན་པ་ཤི་ཚར་འདུག” “ཨ་ནེ་སྨྱོན་པ་ཤི་ཚར་འདུག”

ཉིན་དེར། ཁ་བ་ལྷབ་ལྷུབ་ཏུ་འབབ་བཞིན་འདུག བྱིས་པ་ཁ་ཤས་ཤིག་ཁ་བའི་འདབ་མའི་ཁྲོད་ནས་ཡར་རྒྱུག་མར་རྒྱུག་དང་གནམ་ལྡིང་ས་ལྡིང་བྱས་ནས་རྩེད་འཇོ་སྣ་ཚོགས་ལ་རོལ་བཞིན་པའི་སྐབས་དེར། བྱིས་པ་ཞིག་གིས“ཨ་ནེ་སྨྱོན་པ། དེ་རིང་ཨ་ནེ་སྨྱོན་པ་གང་དུ་བུད་སོང་བ་ཡིན་ནམ། མོ་རང་ཤི་ཚར་འདུག”ཅེས་སྐད་བརྒྱབ་དུས། བྱིས་པ་ཚོའི་དགོད་སྒྲ་རེ་ཞིག་འཇགས་ནས་ཅིག་ཅར་དུ་ཨ་ནེ་སྨྱོན་པའི་ར་སྒོའི་རྒྱུད་དུ་ཕྱིར་ལྟ་ཞིིག་བྱས་ནས། མཉམ་གཅིག་ཏུ“ཨོཾ་མ་ཎི་པདྨེ་ཧཱུྃ། ཨ་ནེ་སྨྱོན་པ་བརྒྱ་ཆའི་བརྒྱ་ཤི་ཚར་འདུག”ཅེས་ཟེར། “ཨ་ནེ་སྨྱོན་པ་ཤི་ཚར་འདུག”ཅེས་གསལ་ལ་མི་གསལ་བའི་སྐད་སྒྲ་དེ་རྒྱང་རིང་གི་གྲང་རླུང་དང་བསྡོངས་ཏེ། ངའི་ཐོས་འཛིན་གྱི་བུ་ག་བརྟོལ་ནས་སེམས་ཀྱི་ཟབ་ས་ཞིག་ཏུ་གཟེར་བྲེང་ངེར་ལྡང་སོང་། སྤྱིར་ཨ་ནེ་སྨྱོན་པ་དང་ངེད་གཉིས་བར་ལ་འབྲེལ་བ་སྤུ་ཙམ་ཡང་མེད་ནའང་། “མོ་རང་ཤི་ཚར་འདུག”ཅེས་པའི་སྐད་ཆ་དེ་ཐོས་དུས། ང་ལའང་གློ་བུར་སེམས་ཁྲལ་ལྷག་མ་ཞིག་སྐྱེས། ངས་ཀྱང་དེ་མ་ཐག་ཨ་ནེ་སྨྱོན་པའི་ར་སྒོའི་ཕྱོགས་སུ་ཕྱིར་ལྟ་ཞིིག་བྱེད་དུས། ཨ་ནེ་སྨྱོན་པ་མཐོང་ཡུལ་དུ་མི་འདུག་ཅིང་། བྱིས་པ་ཚོའི་འཛུམ་མདངས་དང་དགོད་སྒྲའང་འཇམ་ཐིང་ངེར་གྱུར་སོང་། རླངས་འཁོར་རྣམས་ཐོགས་མེད་ཀྱི་རླུང་བུ་ཇི་བཞིན་ཨ་ནེ་སྨྱོན་པའི་ཁང་ཆུང་མདུན་གྱི་གཞུང་ལམ་སྟེང་ཡར་རྒྱུག་མར་རྒྱུག་བྱེད་ཀྱིན་འདུག གཞུང་ལམ་དུ་ཆགས་པའི་ཁ་བའི་འདབ་མ་ཁ་ཤས་ཤིག་རླངས་འཁོར་གྱི་འགྱིག་འཁོར་ངོགས་སུ་འབྱར་ནས་རྒྱང་རིང་རྒྱང་རིང་ཞིག་ཏུ་ཁུར་སོང་། ཁ་བའི་འདབ་མ་ཁ་ཤས་ཤིག་རླངས་འཁོར་མྱུར་ཚད་ཀྱི་རླུང་ཤུགས་དང་བསྟུན་ནས་མཁའ་རུ་སྤུར། མཁའ་རུ་སྤུར་ཡོང་བའི་ཁ་བའི་འདབ་མ་དེ་ཚོའང་གཤོག་ཟུང་བརྐྱངས་པའི་བྱེའུ་ཆུང་ལྟར། ལ་ལ་ནི་ཨ་ནེ་སྨྱོན་པའི་ཁང་པའི་སྟེང་དུ་ཁུ་སིམ་མེར་བབས་ཤིང་། ལ་ལ་ཞིག་ཡང་བསྐྱར་གཞུང་ལམ་སྟེང་ལྷོད་ཀྱིས་ཟགས།

ཨ་ནེ་སྨྱོན་པ་ངོ་མ་ཤི་ཚར་བ་ཡིན་ནམ། ཨ་ནེ་སྨྱོན་པ་ངོ་མ་ཤི་ཚར་བ་ཡིན་ན། ཨ་ནེ་སྨྱོན་པའི་ཆེད་དུ་སྡུག་བསྔལ་གྱི་མིག་ཆུ་བཞུར་མཁན་ཞིག་ཡོད་མི་སྲིད་དེ། ལྷག་ཏུ་ཨ་ནེ་སྨྱོན་པ་ཤི་ཟིན་པའི་རྗེས་སུ་གྲྭ་པ་གདན་འདྲེན་ཞུས་ཏེ་རིམ་གྲོ་བྱེད་མཁན་ཞིག་ཡོད་མི་སྲིད། ཨ་ནེ་སྨྱོན་པར་ཆ་མཚོན་ན། གཉེན་ཉེ་འབྲེལ་དང་ཚ་བོ་ཚ་མོ་གཅིག་ཀྱང་མེད། མོ་རང་ནི་ཁེར་རྐྱང་དུ་ལུས་པའི་གྲིབ་གཟུགས་ཤིག་ཡིན། འཇིག་རྟེན་འདིར་མོ་ལ་དབང་ཆོག་ཆོག་ཅིག་ཡོད་པ་ནི། སྒེའུ་ཁུང་གཉིས་ཅན་གྱི་ཁང་ཆུང་ཞིག་དང་། ཁང་ཆུང་དེའི་ནང་དུ་ཐོར་ལ་ཉེ་བའི་ཤིང་གི་ཉལ་ཁྲི་ཆུང་ཆུང་ཞིག་ཡོད་པ་དེ་ཙམ་ཡིན། ཤིང་གི་ཉལ་ཁྲི་དེ་ནི་གཅིག་བྱས་ན་མོ་རང་གི་བདེ་སྐྱིད་ཀྱི་རྣམ་ཤེས་འཇོག་ས་ཡིན་ལ། གཅིག་བྱས་ན་མོ་རང་གི་འཁོན་སེམས་བཅངས་ས་ཞིག་ཏུ་གྱུར་ཡོད། ཨ་ནེ་སྨྱོན་པའི་དགོང་མོ་རེ་རེའི་ཞི་འཇམ་གྱི་རྨི་ལམ་ནི་གང་གི་ཉལ་ཁྲི་དེའི་སྟེང་ནས་མགོ་བརྩམ་དགོས་མོད། ཡིན་ནའང་གཟབ་ནན་ཅུང་ཙམ་མ་བྱས་པར་ཉལ་ཁྲིའི་སྟེང་ནས་འགྲེ་ལྡོག་རེ་བརྒྱབ་ཚེ། ཉལ་ཁྲིའི་ཙིར་སྒྲས་མོའི་ཞི་འཇམ་གྱི་རྨི་ལམ་ཁད་ཀྱིས་དཀྲོགས་ནས་མཚན་གང་པོར་གཉིད་མི་ཁུག དེ་བས། མོ་རང་དགའ་ས་ནི་ཤིང་གི་ཉལ་ཁྲི་དེ་ཡིན་ལ། མོ་རང་སྡང་སའང་ཤིང་གི་ཉལ་ཁྲི་དེ་རེད། ཤིང་གི་ཉལ་ཁྲི་དེ་ཙམ་གྱིས་ཨ་ནེ་སྨྱོན་པའི་ཁང་ཆུང་དེ་ཆུ་སྣོད་ཆུ་ཡིས་བཀང་ནས་དེའི་ནང་དུ་ཆུ་ཐིགས་ཙམ་ཞིག་ཐིགས་ནའང་ཕྱི་རུ་དབོ་འགྲོ་བར་དོགས་དགོས་པ་ཇི་བཞིན། མོ་རང་གི་ཁང་ཆུང་དུའང་འགྲོ་འདུག་བྱེད་ས་དང་། ཕར་སྐོར་ཚུར་སྐོར་བྱེད་ས་ཞིག་ཡེ་ནས་མེད་པར་ཤིང་གི་ཉལ་ཁྲི་དེས་ཁང་ཆུང་ཡོངས་སུ་བཀང་འདུག འོ། ཨ་ནེ་སྨྱོན་པ་ལ་དབང་བ་ནི་ཤིང་གི་ཉལ་ཁྲི་ཁོ་ནའང་མིན་ཏེ། ད་དུང་ར་བ་ཆུང་ཆུང་ཞིག་དང་། ར་བ་ཆུང་ཆུང་ནང་དུ་ཡོད་པའི་ཁེར་སྐྱེས་ཀྱི་སྡོང་ཕྲུག་ཅིག ནམ་རྒྱུན་ར་བ་དེའི་ནང་ནས་རྒུམ་བུ་འཐུ་བཞིན་པའི་བྱེའུ་ཆུང་ཞིག་ཡོད། དེ་དག་ཡོད་ཚད་ནི་མོ་རང་གི་སྙིང་གཏམ་བཤད་ཡ་དང་སེམས་པ་འཁྲེང་ས་ཡིན་ལ། མོ་རང་གི་ནོམ་པ་རྩ་ཆེན་ཡང་ཡིན། དོན་དམ་དུ་ཨ་ནེ་སྨྱོན་པ་ལ་མང་པོ་ཞིག་ཀྱང་མི་དགོས་ཏེ། མོ་རང་ལ་དབང་བའི་དངོས་པོ་དེ་དག་ཡོད་ཚེ་མོ་རང་ཡང་ཅིས་ཀྱང་ཡིད་སེམས་བདེ་ཚར་བ་རེད།

ཨ་ནེ་སྨྱོན་པ་ཤི་ཚར་ན། མོའི་བེམ་པོ་ལའང་བདག་པོ་རྒྱག་མཁན་ཞིག་ཡོད་མི་སྲིད། མོའི་ཕུང་པོ་འདི་ལ་བདག་པོ་རྒྱག་མཁན་མེད་ཚེ། ཕུང་པོ་དེའང་ཁྱི་ལྡོམ་ཞིག་ཤི་སོང་བ་ལྟར་རུལ་སྲིད་པ་མ་ཡིན་ནམ། རུལ་དྲི་ཆེན་པོ་དེའང་གང་སར་ཁྱབ་སྲིད་པ་མ་ཡིན་ནམ། ང་རང་ཨ་ནེ་སྨྱོན་པའི་སྒོ་རྒྱུད་དུ་འགྲེང་ནས་དེ་ལྟར་བསམ་གཞིག་བྱས། བསམ་གཞིག་གི་གོ་རིམ་ཁྲོད་ནས་ངས་ཀྱང་ཨ་ནེ་སྨྱོན་པ་ངོ་མ་ཤི་ཚར་བར་སྣང་བྱུང་། རྒྱུ་མཚན་ནི། ཨ་ནེ་སྨྱོན་པ་གསོན་ཡོད་ཚེ། མོ་རང་ར་བ་ཆུང་ཆུང་དེའི་སྒོ་རྒྱུད་དུ་ཡོད་དགོས་ཤིང་། མོ་རང་སྒོ་རྒྱུད་དུ་ཡོད་ཚེ། བྱིས་པ་ཚོས་མོའི་སྒོ་རྒྱུད་ནས་རྩེད་འཇོ་དང་རྣམ་གཡེང་བྱེད་པ་ཕར་ཞོག