ཀྲུང་གོ་བོད་ཀྱི་དྲ་བ།

རྨ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : སངས་རྒྱས་ཚེ་རིང་།   སྤེལ་དུས། : 2021-02-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཤུ—

ཡང་རླུང་བུ་ལྡང་བྱུང་། སྔར་དུས་ཤར་ནས་ནུབ་ཏུ་ལྡང་བཞིན་པའི་རླུང་བུ་དེ་ད་ལྟ་ལྷོ་ནས་བྱང་ལ་ལྡང་བྱུང་།

རླུང་བུ་འདིར་རང་དབང་ལྡན་པ་ལ་ཨང་།

འོ་རེད་ཡ། རླུང་བུའི་ཁ་ཕྱོགས་འགྱུར་བ་ན། རླུང་བུའི་ཁྲོད་ཀྱི་འགྱིག་ཤོག་དེ་ཡང་ལྷོ་ནས་བྱང་དུ་སྐྱོམ་མགོ་བརྩམས་བྱུང་། འགྱིག་ཤོག་ལེབ་མོ་འགའ་ཞིག་རླུང་བུའི་ཁྲོད་དུ་འབྲངས་ཏེ་མཐོན་མཐིང་ནམ་མཁའི་དབྱིངས་སུ་མཐོ་ནས་མཐོ་རུ་འཕགས་པ་ན། རིམ་གྱིས་དགོན་པའི་ཚ་ཁང་གི་ཀླད་ལ་སླེབས་བྱུང་། དགོན་པ་དེ་གར་ང་རང་ཟླ་གསུམ་རིང་ལ་ཚོགས་ལ་ཞུགས་ཏེ་ཚོགས་ཆེན་ཞལ་ངོའི་ངར་སྐད་འོག་ནས་སྐྱིལ་ཀྲུང་དུ་བསྡད། དེ་དུས་ངའི་འཕོངས་ཚོས་ན་རྨ་འདི་མེད་མོད། ཡུན་རིང་སྐྱིལ་ཀྲུང་ལ་བསྡད་ན་དཀའ་བ་ལ་ཨང་། ཚ་ཁང་འགྲམ་གྱི་གཞུང་ལམ་དེ་ནི་རྫོང་ཐོག་ལ་འགྲོ་སའི་ལམ་ཡིན་ལ། ང་རང་དགོན་པའི་ཚོགས་ལ་ཞུགས་ཡོད་པའི་སྐབས་དེར། ནམ་རྒྱུན་ཚ་ཁང་དེ་བརྒྱུད་ནས་རྫོང་ཐོག་ལ་སོང་བ་མིན་ནམ། ཚ་ཁང་དེ་ནས་རྫོང་ཐོག་བར་གྱི་ལམ་ནི་ངའི་གྲྭ་ཤག་ནས་ཚོགས་ཆེན་འདུ་ཁང་བར་གྱི་ལམ་ཐིག་ལས་ཀྱང་ང་ལ་གསལ་ཆ་ལྡན།

འོ། རྫོང་ཐོག་གི་ཧུའེ་རིགས་རྒན་པོ་དེའི་ཟ་ཁང་དེ་ད་ལྟ་ཡོད་སྲིད་དམ། དེ་དུས་ཧུའེ་རྒན་སྦྱིན་བདག་སྨྲ་ར་ཅན་དེས་ལོ་རྗེས་མར་ཁོ་རང་པེ་ཅིན་ལ་སྤར་རྒྱུ་ཡིན་ཞེས་བཤད་པས། ད་ལྟ་རྫོང་ཐོག་ན་ཅི་ལ་ཡོད་ཨང་། ཡིན་ཡང་གཅིག་བྱས་ན་ཡོད་ཀྱང་སྲིད་དེ། འཇིག་རྟེན་གྱི་བྱ་བ་ཡོད་ཚད་ནི་མིའི་ཁ་ནས་བཤད་པ་ལྟར་དོན་ཐོག་ལ་འཁྱོལ་ཐུབ་པ་ལྟ་བུ་ཞིག་ག་ལ་ཡིན། གལ་ཏེ་ཧུའེ་རྒན་དེའི་ཟ་ཁང་ད་དུང་བཞི་མདོའི་དཀྱོགས་མཚམས་དེ་རུ་ཡོད་ཚེ། ང་རང་དེ་གར་ཐེངས་ཤིག་འགྲོ་ཐུབ་ན་ལེགས་པ་ལ་ཨང་། ཟ་ཁང་ནང་གི་ཞབས་ཞུ་པ་བུ་མོ་དེ་སྔར་བཞིན་འཛུམ་མདངས་དང་བཅས་སྒོ་འགྲམ་ན་ཡོད་པ་མ་ཡིན་ནམ།

དགེ་རྒན་གྱིས་དེ་དུས་ང་ལ་ཁྱེད་ནི་བར་དོའི་རྣམ་ཤེས་འཁྱམ་པོ་བཞིན་འགྲོ་ས་ཞིག་ལ་འགྲོ་མི་ཐུབ། འདུག་ས་ཞིག་ནས་འདུག་མི་ཐུབ་ཅེས་གཤེ་གཤེ་བཏང་བ་དེ་ད་ལྟ་ད་དུང་ངའི་རྣ་ལམ་དུ་གྲག་གིན་འདུག དེ་དུས་ང་གཤེ་གཤེ་བཏང་བ་ལ་བློ་སྐྱོ་བ་ཞིག་གང་ན་ཡོད། དེ་ལས་ལྡོག་སྟེ་དགེ་རྒན་གྱིས་བཤད་པའི་བར་དོ་བ་དེར་ཡིད་སྨོན་ཤོར་མྱོང་སྟེ། དགེ་རྒན་གྱིས་ཁོ་རང་ཉི་མ་ལྷ་སར་ཐེངས་ཤིག་འགྲོ་བྱེད་དུ་བསགས་ཡོད་པའི་འབུལ་བ་དག་ངས་བརྐུས་ནས་ལྷ་སར་སོང་བ་མིན་ནམ། གལ་ཏེ་བར་དོ་བ་ཟེར་བ་དེ་ནི་འདུག་ས་ཞིག་ནས་འདུག་མི་ཐུབ་མཁན་ཞིག་དང་འགྲོ་ས་ཞིག་ལ་འགྲོ་མི་ཐུབ་མཁན་ཞིག་ཡིན་ན་དེ་ནི་ཏན་ཏན་ད་ལྟའི་ང་མིན་ནམ། ལོ་ཉི་ཤུའི་སྔོན་གྱི་ཡིད་སྨོན་བྱེད་སའི་བར་དོ་བ་དེ་ད་ལྟ་ང་རུ་གྱུར་སོང་བ་རེད། ཡིན་ཡང་བར་དོ་འདིའི་འཚོ་བ་ནི་ལོ་ཉི་ཤུའི་སྔོན་དུ་ངས་ཇི་ལྟར་ཤེས་ཨང་།

