ཀྲུང་གོ་བོད་ཀྱི་དྲ་བ།

A2&A3

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : འཕགས་པ་འབྲོང་།   སྤེལ་དུས། : 2021-03-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མེ་འཁོར་ཨང་རྟགས། D1768

འགྲོ་སའི་གནས། ཟི་ལིང(10:25am)ནས་པེ་ཅིང་།(8:45+1am)

འགྲུལ་པའི་རུས་མིང་། ནོ་ནོ།

ཟླ་ཚེས། 2030ལོའི་ཟླ2ཚེས27ཉིན།

པ་སེ་ཞིབ་བཤེར་བྱེད་ས། A3

མེ་འཁོར་དུ་འབུད་སའི་སྟེགས་བུ། ཨང་རྟགས2པ།

འགྲུལ་པའི་འདུག་གནས། འཁོར་སྒམ5 རྐུབ་སྟེགས13A

ནོ་ནོས་རང་གི་རྐང་སྣམ་གྱི་བརླ་ཁུག་ལས་མེ་འཁོར་པ་སེ་བླངས་ནས་ཞིབ་ཏུ་ཐེངས་གཅིག་བལྟས་རྗེས་སྔར་མལ་དུ་ཙོག་བྱུང་།མཚམས་ཆད་མེད་པར་ལག་གི་ཁ་པར་གྱི་འཆར་ངོས་ཡར་མར་ལ་འདེད་པར་བལྟས་ན་ཁོས་ཅི་ཞིག་འཚོལ་གྱིན་ཡོད་པ་འདྲ།དེ་ལྟར་སྐར་མ་གཉིས་གསུམ་ཙམ་ལས་མ་འགོར་བར་ཁ་པར་ཡོང་བའི་སྒྲ་གྲག་བྱུང་།ཁོས་ཁ་པར་ལ་ཉན་སྐབས་ལག་པ་དང་གདོང་གིས་ཉམས་འགྱུར་སྣ་ཚོགས་སྟོན་གྱིན་འདུག དེ་ནི་ཕ་རོལ་པས་མཐོང་མི་ཐུབ་ཀྱང་ཁོ་རང་ཉིད་ཀྱིས་སྐད་ཆས་གོ་བརྡ་སྤྲོད་པར་ཕན་ཆེན་པོ་ཞིག་ཐོགས་པ་ལོས་ཡིན།ཁོས་ཁ་པར་ལ་མཉན་ཚར་རྗེས་མུ་མཐུད་དུ་འཆར་ངོས་ཡར་མར་ལ་འདེད་ཀྱིན་འདུག ཡང་སྐར་མ་གཉིས་གསུམ་ཙམ་ལས་མ་འགོར་བར་ཁ་པར་གྱི་སྒྲ་གྲག་བྱུང་།དེ་ལྟར་ཁོས་ཡང་དང་ཡང་དུ་བྱ་བྱེད་དེ་བསྐྱར་ཟློས་བྱེད་པའི་སྐབས་སུ།རྒད་པོ་ཙ་ཙ་སྤྱོད་ཁང་དུ་སོང་ནས་ཕྱིར་སླེབས་བྱུང་།

“ང་འགྲོ་རན་གི་ཨེ་ཡོད་ཁུ། གསར་བུ། ངས་རྒྱ་ཡིག་ཆོད་ནི་མ་རེད་ར།”

རྒད་པོ་ཙ་ཙས་རང་གི་རུམ་ནས་པ་སེ་བླངས་ཏེ་ནོ་ནོའི་མིག་མདུན་དུ་གཏད་ནས་དེ་ལྟར་དྲིས།ནོ་ནོས་མི་འདོད་བཞིན་དུ་ཁ་པར་གྱི་ངོས་ལ་ལྟ་མཚམས་བཞག་སྟེ།རྒད་པོ་ཙ་ཙའི་གདོང་ལ་ལྟ་ཙམ་བྱས་ཏེ་ཁོའི་མེ་འཁོར་པ་སེ་ཚུར་བླངས་ནས་མིག་འཁྱུག་ཙམ་བྱས་རྗེས་ཕྱིར་སྤྲད་བྱུང་།

“ད་རུང་ཆུ་ཚོད་གཅིག་ལྷག་ཡོད་ཁུ། ཁྱོད་འགྲོ་སའི་སྒོ་ཀན་རེད།”

ནོ་ནོས་པ་སེ་ཞིབ་བཤེར་བྱེད་སA2 ཕྱོགས་སུ་མཛུབ་མོས་སྟོན་ཙམ་བྱས་རྗེས་མུ་མཐུད་དུ་ཁ་པར་ངོས་ལ་ཅེར་ནས་བསྡད།

“གསར་བུ། ཁྱོད་འཕྱུགས་མེད་ལ། ང་ལྷ་སར་འགྲོ་རྒྱུ་ཡིན་ཀོ།”

རྒད་པོ་ཙ་ཙས་ནོ་ནོའི་ཁྲལ་སྤྲོད་ཐབས་བྱེད་པའི་རྣམ་འགྱུར་དེ་མཐོང་ནས་སེམས་ཅུང་མ་བདེ་བར་རྩིབ་ནས་ཙོག་ཞོར་དུ་དེ་ལྟར་བསྐྱར་འདྲི་བྱས།

“དེ་ཤེས་ཀི། འུ་གཉིས་ཀ་འགྲོ་ཚོད་གཅིག་རེད།”

“འོ་ཡ། དེས་ན་ད་རུང་སྔ་གི། ཁ་ཏོན་ཞིག་གི་རྔ་མ་འཕུད་རྒྱུ་ཡོད།ད་ནངས་ལམ་ལ་འབུད་ཚོད་སྔ་བས་ཁ་ཏོན་ཡང་འདོན་ཁོམ་མ་བྱུང་བར་ལུས་ཡོད།”

ནོ་ནོས་ཁོའི་སྐད་ཆར་རྣ་བ་གཡར་གྱིན་མེད་པར་ཁ་པར་གྱི་ནང་ཟུག་འདུག རྒད་པོ་ཙ་ཙས་དེ་ལྟར་བཤད་ཞོར་ལག་རྟེན་རང་གི་ཁུར་པོའི་སྟེང་བཞག་རྗེས།ལྷམ་ཕུད་དེ་རྡོ་གཅལ་དུ་སྐྱིལ་ཀྲུང་བཅས་ནས་བསྡད་དེ་ཁ་ཏོན་འདོན་མགོ་བརྩམས།ཁོས་ཇི་ལྟར་འུར་འདོན་བྱས་ཀྱང་མཐའ་འཁོར་གྱི་འགྲུལ་པའི་གྲལ་དུ་ཁོ་ལ་དོ་སྣང་བྱེད་མཁན་གཅིག་ཀྱང་མེད།ཁོ་ཚོ་ནི་རང་རང་སར་ཁོམ་གྱིན་མི་འདུག མང་ཕྱོགས་ཁ་པར་གྱི་ནང་འཛུལ་འདུག ཁོ་ཚོའི་མདུན་ནས་བོའུ་ཞིག་ཁ་གྲག་ཀྱང་མགོ་དགྱེ་ནས་ལྟ་མིན་ལ་ཐེ་ཚོམ་ཟ་ཆོག་ཆོག་རེད།འུར་ཟིང་དང་འདུ་འཛི་ཁྱད་ཆོས་སུ་འཛིན་པའི་མེ་འཁོར་འབབ་ཚིགས་འདི་ལྟ་བུ་ནས།འབྲོག་པའི་རྒད་པོ་ཞིག་གིས་ཁ་ཏོན་འུར་འདོན་བྱེད་པ་ནི་མིག་ལ་ཐོགས་རིན་མེད་པ་ཞིག་རེད།དེ་དང་བསྡུར་ན་ཀུང་སི་ཞིག་གི་མགོ་དཔོན་གྱིས་རང་གི་ལས་བཟོ་པར་ཁ་པར་བཏང་ན།དེར་ཉན་མཁན་དང་ཡིད་སྨོན་གྱི་མིག་ཟུར་འཕེན་མཁན་མང་པོ་ཡོད།ཡིན་ཡང་།རྒད་པོ་ཙ་ཙའི་འུར་འདོན་དེས་ནོ་ནོས་བྱ་བ་སྒྲུབ་པར་བར་ཆད་བཟོས་སོང་བ་འདྲ།

“ཨ་རོག ཨ་ཁུ་འབྲོག་པ། ཁྱོད་ཀྱིས་དེ་ལྟར་འུར་འདོན་བྱས་ཚེ་ངས་བྱ་བ་སྒྲུབ་ཐབས་མེད་ཁུ། ཁྱོད་འདུག་སྟེགས་གཞན་ཞིག་ཏུ་སོང་ན་ཆོག་གམ།འདི་སྤྱི་པའི་ཁོར་ཡུག་རེད། ཁྱོད་ཀྱིས་དེ་ལྟར་འུར་བརྒྱབ་ན་མི་འགྲིག་ག”

“འོ་ཡ་ཡ།འདི་ལྟར་འདོན་རྒྱུར་ལོབས་སོང་།ཁྱོད་ཀྱིས་བྱ་བ་ལས་ཀྱིན་ཡོད་དམ།མེ་འཁོར་ལ་སྒུག་གིན་ཡོད་པ་མིན་ནམ།”