ཡར་འགྲོ་མར་འགྲོ་བྱེད་མཁན་གྱི་མི་ཡང་ཉུང་ཉུང་ཡིན་ལ། མོའི་ཁང་ཆུང་མདུན་གྱི་གཞུང་ལམ་སྟེང་ནས་ཀྱང་རླངས་འཁོར་གཏོང་མཁན་ཉུང་ཉུང་ཡིན། ཨ་ནེ་སྨྱོན་པ་གསོན་ཡོད་ཚེ། མོ་རང་གི་ཁང་ཆུང་མདུན་གྱི་གཞུང་ལམ་དེའི་སྟེང་དུ་ཁ་བ་མཐུག་པོ་ཞིག་ཆགས་མི་སྲིད་དེ། མོས་དུས་རྒྱུན་བཞིན་གཞུང་ལམ་དེ་ལ་གཙང་སྦྲ་བྱས་ནས་གད་སྙིགས་ལྷུང་དུ་མི་འཇུག་པས། ཁ་བ་མཐུག་པོ་འདི་འདྲ་ཞིག་ཅིས་ཀྱང་ཆགས་མི་སྲིད་པ་རེད། ཡིན་ནའང་། དེ་རིང་བྱིས་པ་ཚོ་ཨ་ནེ་སྨྱོན་པའི་ར་བའི་སྒོ་ཁ་ནས་རྩེད་མོ་རྩེ་བ་དང་། གཞུང་ལམ་གྱི་སྟེང་དུ་ཁ་བ་མཐུག་པོ་ཆགས་ཚུལ། ཁ་ལོ་པ་རྣམས་གཅིག་རྗེས་གཉིས་མཐུད་དུ་སྲབ་མེད་ཀྱི་ཅང་ཤེས་བཞིན་རླངས་འཁོར་གཏོང་བ་ལ་བལྟས་ན། ཨ་ནེ་སྨྱོན་པ་ངོ་མ་ཤི་ཚར་འདུག དེ་མིན། བྱིས་པ་ཚོའི་དགོད་སྒྲ་དང་རླངས་འཁོར་གཏོང་བའི་ཤུ་སྒྲ་ཐོས་ཚེ་ཨ་ནེ་སྨྱོན་པ་སྒོ་རུ་བུད་ཡོང་བ་ཁོ་ཐག་ཡིན། ནམ་རྒྱུན་བཞིན་ཁང་ཆུང་གི་ར་བའི་སྒོ་ཁ་རུ་བསྡད་དེ། ཅི་ཞིག་ལ་འཇིགས་སྐྲག་དང་ངོ་གནོང་གིན་ཡོད་པ་ལྟར། རལ་ཧྲུལ་དུ་གྱུར་པའི་སྟོད་གོས་དམར་པོ་དེས་མགོ་བོ་བཏུམས་ཤིང་། རྒས་ཉམས་ཀྱི་གཉེར་མའི་ཀློང་ནས་ས་རྡུལ་རེ་གཉིས་ལྗིད་ཏིག་གེར་མར་འགྲིལ་བཞིན་འདར་སིག་སིག་ངང་བསྡད་ཡོད། ཡང་ན། མགོ་བོ་བརླ་རུ་བཅུག་ནས་འཕག་འཚག་རྒྱག་བཞིན་བསྡད་ཡོད་སྲིད་ལ། ཐ་མག་རྐང་གཅིག་རྔུབ་འཐེན་བྱེད་བཞིན་རྒྱང་རིང་རྒྱང་རིང་ཞིག་ལ་ཅེར་ནས་བསྡད་ཡོད། དེ་མིན་ན། ལག་ནང་དུ་རྡེའུ་ཞིག་བཟུང་ནས་གཞུང་ལམ་གྱི་དཀྱིལ་དུ་འགྲེང་སྟེ་རླངས་འཁོར་མགྱོགས་པོར་གཏོང་བའི་ཁ་ལོ་པ་དག་ལ་སྐྲག་སྣང་སློང་བཞིན་ཡོད་ཚོད་རེད། གང་ལྟར། ཨ་ནེ་སྨྱོན་པ་གཞུང་ལམ་གྱི་རྒྱུད་དུ་འགྲེང་ཡོད་ཚེ་རླངས་འཁོར་ཁ་ལོ་པ་ཚོས་ཀྱང་རླངས་འཁོར་གཏོང་བར་གཟབ་ནན་བྱེད་ཀྱིན་ཡོད་ཅིང་། བྱིས་པ་ཚོས་ཀྱང་གཟབ་ནན་གྱིས་ལམ་ལ་འགྲོ་བཞིན་ཡོད། གལ་སྲིད་གཟབ་ནན་ཞིག་མ་བྱས་ན་ཨ་ནེ་སྨྱོན་པས་ལག་ནང་གི་རྡེའུ་དེ་ཤུགས་ཡོད་རྒུས་འཕེན་ཡོང་བའི་བཟོ་ལྟ་ཞིག་མངོན་ནས་ང་ཚོ་ལ་སྐྲག་བསླངས་ཡོང་བ་ཡིན། འོན་ཀྱང་། དེ་རིང་ཨ་ནེ་སྨྱོན་པ་ཁང་ཆུང་དེའི་སྒོ་ཁར་མི་འདུག་ལ། ཡུན་རིང་ཞིག་ལ་སྒོའི་ཕྱི་རུ་ཡང་བུད་མ་བྱུང་བས། ཨ་ནེ་སྨྱོན་པ་ངོ་མ་ཤི་ཚར་བ་རེད་འདུག