ནམ་ཞིག་ངའི་འཕོངས་ཚོས་ཀྱི་རྨ་འདི་དྲག་སོང་བ་ཡིན་ན······

བརྒྱ་ལོ་ཕྱིར་འདང་དང་འཆར་ཡན་གྱི་ཁྲོད་ནས་བགད་བྱུང་། གློ་བུར་བའི་དགོད་སྒྲ་དེས་ཁོ་རང་ལ་དོགས་མི་བདེ་བ་ཞིག་ཤར་དུ་བཅུག ཁོང་རང་བློང་བློང་པོར་གྱུར་ཏེ་ཉེ་འཁོར་ལ་མིག་སོ་བྱེད་བཞིན་འཕོངས་ཚོས་ཀྱི་རྨ་རུལ་ལ་རེག་ཙམ་བྱས་རྗེས། ཡང་བསྐྱར་གཙང་ཆུའི་ཕ་རོལ་གྱི་དགོན་པ་དང་། དགོན་པའི་འདབས་ཀྱི་ཚ་ཁང་། ཚ་ཁང་འགྲམ་གྱི་སྐྱ་ཐག་ཐག་གི་གཞུང་ལམ་དེ་དག་ལ་རེ་རེ་བཞིན་དལ་གྱིས་མིག་སོ་འཕངས།

བརྒྱ་ལོས་གདོང་ཁ་འདི་རུ་རྨ་རུལ་མང་པོ་ཞིག་གི་རྫི་བོ་བྱེད་བཞིན་ཡོད་མོད། རྨ་རུལ་དག་ལ་བདུད་ཀྱི་རྐང་ལག་བཅོ་བརྒྱད་དང་ལྡན་པས་བརྒྱ་ལོས་རེ་རེ་བཞིན་མཐའ་ནས་བསྐོར་ནའང་བོར་བརླག་ངེས་ཅན་རེ་ཤོར་འགྲོ། དེ་རིང་ཁོས་བོར་བརླག་ཤོར་བའི་རྨ་རུལ་དག་འཚོལ་ཆེད་རླུང་དང་སྨུག་ནག་བརྒྱུད་དེ་སོང་སོང་ཡང་སྨུག་ནག་ཅིག་ལས་ཅི་ཡང་མེད་པའི་ཐང་སྟོང་ཞིག་ཏུ་ཐོན་འདུག ཐང་སྟོང་ཟེར་ཡང་དོན་དུ་དེ་ནི་གནམ་ས་དབྱེར་མེད་པའི་སྟོང་ཁམས་ཤིག་རེད། དེ་ན་རྩྭ་རྩི་ཤིང་དང་རི་དྭགས་གཅན་གཟན་ཅི་ཡང་མེད་པར་སྨུག་ནག་ཅིག་གིས་ཡོངས་སུ་བཏུམས་འདུག

གློ་བུར་དུ་སྨུག་པའི་སྲུབས་ནས་ཁོང་གི་ཕ་འདས་པོ་དང་མ་འདས་པོ། ད་དུང་གཉེན་ཉེ་འདས་པོ་མང་པོ་ཞིག་རླུང་ལྟར་ཁོའི་མདུན་དུ་གཡོས་བྱུང་། ཧ་ལས་དགོས་པ་ཞིག་ལ་ཚང་མས་འཕོངས་ཚོས་ཕྱི་ལ་ཕྱུང་འདུག བརྒྱ་ལོས་ཁོ་ཚོའི་ཕྱི་ལ་ཕྱུང་ཡོད་པའི་འཕོངས་ཚོས་དག་མཐོང་མ་ཐག་ད་གཟོད་ཁོ་ཚོའི་འཕོངས་ཚོས་ནི་རང་གིས་བོར་བརླག་ཏུ་སོང་བའི་རྨ་རུལ་དག་འཚོལ་ཆེད་ཕྱི་ལ་ཕྱུང་བ་ཡིན་པ་དྲན་པས་དོགས་མི་བདེ་བ་ཞིག་སྐྱེས། ཁོས་གྲལ་དེའི་ནང་ན་ད་དུང་ཁོ་རང་ཉིད་ཀྱང་ཡོད་པ་མཐོང་བྱུང་། ཁོས་རང་ཉིད་ཀྱང་རླུང་ལྟར་གཡོ་བྱུང་བ་མཐོང་མོད། ཕྱི་ལ་ཕྱུང་ཡོད་པའི་འཕོངས་ཚོས་སུ་རྨ་རུལ་དེ་མེད་པ་མཐོང་མ་ཐག་དངངས་ཚབས་ཆེན་པོ་སྐྱེས་ཏེ་ཕྱོགས་ངེས་མེད་དུ་འཚོལ་དུ་སོང་། སྨུག་ནག་ནང་མུ་མཐུད་དུ་འཚོལ་དུ་སོང······

བརྒྱ་ལོས་གདོང་ཁ་འདི་ནས་རང་གི་འདས་དོན་མང་པོར་ཕྱིར་དྲན་བྱེད་ཀྱིན་ཡོད་པ་དང་ཕྱིར་དྲན་བྱེད་བཞིན་དུ་གཉིད་ཅོག་རྒྱག་གིན་འདུག གཉིད་ཅོག་གི་ཁྲོད་ནས་ཁོ་ལ་རྨི་ལམ་ཡང་མང་པོ་ཞིག་རྨི་བཞིན་ཡོད།

ཉིན་འདི་འགའི་རིང་བརྒྱ་ལོའི་ཐང་བུ་སྐྱབས་ཁོ་ཡང་དང་བསྐྱར་དུ་བརྒྱ་ལོར་ལྟ་རུ་ཡོང་བ་དང་། ད་རུང་ཞང་སྡེའི་སྨན་ཁང་ནས་སྨན་ཤོག་ཐུམ་གང་རེ་ཁྱེར་ཡོང་སྟེ་བརྒྱ་ལོའི་འཕོངས་ཚོས་ཀྱི་རྨ་རུལ་དེ་གསོ་བྱེད་དུ་བྱིན་པ་རེད། སྐྱབས་ཁོས་སྨན་ཁྱེར་ཡོང་བའི་ཉིན་དེ་ནས་བཟུང་བརྒྱ་ལོར་དགོང་མོར་གཉིད་ཡོང་གིན་མེད། ནམ་ལངས་ནས་བྱ་བྱིའུ་སོགས་གྲག་ཡོང་དུས་ད་གཟོད་ཅི་ཞིག་ནས་དུབ་ཡོང་སྟེ་དལ་མོར་གཉིད་འགྲོ་ནའང་ཉིན་གུང་གི་མཚམས་སུ་ནམ་རྒྱུན་གྱི་རྨི་ལམ་དེ་ལས་སད་ཡོང་། རྨི་ལམ་ལས་སད་མ་ཐག་ཁོང་གིས་མགྱོགས་མྱུར་གྱིས་ཁོའི་འཕོངས་ཚོས་ཀྱི་རྨ་དེ་ཡོད་མེད་ལ་ལག་སྙོབ་བྱེད་པ་ཡིན། ཉིན་འདི་འགར་ཁོང་གི་རྨི་ལམ་དུ་འཕོངས་ཚོས་ཀྱི་རྨ་རུལ་དེ་བོར་བརླག་ཏུ་སོང་བ་དང་།

“ཇེ་ཆུང་དུ་གྱུར་སོང་བ་མ་ཡིན་ནམ།”

ཁོ་རང་གློ་བུར་དུ་བྲེལ་འཚུབ་ཆེན་པོ་ཞིག་སྐྱེ་བཞིན་སྔས་མགོར་ལག་སྙོབ་བྱེད། ཁོ་རང་ཆུ་ནང་གི་སྦལ་བ་ཞིག་དང་འདྲ་བར་ལག་པ་གཉིས་ཀ་ཕྱོགས་གཉིས་སུ་བསྲིངས་ནས་ལག་སྙོབ་བྱེད་ཀྱིན་འདུག གློ་བུར་དུ་ཁོང་གིས་ཅི་ཞིག་རྙེད་བྱུང་བ་འདྲ། ཉལ་ཐུལ་འོག་ནས་མེ་ལོང་གོར་གོར་ཞིག་བླངས་བྱུང་། ཁོང་གིས་མེ་ལོང་དེ་རང་གི་འཕོངས་ཚོས་ལ་བསྐོར་ནས་རྨ་རུལ་དེར་བལྟས། སྐེ་ཕྱིར་བཀུག་ནས་ལྟ་བཞིན་ཡོད་ཀྱང་ཆེ་ཆུང་དེ་ཁ་སང་དང་ཕལ་ཆེར་འདྲ་བས་སེམས་ལ་བདེ་ཙམ་བྱུང་ཡང་དབུགས་དབྱུང་དེ་དང་བསྟུན་ནས་ཁོ་ལ་སེམས་ཁྲལ་གཞན་ཞིག་ཡོད་པའང་འཕོངས་ཚོས་ཀྱི་རྨ་རུལ་དེའི་ཆེ་ཆུང་ཁ་སང་དང་འདྲ་བ་དེ་ཡིན།

རྨ་རུལ་དེ་མིན་ན་ཁོ་རང་ཕྱིའི་རླུང་བུ་དང་འདྲ་བར་གང་འདོད་ལྟར་ཕྱོགས་ངེས་མེད་ལ་འགྲོ་ཆོག བརྒྱ་ལོས་ཉིན་བཞིན་ཁང་པ་འདིའི་ནང་ནས་ཕྱིའི་རླུང་སྒྲ་ལ་མཉན་ནས་ཉི་མ་སྐྱེལ་བཞིན་ཡོད། འུར་འུར་དུ་ལྡང་བའི་རླུང་སྒྲ་དག་ནི་ཁོ་ལ་མཚོན་ན་ཕྱིའི་འཇིག་རྟེན་འཆར་ཡན་དུ་སྦྱིན་པའི་སྐལ་བ་རེ་རེ་ཡིན། ཁོ་རང་གི་འཕོངས་ཚོས་ཀྱི་རྨ་རུལ་ཆེ་རུ་གྱུར་ནས་ཕྱི་ལ་འགྲོ་མ་ཐུབ་པའི་ཉི་མ་དེ་ནས་བཟུང་ཁོང་གིས་ཕྱིའི་རླུང་སྒྲ་ལ་མཉན་ནས་སུན་སྣང་གིས་ཁེངས་པའི་ཉི་མ་རེ་རེ་བསྐྱལ་བ་རེད། ད་ལྟ་ཁོས་རླུང་ཆེ་ཆུང་གི་སྒྲ་རེ་རེ་ལ་རང་ཉིད་ཀྱི་འགྲུལ་བཞུད་ཀྱི་ལམ་ཐིག་རེ་རེ་བཀོད་སྒྲིག་བྱེད་ཀྱིན་ཡོད།

སྒེའུ་ཁུང་དུ་སྦྱར་བའི་འགྱིག་ཤོག་དལ་གྱིས་སྒུལ་བའི་རླུང་བུ་ནི་ཁོ་རང་རྫོང་ཐོག་དང་རྫོང་གི་ཉེ་འགྲམ་དག་ལ་འཁྱམ་དུ་འགྲོ་བ་ཡིན་ལ། བཤགས་རལ་དུ་གྱུར་པའི་འགྱིག་ཤོག་གི་སྣེ་གཡས་ངོས་ཀྱི་གྱང་ལྡེབས་དང་གཡོན་ངོས་ཀྱི་དྲ་མིག་ཏུ་རྡེབ་པའི་རླུང་བུ་ནི་བླ་བྲང་སོགས་ལ་འཁྱམ་དུ་འགྲོ་བ་དང་། འགྱིག་ཤོག་གི་སྣེ་དྲང་མོ་ཁང་པའི་ནང་ལ་འདེད་པའི་རླུང་བུ་ནི་སྐུ་འབུམ་སོགས་ལ་འཁྱམ་དུ་འགྲོ་བ། རྡུལ་འཚུབ་དྲ་མིག་གི་གད་སྲུབ་ནས་ནང་དུ་འཚིང་ནས་འུར་འུར་དུ་ལྡང་བའི་རླུང་སྒྲ་ནི་ལྷ་ས་དང་རྒྱལ་ས་པེ་ཅིན་སོགས་ལ་འགྲོ་བ་ཡིན།