“ངས་ཁ་པར་བཀོལ་ནས་བྱ་བ་སྒྲུབ་ཀྱིན་ཡོད།ང་ལ་བར་ཆད་མི་བྱེད་པའི་རེ་བ་ཡོད།བཀའ་དྲིན་ཆེ་ཞུ།”

“དེ་ལྟར་བཤད་ན།ངས་ཀྱང་བྱ་བ་སྒྲུབ་བཞིན་པ་ཁྱོད་ཀྱིས་མི་མཐོང་ངམ།ཁྱོད་ཀྱིས་ཀྱང་ང་ལ་བར་ཆད་བྱས་སོང་།”

རྒད་པོ་ཙ་ཙས་ཀུ་རེ་དང་རྩེད་མོའི་ཚུལ་དུ་གདོང་ལ་འཛུམ་ཆུང་ཞིག་ལངས་བཞིན་དེ་ལྟར་ནོ་ནོ་ལ་ལན་བསློགས།

“ཁྱོད་ཀྱི་སེམས་ལ་མ་གནོད་ཨ། ཁྱོད་ཀྱིི་དེ་བྱ་བ་ཞིག་མ་རེད།རྒྱབ་ལ་གོན་རྒྱུ་མི་ཉན།ཁ་ལ་བཟའ་རྒྱུ་མི་ཉན།དུས་ཚོད་འཕྲོ་བརླག་ཏུ་གཏོང་བྱེད་ཙམ་རེད།”

“ཧ་ཧ་ཧ་ཧ······ བདེན་ཀི། དེ་ངོ་མ་རེད། འདིས་ཁ་རྒྱབ་མི་ཡོང་བ་ཁོ་ཐག་རེད། ཡིན་ཡང་།ང་ལྟ་བུའི་འབྲོག་པ་ཞིག་ལ་མཚོན་ན།སྒོ་ཕྱུགས་ལ་བརྟེན་ནས་འཚོ་བ་རོལ་དགོས་པ་རེད།ཟོག་སེམས་ཅན་གྱི་ཤ་ཁྲག་འོ་ཞོ་སོགས་ལོངས་སུ་སྤྱད་རྗེས་ཁ་ཏོན་རིམ་གྲོ་ཙམ་ཡང་མ་བསྒྲུབས་ན་མི་འགྲིག་གི་བསམ།ལས་རྒྱུ་འབྲས་ཟེར་བ་ཞིག་འཁོར་རྒྱུ་ལོས་ཡོད།”

རྒད་པོ་ཙ་ཙའི་དགོད་སྒྲ་དེ་བྱིས་པ་ཞིག་གི་ངུ་སྐད་དང་འདྲ་བར་ཁོའི་སེམས་གཏིང་ནས་ཐོན་ཏེ་སླར་ཡང་མི་གཞན་པ་ཞིག་གི་སེམས་གཏིང་དུ་ལྷུང་ཡོད་པ་གདོན་མི་ཟ།

“དུད་འགྲོ་ནི་ང་ཚོའི་ཟ་སྐལ་རེད།ཁྱོད་ཚོར་བསོད་ནམས་ཆེ་བ་ལ།རྟ་ནོར་ལུག་གསུམ་བཙོངས་ནས་སྒོར་མོར་བརྗེས་ཆོག་ལ།བཤས་ནས་ཤ་ཟོས་ཆོག་པར་མ་ཟད།ཀོ་བ་དང་པགས་པས་གོན་པ་སྣ་ཚོགས་ལས་ཆོག་པ་རེད།ད་སྐབས་གཡག་གཅིག་གིས་སྒོར་ཁྲི་གཉིས་ལྷག་ཁུག་གིན་ཡོད་པ་མིན་ནམ།དེ་ཚང་མ་སྒོར་མོ་རེད།”

“ཟོག་སེམས་ཅན་གྱི་དྲིན་ལ་ཕོ་ལྟོགས་མ་མྱོང་བར་མ་ཟད།རྒྱབ་ཀྱང་གྲང་མ་མྱོང་།ཨོཾ་མ་ཎི་པདྨེ་ཧཱུཾ།ཤ་ཁྲག་བཟས་པའི་དུད་འགྲོའི་དོན་དུ།འོ་ཞོ་འཐུང་བའི་མ་འབྲིའི་དོན་དུ།······ ཟོས་པ་འཐུང་བའི་ཐད་ནས་ཤོར་སོང་བ་ཞིག་མེད།”

རྒད་པོ་ཙ་ཙས་ཡུད་ཙམ་ལ་མ་ཎི་བཏོན་ནས་ཁ་མ་གྲག ནོ་ནོའི་མཚར་སྣང་གི་བློ་སྔར་ལས་ཇེ་དྲག་ཏུ་སོང་སྟེ་རྒད་པོ་ཙ་ཙར་ཡར་མར་གཉིས་ཀའི་དྲི་བ་སྣ་ཚོགས་དྲིས།