ཨ་ནེ་སྨྱོན་པ་ནི་ཡུས་ཧྲུའུ་ལ་ས་ཡོམ་བྱུང་རྗེས་སྨྱོས་སོང་བ་ཞིག་རེད། ཡུས་ཧྲུའུ་ས་ཡོམ་གྱི་སྐབས་སུ་ཡུས་ཧྲུའུ་མི་དམངས་ལ་མི་ཤི་རྒྱུ་ཟད་ཀྱི་གྱོང་གུན་ཚབས་ཆེན་ཐེབས་ཡོད་པ་རེད། ཨ་ནེ་སྨྱོན་པའང་སྐབས་དེའི་ས་ཡོམ་གྱི་གདུག་རྩུབ་བར་ནས་ཐར་ཡོང་བ་ཞིག་ཡིན་མོད། ཡིན་ནའང་ཡུས་ཧྲུའུ་ས་ཡོམ་རྗེས་ཀྱི་བསྐྱར་འཛུགས་ཀྱི་ཁྲོད་ནས་མོ་རང་གི་ཁང་ས་ངོ་མ་དེ་གཞན་ལག་ཏུ་ཤོར་སོང་བས། ཨ་ནེ་སྨྱོན་པ་སྨྱོས་སོང་སྐད་འདུག གང་ལྟར། ཨ་ནེ་སྨྱོན་པ། ས་ཡོམ་རྗེས་སུ་སྨྱོས་སོང་བ་ངས་ཀྱང་ཤེས། ས་ཡོམ་མ་བྱུང་བའི་སྔོན་ལ། ཨ་ནེ་སྨྱོན་པ་ནི་སྨྱོན་པ་ཞིག་མ་ཡིན་པར། ནམ་ཡང་འཛུམ་དམུལ་དམུལ་གྱིས་འགྲོ་བཞིན་པའི་ཨ་ནེ་ཞིག་ཡིན།དེའི་ཕྱིར། མི་ཐམས་ཅད་ཀྱི་བཤད་སྒྲོས་ལྟར་ན། ད་ལྟ་ཨ་ནེ་སྨྱོན་པ་ནམ་ཡང་ཁང་ཆུང་དེའི་ར་སྒོ་རུ་སོ་བ་བཞིན་སྡོད་དོན་ནི། ཁང་ཆུང་དེའང་མི་ལག་ཏུ་ཤོར་འགྲོ་བ་དང་གཞན་གྱིས་འཕྲོག་འགྲོ་བར་དོགས་ནས། ཁོ་མོ་ཁོ་མོའི་ཁང་ཆུང་གི་སྒོ་མོ་དེ་ཡག་པོ་སྲུང་ཐུབ་ཕྱིར་ས་ཆ་གཞན་དུ་མི་འགྲོ་བ་རེད་ཟེར། ཕལ་ཆེར་སྐད་ཆ་དེ་དག་ལ་བདེན་པའི་རྟགས་ཤིག་འདུག རྒྱུ་མཚན་ནི། མོ་རང་ཧ་ལམ་ཉིན་གང་པོར་ར་བ་ཆུང་ཆུང་དེའི་སྒོ་རུ་བསྡད་ཡོད་ལ། དགུན་གཞུང་གྲང་རླུང་འུར་འུར་ལྡང་བའི་མཚན་མོའི་སྐབས་སུའང་སྒོ་ཁ་རུ་བསྡད་ཡོད། གང་ལྟར། རླངས་འཁོར་གྱི་སྐད་སྒྲ་དང་མི་སྐད་སོགས་འཇགས་དུས། མོ་རང་ད་གཟོད་རང་ཁྱིམ་ཆུང་ཆུང་ནང་དུ་འཛུལ་བ་ཡིན། ངང་ཚུལ་དེ་ནི་འོད་ལམ་ལམ་དུ་འཚེར་གྱིན་པའི་མཚན་མོའི་སྐར་ཚོགས་དང་ཟླ་འོད་ཀྱིས་ཅིས་ཀྱང་བདེན་དཔང་བྱ་ཆོག་ངེས། མོ་རང་རང་ཁྱིམ་ཆུང་ཆུང་ནང་དུ་འཛུལ་དུས་སུའང་ཆེས་ཐོག་མར་ཁང་ཆུང་དེའི་ནང་གི་ཤིང་གི་ཉལ་ཁྲི་དེར་མིག་མྱུལ་ཞིག་བྱ་དགོས་པ་དང་། ཁ་ཆག་སྣ་རལ་དུ་གྱུར་པའི་ཤིང་གི་ཉལ་ཁྲི་དེའི་སྟེང་ནས་མོ་རང་ཚོད་ལྟའི་ཕྱིར་དུ་འགྲེ་ལྡོག་ཡང་ཡང་རྒྱག་པའི་གོམས་གཤིས་ཤིག་ཀྱང་ཆགས་ཡོད། དེ་ནི་མོ་རང་གི་སྣང་ངོར་ཐོར་ལ་ཉེ་བའི་ཉལ་ཁྲི་དེའི་སྟེང་ནས་འགྲེ་ལྡོག་ཡང་ཡང་བྱས་རྗེས། ཉལ་ཁྲིའི་ཙིར་སྒྲ་གཞི་ནས་འཇགས་འགྲོ་བར་སེམས་ཡོད། དོན་དམ་དུ། ཉལ་ཁྲི་དེའི་ཙིར་སྒྲ་འཇགས་སོང་བ་མིན་ལ། མོ་རང་ཐང་ཆད་ནས་གཉིད་སོང་བ་རེད།