ཁོས་དེ་ལྟར་རླུང་གི་ཕོ་ཉ་ལ་བརྟེན་ནས་རང་གི་སེམས་པ་དང་འཆར་ཡན་དག་རང་ཉིད་འགྲོ་འདོད་པའི་ས་ཆ་དག་ལ་སྐྱེལ་མ་བྱེད་ཀྱིན་ཡོད། འདི་ལྟར་བྱས་ཀྱང་ཁོས་རང་ཉིད་འགྲོ་མི་ཐུབ་པ་འཕོངས་ཚོས་ཀྱི་རྨ་རུལ་དེ་ལ་ལེ་བདའ་བྱེད་བཞིན་ཉིན་ཞིག་ལ་རྨ་རུལ་དེ་དྲག་འགྲོ་བར་རེ་བ་བཅངས། ཡིན་ཡང་རེ་བ་འདི་ཁོང་གིས་ཐེངས་ག་འདྲ་ཞིག་ལ་བར་སྣང་གི་འཇའ་ཚོན་བཞིན་བཀྲག་མདངས་དང་བསྟུན་ནས་ཡལ་བར་དོར་བ་རེད་ཨང་། ཁོས་ནམ་རྒྱུན་འདི་དག་བསམ་ཡོང་བའི་ཚེ་ན་འཇིགས་སུ་རུང་བའི་རྨི་ལམ་དེ་ལས་སད་བྱུང་བ་ནང་བཞིན་དངངས་སྐྲག་སྐྱེས་ཡོང་།

“ནམ་ཞིག་ལ་ངའི་ནད་འདི་དྲག་སོང་ཚེ་ང་ནི་གཞི་ནས་ཤི་སོང་བ་རེད······”

བརྒྱ་ལོས་ཁ་ནས་དེ་ལྟར་ཐེངས་རེ་ལ་ཟློ་ཞོར་ཡང་བསྐྱར་མེ་ལོང་བླངས་ནས་འཕོངས་ཚོས་ཀྱི་རྨ་རུལ་ལ་ལྟ་བ་ཡིན།

དེ་རིང་ཁོས་མེ་ལོང་བླངས་ནས་འཕོངས་ཚོས་ཀྱི་རྨ་རུལ་ལ་ལྟ་དུས་སྔོན་ལ་འདི་འདྲའི་སེམས་འགྱུ་མང་པོ་ཞིག་བརྒྱུད་མྱོང་བ་རེད་ཨང་། ཁོས་གཡས་ལྟ་གཡོན་ལྟ་མང་པོ་ཞིག་བྱས་རྗེས་གཞི་ནས་མཚམས་བཞག་སྟེ་སྔར་བཞིན་མགོ་སྔས་ཐོག་ཏུ་བཞག

བརྒྱ་ལོས་མགོ་བོ་སྔས་ཐོག་ཏུ་བཞག་རྗེས་ཕྱིའི་རླུང་བུར་ཉན་བཞིན་འཕོངས་ཚོས་ཀྱི་རྨ་རུལ་ལ་ལག་སྙོབ་བྱས།

བརྒྱ་ལོའི་ཕ་མ་གཉིས་ལ་གཞོན་དུས་སུ་བུ་ཕྲུག་མེད་མོད། བརྒྱ་ལོའི་ཨ་མ་ལོ་བཞི་བཅུར་ལོན་པའི་ལོ་དེར་གློ་བུར་དུ་བརྒྱ་ལོ་མངལ་དུ་འཁོར་བས་བརྒྱ་ལོའི་ཕ་མ་གཉིས་སྡེ་བའི་ཁ་འཆུ་འཁོར་བར་སྐྲག་ནས་ཁོ་རང་སྐྱེ་བའི་བར་དུ་སྒོར་མ་བུད་པ་དང་སྐྱེས་པ་ནས་བཟུང་ཕྱིར་མ་ཁུར་པས། བརྒྱ་ལོ་གསང་སྟབས་ཀྱིས་སྐྱེས་པ་དང་གསང་སྟབས་ཀྱིས་འཚར་ལོངས་བྱུང་། ཁོ་རང་ལོ་ཉི་ཤུའི་བར་དུ་ཀྲུང་གོའི་ནང་ལོགས་ཀྱི་གྲོང་ཁྱེར་ཅིག་ནས་སྔོན་ལ་སློང་མོ་བྱས། རྗེས་ནས་རྐུན་པོའི་ལས་ལ་ཞུགས་ཏེ་བསྡད་པ་ཡིན།

བརྒྱ་ལོ་ལོ་ཉི་ཤུ་ལོན་པའི་དབྱར་ཁ་དེར་དགོན་པའི་ནང་ནས་གྲྭ་པ་བྱས།

ལོ་དེར། ཁོས་དགེ་རྒན་གྱི་མཆོད་ཁང་ནས་ལྷ་ལྡན་གཙུག་ལག་ཁང་དུ་གསེར་བུམ་དཀྲུག་འདོན་གནང་བར་སྤྱོད་པའི་གསེར་བུམ་དང་བ་སོའི་བྱང་བུ་རྙིང་པ་ཆ་ཞིག་ཡོད་པ་དེ་དང་རྒྱ་གར་གྱི་སྒོར་མོ་བརྒྱ་ཅན་ཞིག་ཡོད་པ་དེ། ད་དུང་དགེ་རྒན་གྱི་ཚེ་འདིའི་རེ་བ་ཉག་གཅིག་པུ་སྟེ་ཉི་མ་ལྷ་སར་ཐེངས་ཤིག་འགྲོ་བར་བསགས་ཡོད་པའི་འབུལ་བ་དག་བརྐུས་ནས་བྲོས་སོང་།

ཁོས་ཡང་བསྐྱར་སྔས་མགོ་དང་མཐའ་སྐོར་དུ་ལག་སྙོབ་བྱེད་ཀྱིན་འདུག མ་གཞིར་ཁོང་གིས་མེ་ལོང་འཚོལ་བཞིན་ཡོད་ལ། ཁོང་གིས་ཡང་བསྐྱར་མེ་ལོང་འཕོངས་ཚོས་ལ་གཏད་ནས་རྨ་ལ་བལྟས་བྱུང་། དེ་ལྟར་སོབ་སོབ་ཏུ་གྱུར་པའི་རྨའི་གས་ཁའི་བར་ནས་ཟགས་ཡོང་བའི་ཆུ་སེར་དག་ལ་ཁོང་གིས་གཡས་ལྟ་གཡོན་ལྟ་བྱེད་བཞིན་ཡོད་པ་དང་། ཟམ་ཟིམ་དུ་ལྟ་བཞིན་པའི་མིག་མདངས་ལས་འཕོངས་ཚོས་ཀྱི་རྨ་རུལ་དེར་བཅངས་པའི་བརྩེ་བ་ཞིག་ཀྱང་མངོན་འདུག