“ཧུ་ཧུ་ཧུ་ཧུ······ ཁྱོད་ལྷ་སར་ཅི་བྱེད་དུ་འགྲོ་གི་ཡོད།ཁུར་པོ་འདི་སྒོར་མོ་ཡིན་ནམ་མར་ཆུར་ཡིན།”

ནོ་ནོའི་དགོད་སྟངས་དེས་རྒད་པོ་ཙ་ཙར་དོགས་མི་བདེ་བ་དང་ཡིད་མི་དགའ་བའི་ཚོར་བ་ཞིག་བྱིན་སོང་བ་འདྲ་སྟེ།ཁོས་མི་ཚོགས་ལ་མིག་བཤེར་ཙམ་བྱས་རྗེས་ཡུན་རིང་ལ་སྔར་མལ་ནས་སྨྲ་བ་མེད་པར་ལུས།ཁོ་ཚོའི་ཁ་བརྡའི་མཚམས་ཆད་སོང་བ་མིན་འགྲོ་སྙམ་པའི་སྐབས་སུ་ཁོ་ཁ་གྲག་བྱུང་།

“འབྲོག་པ་ཞིག་ལ་ལྷ་སར་ཅི་བྱེད་དུ་འགྲོ་གི་ཡོད་ཅེས་འདྲི་དགོས་དོན་མེད་ཁ།དེའི་ལན་གསལ་པོ་རེད།ཇོ་བོ་རིན་པོ་ཆེར་ཐོད་པ་གཏུག་ཏུ་འགྲོ་རྒྱུ་ཡིན།རྒྱ་མི་ཚོས་ནམ་རྒྱུན་འབྲོག་པ་ཚོར་སྒོར་མོ་མང་གི་ཟེར་བ་དང་ཕྱུགས་ཟོག་མང་གི་ཟེར་ནས་ཧ་ལས་ཁུལ་དང་ཧང་སངས་ཁུལ་བྱེད་པར་བལྟས་ན་གྲོང་ཁྱེར་ན་སྤྲང་པོས་གང་ཡོད་ས་རེད་ལ།ཁྱོད་གང་གི་ཡིན།འབྲོག་པ་ཞིག་མིན་པ་འདྲ།”

“ང་པེ་ཅིང་གི་བོད་པ་ཞིག་ཡིན།ངའི་ཨ་ཕའི་དུས་ནས་ངེད་ཚང་པེ་ཅིང་ནས་བསྡད་པ་རེད།གྲོང་ཁྱེར་ནས་སྒོར་མོ་བཙལ་རྒྱུ་ཤིན་ཏུ་དཀའ།ངས་བལྟས་ན་འབྲོག་ཁུལ་ནས་སྒོར་མོ་འཚོལ་བའི་ཐབས་མང་པོ་ཡོད་ཁུ།”

“འོ་ལེ།འུ་གཉིས་ཐུག་མ་ཐག་ནས་ངས་ཁྱོད་གྲོང་ཁྱེར་གྱི་མི་ཞིག་རེད་འདོད་ཐལ།འབྲོག་ཁུལ་ནས་སྒོར་མོ་འཚོལ་ཐབས་ཡོད་ན་ཐང་།མི་ཤེས།གང་ལྟར་རང་ཉིད་འབྲོག་ས་འབྲོག་ཡུལ་འདི་འདྲ་ཞིག་ནས་སྐྱེས་པ་ཚེ་འདིའི་བསོད་ནམས་རེད་བསམ་གྱིན་ཡོད།”

“འུ་གཉིས་ཀས་ཚོང་ཞིག་བརྒྱག་པཱ།”

ནོ་ནོས་རྒད་པོ་ཙ་ཙའི་སྐེ་ཡི་གནའ་གཡུ་ཁེར་འདོགས་དེ་མཐོང་རྗེས་མིག་ནང་ལ་འཛུམ་ཞིག་རྒྱུག་ཞོར་དེ་ལྟར་དྲིས།

“ངའི་ལག་ན་ཁྱོད་ལ་མཁོ་བའི་དངོས་པོ་ཞིག་མེད་པཱ།ངའི་ལུས་སྟེང་ན་གཞན་ལ་བཙོང་རྒྱུ་ཞིག་མེད་ཡ།”

“ཁྱོད་ཀྱི་སྐེ་ཡི་གཡུ་ཁེར་འདོགས་དེ་བཙོང་རྒྱུ་མིན་ནམ།བཙོངས་ན་རིན་གོང་མཐོན་པོ་སྟེར་ཡ།”