ང་རང་ཨ་ནེ་སྨྱོན་པའི་སྒོ་ཁ་རུ་འགྲེང་ནས། ཨ་ནེ་སྨྱོན་པ་ཤི་ཡོད་མེད་ཐད་ལ་སེམས་ཁྲལ་བྱས་ཏེ་སྡོད་པའི་སྐབས་སུ། ཁ་བ་བསྟུད་མར་ལྷབ་ལྷུབ་ཏུ་འབབ་བཞིན་འདུག མི་རེ་འགའ་ཡང་ཨ་ནེ་སྨྱོན་པའི་སྒོ་ཁ་བརྒྱུད་དེ། “དེ་རིང་ཨ་ནེ་སྨྱོན་པ་གང་དུ་བུད་སོང་བ་ཡིན་ནམ། ཤ་ཚ་ལེ”ཞེས་ཁ་བརྡ་བྱེད་ཞོར་དུ་བུད་འགྲོ། ང་རང་སྔར་བཞིན་ཨ་ནེ་སྨྱོན་པའི་ཕྱོགས་ལ་བསམ་གཞིག་བྱས་ནས་ཡུད་ཙམ་ལ་ཧོན་ཐོར་བ་ལྟར་ལུས་སོང་། བར་སྐབས་དེར། གང་ནས་ཡོང་བ་མི་ཤེས་པའི་སྐྱེས་པ་ཞིག་ངའི་མདུན་དུ་འགྲེང་ནས། “ཨ་ནེ་སྨྱོན་པ་མཐོང་སོང་ངམ”ཞེས་དྲིས་བྱུང་། སྐྱེས་པ་དེའི་མིག་ཟུང་དུ་ཁེར་ཧྲེང་གི་རྣམ་འགྱུར་ཞིག་མངོན་ཞིང་། སྤུ་ལུད་དང་རྩྭ་ལུད་ཀྱིས་འགོས་པའི་སྐྲ་ལོ་རིང་མོའི་རྩེ་རུ། ཁ་བའི་འདབ་མ་རེ་འགའ་ཆབ་རོམ་དུ་གྱུར་ཅིང་། ཁ་བའི་འདབ་མ་ཁ་ཤས་ཤིག་སྐྲའི་རྩེ་མོ་ནས་ལྷུང་སྟེ། གདོང་པའི་གཡས་གཡོན་གཉིས་ནས་མིག་ཆུའི་ཟོལ་གྱིས་མར་འགྲིལ་བཞིན་འདུག དོན་དམ་དུ་སྐྱེས་པ་དེའང་སྨྱོན་པ་ཞིག་རེད། ཡིན་ནའང་སྐྱེས་པ་སྨྱོན་པ་དེ་ཨ་ནེ་སྨྱོན་པ་དང་ཅུང་ཙམ་མི་འདྲ་སྟེ། ཁོ་ལ་བདག་པོ་ཡོད། ཁོ་རང་ནམ་རྒྱུན་ཁོང་ཚོའི་ཁྱིམ་གྱི་ར་བའི་ནང་དུ་ལྕགས་ཐག་ཅིག་གིས་སྒྲོག་བརྒྱབ་ནས་ཁྱི་བཞིན་བཏགས་ཡོད་ཅིང་། ཁོས་ཀྱང་ཁྱི་བཞིན་ལྕགས་ཐག་དེ་སིལ་སྒྲ་དང་བཅས་ཡར་འདྲུད་མར་འདྲུད་བྱས་ནས་ར་བའི་ནང་ནས་རྒྱུག་པ་རེད། རྣམ་པ་དེ་མི་སུས་མཐོང་ནའང་དབང་མེད་དུ་ཤ་ཚ་དང་སྙིང་རྗེའི་བློ་ཞིག་སྐྱེ་སྲིད་མོད། ཡིན་ནའང་མི་ལ་ལས་རྩེད་མོའི་ཚུལ་དུ། “ས་འདིའི་མིང་ལ་སྨྱོན་པའི་ས་ཆ་ཞེས་བཏགས་ན་ཆོག་གམ”ཞེས་འདྲི་བཞིན་འདུག རྒྱུ་མཚན་ནི་ས་འདིར་སྨྱོན་པ་གསུམ་བཞི་ཞིག་ཡོད་པས་ཡིན། ཡིན་ནའང་ཁྱི་བཞིན་བཏགས་པའི་སྐྱེས་པ་སྨྱོན་པ་ཁོ་རང་དེ་རིང་ཤོར་འདུག ཁྱི་ཞིག་ཤོར་བ་བཞིན་ལྕགས་ཐག་ཀྱང་དྲུད་ནས་ཤོར་འདུག སྨྱོན་པ་དེ་གློ་བུར་དུ་ངའི་མདུན་དུ་འགྲེང་ནས“ཨ་ནེ་སྨྱོན་པ་མཐོང་བྱུང་ངམ”ཞེས་སྐད་ཆ་དྲིས་ཡོང་དུས། ང་རང་སྐྲག་ནས་འཕག་འཚག་དང་བཅས“སྨྱོན་པ”ཞེས་སྡར་སྐད་ཤོར་བཞིན“མཐོང་མ་བྱུང་།” “མཐོང་མ་བྱུང”ཞེས་ལན་བཏབ། སྐྱེས་པ་དེས་ང་ལ“ཅིའི་ཕྱིར་འཕག་འཚག་ཤོར་འདུག་པ་ཡིན། ཁྱོད་ངོ་མ་སྨྱོན་པ་རེད་འདུག”ཟེར་བཞིན་ང་ལ་བལྟས་བྱུང་། ཁོའི་མིག་ཟུང་གི་ནང་དུ་སྤྱིར་བཏང་གི་མི་ཞིག་ལ་ལྡན་མི་སྲིད་པའི་ཐང་ཆད་དང་རེ་བ། བྱམས་བརྩེ་དང་རེ་སྨོན་གྱི་གཏམ་རྒྱུད་ཅིག་མངའ་འདུག་པས། ང་ཡང་རང་དབང་མེད་པར་སྨྱོན་པའི་ཉེ་སར་བཏུད་ནས་ཁོའི་མིག་ཟུང་གི་གཏམ་རྒྱུད་དེ་ཚོ་ལ་ཧད་སོང་། བར་སྐབས་དེར། ཁ་བའི་འདབ་མ་ཞིག་ངའི་མིག་གཡས་ཀྱི་རྫི་མའི་སྟེང་དུ་བབས་ནས་ཁོའི་མིག་ཟུང་ལས་མངོན་པའི་ཡིད་འོང་གི་གཏམ་རྒྱུད་ཀྱང་གཞི་ནས་བསྒྲིབས་སོང་།