བརྒྱ་ལོས་ཕྱིའི་རླུང་སྒྲ་ལ་ཉན་པ་དང་མེ་ལོང་གིས་འཕོངས་ཚོས་ཀྱི་རྨ་རུལ་ལ་ལྟ་བ་ནི་ཚེ་སྲོག་གི་རྒྱུན་ཐག་ཅིག་ལ་བསྒོམས་ཡོད།

“ངས་ཁྱོད་ལ་སྨན་བསྐྱལ་ནས་ཡོང་ཡོད།” ཐང་བུ་སྐྱབས་ཁོ་སླེབས་བྱུང་། ཁོང་གིས་སྒོ་འབྱེད་ཞོར་དུ་བྱང་ཆ་ལྡན་པའི་སྒོ་ནས་སྒོ་ཕྱིར་གཏན་ཏེ་ནམ་རྒྱུན་དང་འདྲ་བར་ཧ་ཅང་ཨུ་ཚུགས་དང་དངངས་སྐྲག་གི་སྒོ་ནས“དེ་རིང་ཅི་འདྲ་འདུག ཇེ་དགའ་ལ་ཡོང་གིན་ཡོད་དམ”ཞེས་སྙུན་འདྲི་བྱས། འདི་ནི་ཁོ་རང་ནམ་རྒྱུན་སྒོ་ནང་དུ་འཛུལ་མ་ཐག་དྲི་རྒྱུའི་སྐད་ཆ་དང་པོ་དེ་ཡིན་ལ། ཁོང་གིས་ཆེས་སེམས་ཁུར་བྱ་བ་དེའང་ཡིན། ཡིན་ཡང་ཁོ་ནི་བདག་པོའི་ངར་སྐད་རྣ་བར་བྱང་ཟིན་པའི་བོང་བུ་ཞིག་དང་འདྲ་བར་བརྒྱ་ལོའི་ཤི་མིན་གསོན་མིན་གྱི་རྣམ་པ་དེ་དུས་སྔོན་མ་དག་དང་བསྡུར་ན་མཚར་སྣང་དེ་འདྲ་མེད་པར་གྱུར་ཟིན།

སྐྱབས་ཁོ་ནང་ལ་ཡོང་བ་དང་མཉམ་དུ་སྦྲང་ནག་མགོ་དམར་གཅིག་འདར་ཡོམ་ཡོམ་གྱིས་ནང་ལ་འཛུལ་བྱུང་། སྦྲང་ནག་དེའི་མིག་དམར་ཟུང་དེ་མགོ་ལས་ཆེ་བ་ཞིག་ཡིན་པའི་དབང་གིས་བལྟས་ཚོད་ཀྱིས་མགོ་དམར་པོ་ཡིན་པ་དང་འདྲ། སྦྲང་ནག་དེས་ཐོག་མར་སྐྱབས་ཁོས་ཁྱེར་ཡོང་བའི་སྨན་དེའི་མཐའ་ལ་སྐོར་བ་ཞིག་བརྒྱབ། དེ་ནས་འདར་ཡོམ་ཡོམ་གྱིས་འཕུར་ཏེ་མཆོད་ཁང་གི་ཛམ་བྷ་ལའི་ངོས་ལ་བབས་ནས་ཅུང་ཙམ་བསྡད་པ་དང་། ཡང་བསྐྱར་འཕུར་ནས་བརྒྱ་ལོའི་ཐོག་ཏུ་སྐོར་བ་ཡང་ཡང་བརྒྱབ། དེ་ལྟར་ལན་གྲངས་འགའ་འགོར་རྗེས་མཇུག་མཐར་བརྒྱ་ལོའི་འཕོངས་ཚོས་མགོ་ལ་བབས་བྱུང་།

སྐྱབས་ཁོ་ནང་ལ་ཐོན་པ་ནས་བཟུང་བྱིའུ་ཚེར་མའི་མགོ་ལ་བབས་པ་བཞིན་རྣལ་དུ་མི་གནས་པར་སྒེའུ་ཁུང་ལས་ཕྱིར་ཐེངས་མང་བལྟས་བྱུང་། ད་ཐེངས་སྐྱབས་ཁོས་སྒེའུ་ཁུང་ཕྱི་ལ་ཐེངས་ཤིག་བལྟས་རྗེས་སྨན་ཁུག་དེ་ཐབ་འགྲམ་ལ་བཞག་ནས་སྒོར་བུད་སོང་། ཁོ་རང་སྒོར་སོང་བ་དང་མཉམ་དུ་སྦྲང་ནག་མགོ་དམར་དེ་ཡང་གང་ཞིག་དུ་མི་སྣང་བར་གྱུར་པ་དང་བསྟུན་ནས། བརྒྱ་ལོའི་འཕོངས་ཚོས་དང་ཁང་པ་ཆུང་ཆུང་འདིའི་ནང་ཡང་བསྐྱར་ཁུ་སིམ་མེར་གྱུར་སོང་།

ཕྱི་ན་རླུང་བུ་གཡུག་གིན་འདུག

རླུང་བུས་སྒེའུ་ཁུང་ངོར་སྦྱར་བའི་འགྱིག་ཤོག་དལ་གྱིས་སྒུལ་གྱིན་འདུག

ནམ་ཞིག་ངའི་འཕོངས་ཚོས་ཀྱི་རྨ་འདི་དྲག་སོང་བ་ཡིན་ན······

བརྒྱ་ལོས་ཕྱིའི་རླུང་གི་ཆེ་ཆུང་ལ་དམིགས་ནས་ཡང་བསྐྱར་རང་གི་འགྲུལ་བཞུད་ཅིག་གི་མགོ་རྩོམ་གྱིན་འདུག