“དེ་བཙོང་མི་ཉན།དེ་གནའ་གཡུ་ཞིག་ཡིན།ད་བར་དུ་མི་རབས་བདུན་གྱི་ལོ་རྒྱུས་ཡོད།སྐྱབས་མགོན་རིན་པོ་ཆེ་ཚང་གིས་ཕྱག་ཕུར་དང་ཞལ་ཕུ་གནང་ཡོད།ངའི་ལག་ཏུ་རིན་པོ་ཆེ་ཞིག་ཡོད་པ་ནི་འདི་དང་ལག་རྟེན་ཀནཡིན།ལག་རྟེན་ཀན་ངའི་ཨ་མེས་ཀྱི་ཨ་ཕས་སྟོད་ཉི་མ་ལྷ་ས་ནས་ཁྱེར་ཡོང་བ་རེད།ཀན་ཇོ་བོའི་མདུན་ལ་ཕུར་མྱོང་བར་མ་ཟད།ད་རག་བར་ཀན་ལ་བརྟེན་ནས་དགོན་ཆེ་ཆུང་བརྒྱ་ལྷག་ལ་མཇལ་མྱོང་།”

རྒད་པོ་ཙ་ཙས་དེ་ལྟར་བཤད་ཞོར་རང་གི་ལག་རྟེན་པང་དུ་བླངས་ཏེ་བྱིལ་བྱིལ་འགའ་བྱས་རྗེས་སླར་ཡང་ཁུར་པོའི་སྟེང་དུ་བཞག་བྱུང་།ནོ་ནོས་རྡོ་རྗེ་ཕ་ལམ་ཞིག་ལམ་ནང་དུ་དོར་ཡོད་པ་མཐོང་བ་ལྟར་འདུག་མི་བཟོད་པར་གྱུར།རྒད་པོ་ཙ་ཙའི་སྐེ་ཡི་གཡུ་ལ་རེག་ཙམ་བྱས་རྗེས་ཁུར་པོའི་སྟེང་གི་ལག་རྟེན་ཟད་པོ་དེར་ཕུར་ཕུར་བྱེད་བཞིན་འདུག ཁོས་བྱ་བྱེད་དེ་བསྐྱར་ཟློས་ཐེངས་གང་མང་བྱས་རྗེས་རྒད་པོ་ཙ་ཙའི་གན་དུ་ནུར་ཙམ་བྱས།

“དེས་ན་གཡུ་དང་ལག་རྟེན་གཉིས་ཀ་གནའ་རྫས་རེད།ཁྱོད་ཀྱིས་ང་ལ་ཚོངས་དང་།རིན་གོང་མཐོན་པོ་སྟེར།ངོ་མ་བཤད་གི་ཡོད།ཁྱོད་ལྟ་བུའི་རྒད་པོ་ལོ་ལོན་ཞིག་ལ་རྒྱན་ཆས་ཅི་བྱེད།དེ་ལས་སྒོར་མོ་མང་པོ་ཞིག་ཡོད་ན་མི་བཟང་ངམ།གོས་ཡག་པོ་གྱོན།ཟ་མ་ཞིམ་པོ་ཟོས།རླངས་འཁོར་དགའ་བོ་བསྐོར།ཁང་པ་ཆེན་པོའི་ནང་དུ་བསྡད་ནས་ཚེ་མཇུག་ལ་སྐྱིད་བརྒྱབ་ན་མི་བསོར་རམ།ངས་བཤད་པར་གནས་ལུགས་མེད་དམ།ཁྱོད་ཀྱིས་འདང་རྒྱོབས་ར།”

རྒད་པོ་ཙ་ཙས་སྐད་ཆ་དེ་ཐོས་མ་ཐག་སེམས་མི་སྐྱིད་པའི་ཚོར་བ་ཞིག་གམ།དོན་དག་གལ་ཆེན་ཞིག་བརྗེད་སོང་བའི་འཚབ་སྣང་ཞིག་དབང་མེད་དུ་སྐྱེས།ཁོས་བོད་ལྭའི་གོང་བ་ཡར་གོན་ཙམ་བྱས་ནས་གཡུ་དེ་གཞན་གྱིས་མི་མཐོང་བར་བྱས།

“མིན་མིན།བཙོང་རྒྱུ་མིན།གསར་བུ།ངའི་རིན་པོ་ཆེ་འདི་གཉིས་ཀའི་རིན་ཐང་སྒོར་མོས་གཅོད་ཐུབ་ནི་མ་རེད།ངའི་གཡུ་དང་ལག་རྟེན་ལ་བླ་ཆེན་དང་དགོན་ཆེན་གང་མང་གིས་བྱིན་གྱིས་བརླབས་ཤིང་དངོས་གྲུབ་བསྩལ་ཡོད།འདི་གཉིས་ཀ་དངོས་པོ་རང་ག་བ་ཞིག་ག་ལ་ཡིན།”