སྨྱོན་པས་ང་ལ་སྨྱོན་པ་རེད་འདུག་ཟེར། ངས་སྨྱོན་པ་ལ་སྨྱོན་པ་རེད་ཅེས་བཤད། དོན་ངོ་མ་སུ་ཞིག་སྨྱོན་པ་ཡིན་ནམ། ངས་ཡང་བསྐྱར་སྨྱོན་པ་དེའི་སྐད་ཆ་ལ་བསམ་བློ་བཏང་བ་ཡིན། ཡིན་ནའང་། ངས་ཇི་ལྟར་བསམ་བློ་བཏང་ནའང་། ང་ནི་སྨྱོན་པ་ཞིག་ཡིན་པ་གཏན་ནས་ཚོར་མ་བྱུང་ལ། ང་རང་སྨྱོན་པ་ཞིག་བྱ་འདོད་ཀྱང་མེད། སྐྱེས་པ་དེའང་ཁ་རོག་གེར་ངའི་མདུན་དུ་འགྲེང་ནས། ངའི་སྐད་ཆ་དེ་ལ་བསམ་བློ་གཏོང་བཞིན་ཡོད་པ་འདྲ། ཁོས་ཀྱང་ཇི་ལྟར་བསམ་བློ་བཏང་ནའང་། ཁོ་རང་སྨྱོན་པ་ཡིན་པ་རྟོགས་ཀྱིན་མེད་ལ། ཁོ་རང་ཡང་ང་ལྟར་སྨྱོན་པ་ཞིག་བྱ་འདོད་མེད་པ་འདྲ། ཁ་བ་ད་དུང་ལྷབ་ལྷུབ་ཏུ་འབབ་བཞིན་འདུག མཚམས་མ་ཆད་པར་ལྷབ་ལྷུབ་ཏུ་འབབ་བཞིན་འདུག ངེད་གཉིས་ཀྱི་བར་དུ་འཚང་ཁ་ཤིག་ཤིག་ཏུ་འབབ་བཞིན་འདུག

ཨ་ནེ་སྨྱོན་པ་ད་དུང་མཐོང་ཡུལ་དུ་མི་འདུག ཨ་ནེ་སྨྱོན་པ་ངོ་མ་ཤི་ཚར་བ་ཡིན་ནམ། དེ་རིང་གི་གྲང་ངར་གྱིས་ཨ་ནེ་སྨྱོན་པ་ཕྱི་མའི་ཡུལ་དུ་ཁྲིད་སོང་བ་ཡིན་ནམ། དེ་རིང་གི་ཁ་བ་འདིས་ཆེད་དུ་ཨ་ནེ་སྨྱོན་པ་ལ་སྐྱེལ་མ་བྱེད་བཞིན་ཡོད་དམ། ང་རང་སླར་ཡང་འཁྲིས་ཀྱི་སྐྱེས་པ་སྨྱོན་པ་དེ་ལ་འཇིགས་སྐྲག་སྐྱེ་ཞོར་དུ། དེ་ལྟར་བསམ་བློ་གཏོང་བཞིན་པའི་དུས་སུ། སྐྱེས་པ་སྨྱོན་པ་དེས་ང་ལ། “ཁོ་རེ་སྨྱོན་པ། འགྲོ། ཨ་ནེ་སྨྱོན་པའི་ཁྱིམ་དུ་འགྲོ”ཟེར། སྐད་ཆ་དེ་ཐོས་མ་ཐག་ང་རང་སླར་ཡང་འཕག་འཚག་ཅིག་ཤོར་སོང་སྟབས། ཁོས་ང་ལ།“ལྟོས་དང་། ངོ་མ་སྨྱོན་པ་རེད། དེར་ཅི་ཞིག་སྐྲག་རྒྱུ་འདུག”ཅེས་ཟེར་ནས། ཁོ་རང་ཨ་ནེ་སྨྱོན་པའི་ར་སྒོ་རུ་ཁ་གཏད་ནས་བུད་སོང་། བཙའ་ཆགས་པའི་ལྕགས་ཐག་དེ་ཁོའི་གོམས་འགྲོས་དང་བསྡོངས་ནས་དྲུད་བྱུང་། ལྩགས་ཐག་དྲུད་ཡོང་བའི་སིལ་སྒྲ་དེའང་རོལ་དབྱངས་ཇི་བཞིན། སྐབས་རེར་མཐོ་ལ་སྐབས་རེར་དམའ། སྐབས་རེར་གྲིམ་ལ་སྐབས་རེར་ལྷོད། ཁ་བའི་འདབ་མ་རེ་འགའ་ཡང་ལྕགས་ཐག་གི་སིལ་སྒྲའི་ཁྲོད་ནས་མཁའ་རུ་སྤུར། མཁའ་རུ་སྤུར་ཡོང་བའི་ཁ་བའི་འདབ་མ་དེ་དག་གི་ཁྲོད་ནས། ལ་ལ་ནི་ཁྲུང་ཁྲུང་ཇི་བཞིན་ཁྱུ་དང་ཁྱུ་བྱས་ནས་ཤར་ནས་ལྷོ་དང་། ལྷོ་ནས་ཤར་སོགས་ངེས་མེད་དུ་སྤུར་ཞིང་། ལ་ལ་ནི་ནར་མ་སོན་པའི་བྱེའུ་ཆུང་ཇི་བཞིན་མཁའ་རུ་འཕྱོ་ཙམ་འཕྱོ་ཙམ་བྱས་ནས་སླར་ཡང་གཞུང་ལམ་གྱི་སྟེང་དུ་ལྷུང་། ལ་ལ་ནི་རྒོད་པོ་ཇི་བཞིན་མཁའ་ནས་མཁའ་རུ་སྤུར་ཞིང་མིག་ལམ་དུ་མི་མངོན་པར་གྱུར་སོང་། ངའང་ཁ་བའི་འདབ་མའི་མཛེས་ཉམས་ཀྱི་སྟངས་སྟབས་དེ་དག་ལ་ཧད་ནས་ཅུང་ཙམ་འགོར་རྗེས་ཨ་ནེ་སྨྱོན་པའི་ར་སྒོའི་ཕྱོགས་སུ་ཐེ་ཚོམ་དང་འཇིགས་སྐྲག་ངང་གོམ་པ་རེ་རེ་བཞིན་མདུན་དུ་སྤོས།