སྨན་ཁུག་མ་གང་པོ་དེ་ནི་མ་གཞིར་ཁོ་གཉིས་ལ་མཚོན་ན་ལྷག་མ་ཞིག་ལས་མ་འདས། སྐྱབས་ཁོས་ནམ་རྒྱུན་སྨན་ཁུག་མ་གང་པོ་དེ་ཁྱེར་ནས་སྒོ་ནང་ལ་འཛུལ་བའི་སྐད་ཅིག་མ་དེར“ནམ་ཞིག་ཁྱེད་ཀྱི་ནད་འདི་དྲག་སོང་བ་ཡིན་ཚེ་ང་ནི་གཞི་ནས་ཤི་སོང་བ་རེད”ཅེས་སྙམ་ཡོང་། ལོ་དེར་སྐྱབས་ཁོས་བློ་བུར་དུ་ནོར་ལུག་ཚང་མ་རྩ་མེད་དུ་བཙོངས་ནས་གྲོང་ཁྱེར་དུ་གཞིས་སྡོད་བྱེད་པ་དེར་སྡེ་མི་ལ་ལ་ཡིད་སྨོན་འཆོར་བ་དང་། ལ་ལར་དོགས་གཞི་སྐྱེས།

སྐྱབས་ཁོས་ནམ་རྒྱུན་བརྒྱ་ལོར་སྨན་ཁྱེར་ནས་ཡོང་སྐབས་རྐུབ་སྟེགས་ལ་དྲོད་རྒྱས་ཁོམ་ཡང་མེད་པར་སྒོར་བུད་འགྲོ། ཁོ་རང་སྒོར་སོང་བ་དང་བསྟུན་ནས་སྦྲང་ནག་མགོ་དམར་དེའང་མི་སྣང་བར་གྱུར་འགྲོ། ད་ལྟ་ཁོང་གིས་དེ་ལྟར་རང་བཞིན་ནམ་གོམས་ལོབས་སུ་གྱུར་པའི་ངང་ནས་དྲིས་པ་དང་ལན་ལའང་མ་བསྒུགས་པར་ཡང་སྒོར་བུད་འགྲོ། དེ་ནི་དྲི་བ་དེའི་ལན་མ་གཞི་ནས་ཁོ་ལ་མཚོན་ན་གསལ་ཆ་ལྡན་པའམ་ཡང་ན་འདྲི་དོན་མེད་པའི་དྲི་བ་ཞིག་ཡིན་པ་དང་འདྲ་ལ། ཡང་ན་ཁོང་གིས་དྲི་བ་འདིའམ་དྲི་བ་གཞན་པ་ཞིག་གི་ལན་སྒོ་ཁ་རུ་འཚོལ་བཞིན་པ་དང་འདྲ། བརྒྱ་ལོས་ཀྱང་སྐྱབས་ཁོས་དྲི་བའི་ལན་ལ་རེ་བཅོལ་མི་བྱེད་པ་ནང་བཞིན་ཁོང་གིས་དྲི་བ་དེར་དོ་སྣང་སྤུ་ཙམ་ཡང་མི་བྱེད། དྲི་བ་དེ་ནི་ཁོ་གཉིས་ལ་མཚོན་ན་ཉི་མ་ཤར་ནས་ནུབ་ཏུ་བྱིང་འགྲོ་བ་ནང་བཞིན་དེ་ལས་རྒྱུན་ལྡན་ཞིག་མེད་པ་དང་འདྲ།

“ནམ་ཞིག་ལ་ངའི་ནད་འདི་དྲག་སོང་ཚེ་ང་ནི་གཞི་ནས་ཤི་སོང་བ་རེད།”

བརྒྱ་ལོས་ནམ་རྒྱུན་སྐྱབས་ཁོས་སྨན་ཁུག་མ་གང་ཉོས་ནས་ཁྱེར་ཡོང་བ་དེར་ལྟ་ཙམ་ཡང་མི་བྱེད་ལ་ད་ལྟ་སྒེའུ་ཁུང་ངོར་སྦྱར་བའི་འགྱིག་ཤོག་ལྷུག་ལྷུག་ཏུ་སྒུལ་གྱིན་ཡོད་ནའང་སྣང་དོད་བྱེད་ཀྱིན་མེད།

ལོ་དེར། བརྒྱ་ལོ་སྔོན་ལ་བླ་བྲང་ལ་བྲོས་ཏེ་ཉིན་བཞིའི་རིང་དགོན་པའི་མཐར་འཁྱམས་ནས་བསྡད་མོད། ཉོ་མཁན་ཞིག་ལ་མ་ཕྲད་པས་ཁོ་རང་ཟི་ལིང་དུ་བུད་སོང་། ཟི་ལིང་དུ་འབྱོར་བའི་ནུབ་མོ་དེར། ཁོ་ལ་ཧུའེ་རིགས་རྒན་པོ་ཞིག་གིས་ཡང་ཡང་བསྐུལ་བའི་མོད་ལ་དེའི་རྗེས་དེད་ནས་མགྲོན་ཁང་ཞིག་ཏུ་བསྡད།

“ཁྱེད་ཀྱི་ལག་མགོའི་ཙན་དན་གྱི་ཕྲེང་བ་དེ་ང་ལ་བཙོང་རོགས།”

“འདི་ངའི་དགེ་རྒན་གྱིས་གནང་བ་ཡིན། བཙོང་རྒྱུ་མིན། འདི་ཉོའམ།” བརྒྱ་ལོས་གཟབ་ནན་གྱིས“འདི་ཉོ་ན་འཚོང་རྒྱུ་ཡིན”ཞེས་བཤད།

“ནང་ལ་སོང་ནས་བཤད།” ཧུའེ་རྒན་དེ་ད་སོ་མའི་ཧད་འདུག་པའི་རྣམ་པ་དེ་ལས་སངས་རྗེས་ཧ་ཅང་ཉམས་མྱོང་ལྡན་པའི་ཚོང་རྒན་ཞིག་ཏུ་གྱུར་འདུག ཁོང་གིས་བཤད་པའི་སྐད་ཆ་དེ་ལ་ཐུན་མོང་མ་ཡིན་པའི་ལྷོད་ཆ་ཞིག་དང་བྱང་ཆ་ཞིག་ལྡན། ཧུའེ་རྒན་དེས་བརྒྱ་ལོ་ཁང་མིག་གཅིག་ཅན་གྱི་ཁང་པ་ཞིག་གི་ནང་ལ་བཞག་རྗེས་བྲེལ་མྱུར་གྱིས་སྒོར་བུད་སོང་། ཅང་མ་འགོར་བར་ཧུའེ་རྒན་དེས་མིག་ཤེལ་སྒྲོམ་མེད་ཅིག་ཐོགས་ཤིང་ལག་ཏུ་གློག་སྒྲོན་ཞིག་བཟུང་ནས་ཐོན་བྱུང་།