“ངས་འདང་མི་ཕོག་གི ཁྱོད་ཀྱིས་དེ་གཉིས་མི་བཙོང་བར་ཅི་བྱ།འདི་དག་སྒོར་མོར་བརྗེས་ན་ད་གཟོད་རིན་ཐང་ཡོད་སོང་བ་མིན་ནམ།ད་གཟོད་འཕྲོ་བརླག་ཏུ་མ་བཏང་བ་མ་རེད་དམ།ཁྱོད་ཀྱིས་འདི་ལྟར་བཏགས་ནས་བསྡད་ན་ཁ་དང་རྒྱབ་གང་ལའང་མི་རེ།ཐ་ན་རྒྱན་ཆའི་གོ་ཡང་ཆོད་ཀྱིན་མི་འདུག་ག”

“ཁ་དང་རྒྱབ་ལ་མི་རེ་བས་ད་གཟོད་རྩ་ཆེན་པོར་ཆགས་པ་རེད།ངའི་གནའ་གཡུ་འདི་ལྟ་བུ་ལྟོ་རྒྱབ་ལ་མི་རེ།དེ་བདེན་ཀི། ཡིན་ཡང་།ངའི་སེམས་ལ་རེ།འདི་ལྟར་བཤད་ན་ཁྱོད་ཀྱིས་ཨེ་ཤེས་ཀི། གསར་བུ། ལག་རྟེན་དང་གནའ་གཡུ་འདིས་ང་ལ་ཁ་ལས་རླུང་རྟ་དར་དུ་བཅུག་མྱོང་བར་མ་ཟད།མིའི་ན་ཚ་དང་ཕྱུགས་ཀྱི་གོད་ཀའང་བཟློགས་མྱོང་།ཁྱོད་ཀྱིས་བལྟས་ན་རྩ་ཆེན་པོ་ཨེ་རེད།”

ནོ་ནོས་སྐད་ཆ་དེ་ཐོས་པ་ན་སྔར་ལས་ལྷག་པའི་ཉོ་འདོད་སྐྱེས་ཏེ་རིན་གོང་ཇེ་མཐོ་ནས་ཇེ་མཐོར་བསྟད།ཁོའི་ཉོ་འདོད་ཇེ་ཆེར་སོང་བ་དང་བསྟུན་ནས་རྒད་པོ་ཙ་ཙའི་མི་བཙོང་བའི་དམ་བཅའ་ཇེ་བརྟན་དུ་སོང་།

“དྲང་མོར་བཤད་ན།ད་ལྟ་ང་རང་པེ་ཅིང་གི་ཀུང་སི་ཞིག་གི་མགོ་བ་གཞོན་པ་ཡིན།ལོ་རེའི་ཡོང་འབབ་སྒོར་ཁྲི་བརྒྱ་ལྷག་ཡོད།ཡིན་ཡང་།ང་ལ་ཁང་པ་སྨི་གྲུ་བཞི་མ་བརྒྱ་དང་ལྔ་བཅུ་ཅན་ཞིག་དང་།རླངས་འཁོར་སྒོར་ཁྲི་ལྔ་བཅུ་ཅན་ཞིག་ལས་ཅི་ཡང་མེད།ད་རུང་ཀུང་སིའི་མགོ་བ་གཙོ་བོར་འདུག་ཐུབ་མིན་ལའང་སེམས་ཁུར་ཆེ།ངའི་སློབ་གྲོགས་དང་ན་མཉམ་ཚོའི་ཁྲོད་དུ་ཕྱུག་པོར་ཆགས་ཡོད་མཁན་མང་པོ་འདུག ཁ་ཤས་ལ་ཁང་པ་གསུམ་བཞི་དང་རླངས་འཁོར་གཉིས་གསུམ།གསོག་དངུལ་སྒོར་ཁྲི་སྟོང་ལ་ཉེ་བ་ཡོད།དེ་ཚོ་དང་བསྡུར་ན་ང་ནི་སྤྲང་པོ་སྤྲང་ནག་ཅིག་རེད།དེ་བས་མུ་མཐུད་དུ་འབད་བརྩོན་བྱེད་དགོས།ཇི་ལྟར་འབད་བརྩོན་བྱས་ཀྱང་གྲུབ་འབྲས་མི་ཐོན་པ་འདི་ཅི་རེད།······”