ཁ་བ་ལྷབ་ལྷུབ་ཏུ་འབབ་བཞིན་འདུག གྲང་ངར་དང་བུ་ཡུག་གི་ཁྲོད་ནས་ལྷབ་ལྷུབ་ཏུ་འབབ་བཞིན་འདུག ལྷབ་ལྷུབ་ཏུ་ཨ་ནེ་སྨྱོན་པའི་ཐོག་ཏུ་འབབ་བཞིན་འདུག ཨ་ནེ་སྨྱོན་པའང་ཁེར་སྐྱེས་ཀྱི་ལྕང་སྡོང་ལ་མགོ་བོ་བསྙེས་ནས། ཁ་བའི་འདབ་མའི་ཁྲོད་ནས་བྱེའུ་ཆུང་གིས་རྒུམ་བུ་འཐུ་བར་ཅེར་ནས་འདར་སིག་སིག་ངང་བསྡད་འདུག མོའི་མགོ་ཐོག་ཏུ་ཁ་བའི་འདབ་མ་རླབས་ཕྲེང་དུ་མ་ཞིག་བརྩེགས་ཤིང་། ལག་མཛུབ་ཀྱི་བར་ནས་ཕྲེང་རྡོག་རེ་རེ་བྱས་ནས་དམྱུག་བཞིན་འདར་སིག་སིག་ཏུ་བསྡད་ཡོད། མོ་རང་དེ་ལྟར་འདར་སིག་སིག་གི་ཁྲོད་དུ་བསྡད་ནས་ཤི་མེད་པ་མཐོང་དུས། སྐྱེས་པ་སྨྱོན་པ་དེ་དང་ངེད་གཉིས་ཀས་མ་གྲོས་གཅིག་མཐུན་གྱིས་ཕན་ཚུན་ལ་འཛུམ་ཞིག་མངོན་བྱུང་། སྐྱེས་པ་དེའི་འཛུམ་མདངས་ནི་ཅི་འདྲའི་ཡིད་དུ་འོང་བ་ཞིག་རེད་ཨང་། ཁོའི་འཛུམ་མདངས་ཀྱི་ཁྲོད་དུའང་མཛེས་སྡུག་གི་གཏམ་རྒྱུད་མང་པོ་ཞིག་སྦས་ཡོད་ཚོད་འདུག གང་ལྟར། དེ་རིང་ནི་ངས་སྨྱོན་པར་འཛུམ་བསྟན་པ་ཆེས་ཐོག་མ་ཡིན་ལ། སྨྱོན་པས་ཀྱང་ང་ལ་འཛུམ་བསྟན་པ་ཆེས་ཐོག་མ་ཡིན་སྲིད། འཛུམ་མདངས་དེའི་ཁྲོད་ནས་ངའི་ཡིད་ལ་འཆར་སྒོ་སྣ་ཚོགས་ཤར་བྱུང་། ཡིན་ནའང་། ཨ་ནེ་སྨྱོན་པས་ངེད་གཉིས་ཀྱི་འཛུམ་མདངས་མཐོང་བ་ཕར་ཞོག ཐ་ན་ངེད་གཉིས་མོའི་ར་བའི་ནང་དུ་འཛུལ་ཡོད་པའང་མ་རྟོགས་པར། སྔར་བཞིན་འདར་སིག་སིག་ཏུ་བསྡད་འདུག བར་སྐབས་དེར། སྐྱེས་པ་སྨྱོན་པ་དེ་དང་ངེད་གཉིས་དལ་གྱིས་མོའི་རྩ་རུ་བཏུད་དུས། སིལ་སིལ་གྲགས་པའི་ལྕགས་ཐག་གི་སྒྲ་དབྱངས་དེས་ཨ་ནེ་སྨྱོན་པའི་དམིགས་པ་རྩེ་གཅིག་ཏུ་གཏད་པའི་བསམ་གཏན་གཞི་ནས་དཀྲོགས་སོང་བ་བཞིན། མོ་རང་འཕག་འཚག་ཤོར་ནས་མྱུར་གྱིས་ཡར་ལ་ལངས་བྱུང་། མགྱོགས་མྱུར་གྱིས་ཡར་ལ་ལངས་པ་དང་བསྟུན་ནས་མོའི་མགོ་ཐོག་གི་ཁ་བའི་འདབ་མ་དེ་དག་ཀྱང་སྐར་མདའ་བཞིན་ཕྱོགས་བཞིར་ཐོར་སོང་ཞིང་། ལྕང་སྡོང་ཁེར་སྐྱེས་དེ་ཡང་གཡོ་འདར་ཕྲན་བུ་ཞིག་བྱས་ནས། ལྕང་སྡོང་དེའི་སྟེང་དུ་བབས་པའི་ཁ་བའི་འདབ་མ་དག་ཀྱང་སིལ་བུར་ཐོར་ནས་ཐང་ལ་ལྷུང་སོང་། སྤྱིར་ཨ་ནེ་སྨྱོན་པར་འཕག་འཚག་ཤོར་བ་ནི་རྒྱུན་ལྡན་ཡིན་མོད། ཡིན་ནའང་། དེ་རིང་མོ་ལ་འཕག་འཚག་ཆེན་པོ་འདི་འདྲ་ཞིག་ཤོར་དོན་ནི་ང་དང་སྐྱེས་པ་སྨྱོན་པ་ངེད་གཉིས་མོའི་ཉེ་འགྲམ་དུ་རྐང་འཇབ་ལག་འཇབ་ཀྱིས་ཡོང་བའི་དབང་གིས་ཨེ་ཡིན་ནམ། མོས་ཀྱང་ངེད་གཉིས་ལ་མིག་ཟུང་གཏད་ནས“སྨྱོན་པ། སྨྱོན་པ། སྨྱོན་པ་གཉིས། ངའི་ར་བའི་ནང་དུ་འཛུལ་ནས་ཅི་ཞིག་དགོས། མར་སོང་། མགྱོགས་པོར་སྒོར་སོང”ཟེར་བཞིན་ངེད་གཉིས་ཀྱི་རྐང་པ་ནས་འཐེན་ཙམ་འཐེན་ཙམ་བྱས་ནས་ངེད་གཉིས་ཀ་སྒོར་ཕུད་བྱུང་། ང་རང་སྒོར་འབུད་ཁར་ཕྱིར་བལྟས་ཤིག་བྱེད་དུས། ཨ་ནེ་སྨྱོན་པའི་མིག་ཟུང་གི་ཁྲོད་དུའང་ལྷོད་བག་དང་ཞི་འཇམ། རེ་ཆད་དང་རྨི་ལམ་གྱི་གཏམ་རྒྱུད་གང་མང་ཞིག་སྦས་ཡོད་པ་མཐོང་བྱུང་། སྐྱེས་པ་སྨྱོན་པ་དེས་ད་དུང་ཡང་ཨ་ནེ་སྨྱོན་པའི་ཕྱོགས་སུ་ཕྱིར་ལྟ་བྱེད་བཞིན“ཤ་ཚ་ལེ། ཁྱོད་ངོ་མ་སྨྱོས་འདུག ཨ་ནེ་སྨྱོན་པ། ཁྱིམ་ནང་དུ་ཡར་འཛུལ། རང་གིས་རང་ལ་སྡུག་གཏད་ནས་ཅི་དགོས”ཟེར་བཞིན་རྒྱང་རིང་དུ་བུད་སོང་ལ། ཨ་ནེ་སྨྱོན་པས་ཀྱང“ཁྱོད་གཉིས་ངོ་མ་སྨྱོས་འདུག སྨྱོན་པ་གཉིས”ཞེས་འབོད་བཞིན་འདུག ངས་ཀྱང“ཤ་ཚ་ལེ། ཁྱོད་གཉིས་ངོ་མ་སྨྱོས་འདུག སྨྱོན་པ་གཉིས”ཞེས་ཁེར་ལབ་བྱས་པ་ཡིན་མོད། སེམས་སུ་ངའང་ངོ་མ་སྨྱོན་པ་ཡིན་ནམ། གལ་སྲིད་ང་རང་སྨྱོན་པ་ཡིན་ན། ངའི་མིག་ཟུང་གི་ནང་དུ་གཏམ་རྒྱུད་ཅི་འདྲ་ཞིག་སྦས་ཡོད་དམ། ངའི་མིག་ཟུང་གི་གཏམ་རྒྱུད་མཐོང་མཁན་དེ་གང་དུ་ཡོད་དམ་སྙམ་བཞིན་ཁྱིམ་དུ་ལོག་པ་ཡིན། བྱིས་པ་ཚོས་ཀྱང་ཨ་ནེ་སྨྱོན་པའི་སྐད་ཐོས་མ་ཐག“ཨ་ནེ་སྨྱོན་པ་ཤི་མི་འདུག ཨ་ནེ་སྨྱོན་པ་ཤི་མི་འདུག”ཟེར་བཞིན་ཡར་རྒྱུག་མར་རྒྱུག་དང་གནམ་ལྡིང་ས་ལྡིང་བྱས་ནས་ཨ་ནེ་སྨྱོན་པའི་ཁང་ཆུང་དང་རྒྱང་དུ་བཀྱེད་སོང་།

ཁ་བ་ལྷབ་ལྷུབ་ཏུ་འབབ་བཞིན་འདུག ཉིན་དེར། ཁ་བ་ལྷབ་ལྷུབ་ཏུ་བབས་དྲགས་པས། ཡུལ་མི་ཚང་མས་ཉི་མའི་འོད་ཟེར་ཞིག་ལ་རེ་སྒུག་བྱེད་བཞིན་འདུག འོད་ཟེར་ཕྲན་བུ་ཙམ་ལའང་རེ་སྒུག་བྱེད་བཞིན་འདུག རེ་སྒུག་དེ་ནི་ཨ་ནེ་སྨྱོན་པས་ཉིན་མོར་ཁང་ཆུང་གི་སྒོ་ཁ་ནས་རེ་སྒུག་གི་མིག་ཟུང་རྒྱང་རིང་རྒྱང་རིང་གི་ཡུལ་དུ་ཅེར་བ་དང་མཚུངས་ཤིང་།དགོང་མོར། ཤིང་གི་ཉལ་ཁྲིའི་ཙིར་སྒྲ་འཇགས་མིན་ལ་རེ་སྒུག་གི་རྣ་བ་བླགས་ཏེ་མཉན་པ་དང་ཀུན་ནས་མཚུངས། ང་རང་སྔར་བཞིན་ཨ་ནེ་སྨྱོན་པའི་སྒོ་རྒྱུད་དུ་འགྲེང་ནས་བསམ་གཞིག་བཏང་། སྨྱོན་པས་ང་ལ་སྨྱོན་པ་བོས། ངས་སྨྱོན་པ་ལ་སྨྱོན་པ་བོས། དོན་ངོ་མ་སུ་ཞིག་སྨྱོན་པ་ཡིན་ནམ། ངས་ཡང་བསྐྱར་གཏིང་ཟབ་པའི་སྐད་ཆ་དེར་བསམ་གཞིག་བཏང་། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།