“ད་ངས་བལྟ།” ཧུའེ་རྒན་དེས་མིག་ཟིམ་ཟིམ་གྱིས་དེ་ལྟར་བཤད།

“སྒོར་ག་ཚོད་སྟེར་ཐུབ།” བརྒྱ་ལོས་དེ་ལྟར་དྲིས་བྱུང་ལ། ཁོས་དེ་ལྟར་ཚོད་བགམ་གྱི་ཚུལ་དུ་དྲིས་མོད་ཁོང་གིས་ཧུའེ་རྒན་དེ་ཡིས་མིག་ཤེལ་ཐོགས་ཤིང་གློག་སྒྲོན་ཁྱེར་ཡོད་པ་མཐོང་མ་ཐག་བཙོང་ཐུབ་པར་འདོད་དེ་སེམས་པ་དགའ་ཀྲོག་ཀྲོག་ཏུ་སོང་།

བརྒྱ་ལོས་གསེར་བུམ་དང་བ་སོའི་བྱང་བུ། གསེར་གྱི་རྡོ་རྗེ་བཅས་ཚང་མ་ཧུའེ་རྒན་དེར་བཙོངས་ཟིན། ཁོ་གཉིས་ལ་རིན་གང་གི་ཧེ་བག་ཅུང་ཙམ་བྱུང་བ་དེར་ཧུའེ་རྒན་གྱིས་བརྒྱ་ལོར་རིན་མེད་དུ་མགྲོན་ཁང་ནས་ཟླ་གཅིག་ལ་འདུག་ཆོག་པར་བྱས་པས་བརྒྱ་ལོས་ཐེ་ཚོམ་ཅི་ཡང་མེད་པར་ཁས་བླངས།

སྐྱབས་ཁོ་ཕྱིར་ཡོང་བ་དང་མཐུད་ནས་སྦྲང་མ་མགོ་དམར་དེའང་གང་ཞིག་ནས་འདར་ཡོམ་ཡོམ་གྱིས་འཕུར་བྱུང་། འདར་ཡོམ་ཡོམ་གྱིས་ཁང་པའི་ནང་ནས་འཕུར་སྐོར་ཞིག་བྱས་རྗེས་ཡང་མཆོད་ཁང་ནང་གི་ཛམ་བྷ་ལའི་ངོས་ལ་བབས་པ་དང་། ཅང་མ་འགོར་བར་ཡང་བསྐྱར་འདར་ཡོམ་ཡོམ་གྱིས་འཕུར་ནས་བརྒྱ་ལོའི་སྟེང་ལ་སྐོར་བ་ལན་འགའ་བྱས་རྗེས་འཕོངས་ཚོས་མགོར་བབས་བྱུང་།

“······”

སྐྱབས་ཁོ་ནང་ལ་ཕྱིར་ལོག་མོད་ཁོ་གཉིས་ལ་ཁ་བརྡ་ཅི་ཡང་མི་འདུག ཁོ་གཉིས་ཀྱིས་ཁང་པ་གྲུ་བཞིའི་ནང་གི་སྒྲ་ག་གེ་མོ་ཞིག་གམ། ཡང་ན་ཁང་པ་གྲུ་བཞི་འདིའི་གྲུ་ཟུར་ག་གེ་མོ་ཞིག་ནས་རླུང་བུའི་སྒྲ་ཕྲ་མོ་ཞིག་འཇམ་འཇམ་མམ་བསིལ་བསིལ་གྱིས་གཡུག་ཡོང་བར་བསྒུགས་ཡོད་པ་དང་འདྲ།

སྐྱབས་ཁོ་ཡང་སྒོར་བུད་སོང་། སྦྲང་ནག་དེའང་མི་སྣང་བར་གྱུར།

བརྒྱ་ལོས་ཡང་བསྐྱར་ཕྱིའི་རླུང་བུ་ལ་མཉན།

ལོ་དེར། བརྒྱ་ལོ་ཧུའེ་རྒན་དེའི་མགྲོན་ཁང་ནས་ཟླ་གཅིག་ལ་བསྡད་པའི་རིང་མགྲོན་ཁང་གི་གཙང་སྦྲ་བྱེད་མཁན་གྱི་རྒྱ་མོ་དེར་འདྲིས་པར་གྱུར་ཅིང་། ཆར་བ་ཤག་ཤག་ཏུ་འབབ་བཞིན་པའི་དགོང་མོ་ཞིག་ལ་ཁོང་གི་སྟོན་པའི་ན་བཟའ་ཡང་རྒྱ་མོ་དེའི་ལག་ནས་ཤོར་སོང་བ་རེད།

རྒྱ་མོ་དེའི་དཀར་ལ་འཇམ་པའི་གཟུགས་གཞི་དེ་བརྒྱ་ལོའི་ལུས་ལ་ཐུག་ཙམ་བྱས་པའི་མོད་ལ་ཁོང་གི་ལུས་ཡོངས་ཀྱི་རུས་པར་གས་སྲིབ་ཤོར་གྱིན་པའི་ཚོར་བ་ཞིག་བྱུང་བ་དང་། རྒྱ་མོ་དེའི་ལུས་ལ་ནེམ་ཤ་ལྡན་པ་དེ་ཆུའི་ནང་དུ་ལག་པ་བསྲིངས་པ་དང་འདྲ་ལ། འཇམ་པ་ནི་རླུང་ལ་ལག་པ་རེག་པའམ་ཡང་ན་ལག་པ་ཅི་ལའང་མ་རེག་པ་དང་གཉིས་སུ་མེད་པའི་སྣང་བ་ཞིག་ཤར། ཆར་བ་ཤག་ཤག་ཏུ་བབས་ཤིང་། ཆར་བའི་ཆུ་ཐིགས་རེ་རེ་ནི་སྔོན་ལ་དྲ་མའི་ངོས་སུ་ཤུགས་ཀྱིས་བརྒྱབ་པ་དང་། དྲ་མའི་ངོས་ཀྱི་ཆུ་ཐིགས་དེ་ཆུ་ཐིགས་ཆུང་བ་མང་པོར་ཐོར་རྗེས་ཀྱག་ཀྱོག་གིས་ཐུར་དུ་བཞུར་གྱིན་འདུག མཚམས་མཚམས་སུ་ཆར་བའི་རྡུལ་ཕྲན་རེས་དྲ་མའི་བུ་ག་གང་ཞིག་བརྟོལ་ནས་ཁོའི་ངོ་ལ་བབས་པ་ན་དེ་ནི་ཅི་འདྲའི་བསིལ་བ་ལའང་། ཤིན་ཏུ་བསིལ་བའི་ཆར་རྡུལ་ནི་ཁོའི་ངོ་ལ་ལྷུང་བའི་མེ་སྟག་ཅིག་དང་འདྲ་བར་ཚ་རེག་ཅན་ཞིག་རེད།