“དེ་འདྲའི་སྒོར་མོ་མང་པོ་ཞིག་བཙལ་ནས་ཅི་ཞིག་བྱེད་འཆར་ཡོད།དེ་སྡུག་བསྔལ་དང་ཁུར་པོ་རེད་ལ།མ་མཐའ་ཡང་ངའི་འཚོ་བ་དང་ཁ་ཁ་སོ་སོ་རེད།རྩྭ་ཐང་དང་ཕྱུགས་ཟོག་གི་དྲིན་ལ།ངའི་འཚོ་བའི་ཐད་དཀའ་ངལ་ཅང་ཡོང་མ་མྱོང་།ཚེ་གང་པོར་སྐྱིད་ཅིང་བདེ་ཐལ་ཟེར་ན་མི་ཆོག་པ་ཅི་ཡོད།ད་ནས་བཟུང་སྐྱིད་འདི་མུ་མཐུད་དུ་རྟག་མིན་སུས་ཀྱང་བཤད་དཀའ།དཀོན་མཆོག་གསུམ་པོས་མཁྱེན།བླ་མ་བཀའ་དྲིན་ཅན་ཚང་གིས་མཁྱེན།”

རྒད་པོ་ཙ་ཙས་ནོ་ནོའི་སྐད་ཆའི་མཚམས་བཅད་ནས་དེ་ལྟར་བཤད་རྗེས་ལག་ཟུང་ཐལ་མོ་སྦྱར་ནས་གསོལ་འདེབས་བྱས།

“སྒོར་མོ་སྔོན་ལ་བཙལ་དགོས།འཆར་གཞི་རྗེས་ནས་བཟོ་དགོས།ང་ལ་མཚོན་ན་ཤོག་སྒོར་གྱི་དྲི་མར་བསྣམས་ནས་འདུག་ཐུབ་ན་དེ་བདེ་སྐྱིད་ཅིག་རེད། འོ་ན་ཁྱོད······ བཤད་སྟངས་ལ་བལྟས་ན་ཁྱོད་ཀྱི་འཚོ་བ་བདེ་སྐྱིད་ལྡན་པ་ཞིག་ཡིན་ས་རེད།དེས་ན་ཁྱོད་ཁྱིམ་ཚང་ཕྱུག་པོ་ཞིག་ནས་ཡིན་རྒྱུ་རེད་པཱ།ཁྱོད་ལྟ་བུ་ཞིག་གིས་གནའ་གཡུ་དང་ལག་རྟེན་ཞིག་ལ་སེར་སྣ་བྱེད་དགོས་དོན་མེད་ཁ།”

“མེད་པོ་ཞིག་མིན།ནོར་ལྔ་བཅུ་ལྷག་དང་ལུག་ཉིས་བརྒྱ་ལྷག་ཡོད་ལ།རྟ་རྒོད་མ་བཅུ་ཙམ་ཡོད།གཞན་ངོ་འཚོ་མི་དགོས་ལ།གཞན་ལ་ལག་པ་བཟེད་མི་དགོས་པར་འཚོ་བ་སྐྱིད་པོ་ཞིག་རོལ་བཞིན་ཡོད།ང་རང་ཡིད་ཚིམས་ནས་ཡོད།”

“ཁྱོད་མེད་པོ་སྣང་སྐྱིད་ཅིག་རེད།གཡུ་དང་ལག་རྟེན་ང་ལ་ཚོངས་དང་།ངས་ཁྱོད་རྒྱུ་མགོར་འཕུད་ཡ།ངོ་མ་བཤད་ནི།”

“གསར་བུ། ངས་བཤད་ཟིན། མི་བཙོང་ཁོ་ཐག་ཡིན།”

རྒད་པོ་ཙ་ཙས་མཐེབ་རྒན་གྱིས་ཕྲེང་བ་འདེད་ཞོར་ཁ་ནས་ཁ་ཏོན་ལྡིར་ལྡིར་དུ་འདོན་གྱིན་འདུག ནོ་ནོས་མུ་མཐུད་དུ་ཁོའི་ལག་ནས་གཡུ་དང་ལག་རྟེན་ཉོ་ཆེད་སྐད་ཆ་སྣ་ཚོགས་རྗོད་ཀྱིན་འདུག འོན་ཀྱང་ཁོའི་སེམས་ཁ་བསྒྱུར་རྒྱུ་ནི་དཔེ་མི་སྲིད་པ་འདྲ།

“ཡ······ ཁྱོད་ཀྱིས་འདུག་གི་མི་འཇུག་གི། ངས་ད་དུང་ཐེངས་གཅིག་ལ་བཤད། ངས་མི་བཙོང་ཁོ་ཐག་ཡིན།

ཡིན་ཡང་།ཁྱོད་ལ་དེ་འདྲའི་དགོས་མཁོ་ཞིག་ཆེ་ན།ངས་ལག་རྟེན་འདི་ཁྱོད་ལ་བྱིན་ཆོག ལག་རྟེན་འདི…… སྤྱིར་ཡིན་ན།རང་ཉིད་འཆི་ཁར་བླ་མ་རིན་པོ་ཆེ་ཚང་ལ་དབུལ་འདང་ཡོད།ད་འདིས་ཁྱོད་ལ་ཕན་ཞིག་ཐོགས་ན་དེའང་འགྲིག་གི།བླ་མ་རིན་པོ་ཆེས་མཁྱེན་ཡོད་ནི་རེད། འདི······”

རྒད་པོ་ཙ་ཙས“མེད་པོ་སྣང་སྐྱིད”ཅེས་པའི་སྐད་ཆ་དེ་ཐོས་མ་ཐག་ཅུང་ཟད་མ་དགའ་མོད།ནོ་ནོས་ཡང་དང་ཡང་དུ་གཡུ་དང་ལག་རྟེན་ཚོངས་ཞེས་འདུག་ཏུ་མ་བཅུག་པས་འུ་ཐུག་པའམ་ཐབས་ཟད་པ།ཡང་ན་འདང་ཕོག་པ་གང་ཡིན་མི་ཤེས་ཀྱང་ཁོས་སྐད་ཆ་དེ་ལྟར་ཤོར།ཁོས་ལག་རྟེན་ཁུར་པོའི་སྟེང་ནས་བླངས་ཏེ་ནོ་ནོར་བྱིན།སྐད་ཆ་དེས།ཡང་ན་སྤྱོད་པ་དེས་གྲོང་ཁྱེར་ནས་ཐོན་པའི་ནོ་ནོ་གྲག་མེད་དུ་བཏང་བྱུང་།ཐ་ན་བཀའ་དྲིན་ཆེ་ཞེས་པའི་གྲོང་ཁྱེར་བའི་ཁ་ལ་ལོབས་པའི་སྤྱི་འགྲོས་རང་བཞིན་གྱི་སྐད་ཆ་དེའང་བརྗེད་ཟིན་པ་འདྲ།

“འོ······ འུ་གཉིས་འདུག་སའི་མེ་འཁོར་ཐོན་ལ་ཉེ།”

ནོ་ནོས་དེ་ལྟར་བྲེལ་མ་དལ་གྱིས་བཤད་དེ་རང་གི་པ་སེ་ལ་ཐེངས་གཅིག་བལྟས་རྗེས་ཡར་ལངས་ཏེ་མདུན་ཕྱོགས་ཀྱི་གྲལ་སྟར་རིང་པོ་དེའི་གཞུག་ཏུ་བསྒྲིགས།ཁོས་རྒད་པོ་ཙ་ཙའི་ལག་ནས་ལག་རྟེན་དེ་བླངས་མ་བྱུང་།གཅིག་བྱས་ན་ལེན་རྒྱུ་བརྗེད་སོང་བ་ཡིན་ཡང་སྲིད།གང་ལྟར་ཁོ་ཡང་བསྐྱར་ཁ་པར་གྱི་ནང་ལ་ཟུག་འདུག

རྒད་པོ་ཙ་ཙས་ཀྱང་ལྷམ་གོན་ཏེ་ཁུར་པོ་ཁུར།གནའ་གཡུ་དེ་ཚི་ལེན་དཀར་པོའི་གོང་བའི་ནང་ཕྱོགས་སུ་བསྡུ་ཙམ་བྱས་ཏེ་ལག་རྟེན་བླངས་ནས་པ་སེ་ཞིབ་བཤེར་བྱེད་ས A2 ཕྱོགས་སུ་སོང་།

པ་སེ་ཞིབ་བཤེར་བྱས་རྗེས་མེ་འཁོར་དུ་འབུད་སའི་སྟེགས་བུར་སླེབས།རྒད་པོ་ཙ་ཙ་འདུག་སའི་མེ་འཁོར་དེ་ཤར་ནས་ཡོང་གིན་ཡོད་ལ།ནོ་ནོ་འདུག་སའི་མེ་འཁོར་དེ་ནུབ་ནས་ཡོང་གིན་ཡོད།མེ་འཁོར་དུ་འབུད་ཁར་ཁོ་གཉིས་ཀས་སྐད་ཆ་གཅིག་རེ་ཕན་ཚུན་ལ་བཤད།

“ངའི་མིང་ལ་ནོ་ནོ་ཟེར།”

“ངའི་མིང་ལ་ཙ་ཙ་ཟེར།”

ནོ་ནོ་བསྡད་པའི་མེ་འཁོར་དེ་ཤར་དུ་བརྒྱུགས། ཙ་ཙ་བསྡད་པའི་མེ་འཁོར་དེ་ནུབ་ཏུ་བརྒྱུགས།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།