བར་བར་ལ་འབྲུག་སྒྲ་ལྡིར་ལྡིར་དུ་གྲག་པ་དང་། མཚམས་མཚམས་སུ་གློག་དམར་དཀར་ཆེམ་ཆེམ་དུ་འཁྱུག་པས། གློག་དམར་གྱི་དཀར་འོད་ནས་བརྒྱ་ལོས་རྒྱ་མོ་དེའི་ལུས་ཀྱི་ཆ་ཤས་ཤིག་གི་མདོག་ནི་དགུན་གྱི་འབྲི་མར་ལྟར་དཀར་བ་དང་། མགོའི་སྐྲ་ནི་འདམ་རྩྭ་བཞིན་འཁྱིལ་ཡོད་པ་མཐོང་ལ། འཛུམ་ཅུང་ཟད་བཀལ་བའི་ངོ་གདོང་གི་ཟུར་རེ་ཡང་རིག་ཡོང་།

ཆར་ཐིགས་རེ་རེ་དྲ་མའི་ངོས་ལ་ཤུགས་ཀྱིས་བརྒྱབ་པ་དང་། ཆར་རྡོག་གཅིག་ཆར་རྡོག་ཕྲན་བུ་མང་པོར་ཐོར་རྗེས་དྲ་མའི་ངོས་ནས་མར་བཞུར་གྱིན་འདུག ཀྱག་ཀྱོག་གིས་བཞུར་གྱིན་འདུག

དགོང་མོ་དེར་ཁོ་རང་མུན་པའི་ཞབས་གཏིང་ཞིག་ཏུ་ལྷུང་སོང་བ་ལྟར་ཅི་ཡང་མི་ཤེས་པར་གྱུར་ཟིན་མོད། ཤིན་ཏུ་བསིལ་བའི་ཆར་རྡུལ་ནི་ཁོའི་ངོ་ལ་ལྷུང་བའི་མེ་སྟག་རེ་རེ་དང་འདྲ་བར་ལན་གྲངས་མང་པོར་ཚ་བེར་བེར་བྱས་པ་དྲན་པའི་ངོས་སུ་ཧ་ཅང་གསལ།

ཕྱི་ཉིན་ནས་བཟུང་རྒྱ་མོ་དེས་ཁོང་གི་ཨ་ཕ་ན་བཞིན་ཡོད་པ་དང་། རྗེས་ཕྱོགས་ང་ཚོའི་འཚོ་བ་ཁྱེད་ལ་བརྟེན་དགོས་པ་རེད་ཅེས་བཤད་པ་ན་བརྒྱ་ལོ་བག་འཁུམས་སོང་། གློ་བུར་དུ་ཕྲག་སྟེང་ལ་འདི་འདྲའི་འགན་འཁྲི་ཞིག་ལྷུང་བྱུང་བ་ལ་བརྒྱ་ལོ་ཡོངས་སུ་བག་འཁུམས་སོང་། དེའི་དགོང་མོར་བརྒྱ་ལོས་རུམ་ན་ཁོ་རང་བསྡམས་ནས་ཉལ་འདུག་པའི་རྒྱ་མོ་དེར་བལྟས་ནས་འཚོ་བ་ཟེར་བ་དེར་དངོས་འབྲེལ་གཞུག་དགོས་པ་དང་། དེའི་མངར་སྐྱུར་ཁ་གསུམ་གདོང་གིས་བསུ་དགོས་པ་དྲན་ན་ཁོ་རང་སྐྲག་གིན་འདུག

ཕྱི་ཉིན་ནམ་ལངས་དུས། བརྒྱ་ལོ་བྲོས་ཟིན།

བརྒྱ་ལོས་སྐྱབས་ཁོ་སོང་ཟིན་པ་ཤེས་རྗེས་ཐབ་འགྲམ་ན་བཞག་པའི་སྨན་ཁུག་མ་གང་པོ་དེར་ཅེར་ནས་ཡུད་ཙམ་ལ་བསྡད་རྗེས་མགོ་བོ་ཡང་བསྐྱར་སྔས་ཐོག་ཏུ་བཞག སྐྱབས་ཁོ་སོང་བ་དང་མཉམ་དུ་འཕོངས་ཚོས་ཀྱི་སྦྲང་མ་མགོ་དམར་དེའང་མི་སྣང་བར་གྱུར་པས་ཁང་པའི་ནང་ཡང་བསྐྱར་ཁུ་སིམ་མེར་གྱུར་སོང་།

ལོ་དེར། བརྒྱ་ལོ་ཟི་ལིང་ནས་ལྷ་སར་བྲོས་སོང་།

ཁོས་རྒྱ་མོ་དེར་ཡི་གེ་ཞིག་བྲིས་ནས་བཞག་ཡོད་པ་དེའི་ངོས་སུ“ང་ཁྱེད་ལ་དགའ། འོན་ཀྱང་ངས་འཚོ་བ་རོལ་མི་ཤེས”ཞེས་བྲིས་ཡོད་མོད། ཁོང་གིས་ཡི་གེ་དེ་འབྲི་བཞིན་པའི་སྐབས་དོན་ངོ་མར་ཁོ་རང་ནི་འཚོ་བར་སྐྲག་ཟིན་པ་སུ་ལས་ཀྱང་གསལ་ཨང་།

ཁོ་རང་ལྷ་སར་འབྱོར་རྗེས། ལྷ་ས་གྲོང་ཁྱེར་གྱི་རྡོ་སོལ་སྐྱེལ་འདྲེན་ས་ཚིགས་ཤིག་ནས་གླ་བ་བྱེད་བཞིན་བསྡད་མོད། ཁོ་རང་ལས་ཀ་དེར་གཏན་ནས་མི་དགའ། གཅིག་ནས་དཀའ་ཚགས་ཧ་ཅང་ཆེ་བ་དང་། གཉིས་ནས་ཉིན་གང་པོར་གླ་བྱས་པའི་ཕོགས་ཀྱིས་ཉིན་གཉིས་ཀྱི་ཟས་ཡོན་ལས་ལེན་མི་ཐུབ་པས་རེད། ཁྱེད་ཅག་གིས་ཉིན་གང་པོར་ལས་ཀ་བྱས་པའི་ཕོགས་དེ་ཉིན་གཉིས་ནང་ཟས་རིན་གྱིས་རྫོགས་འགྲོ། དེ་ལས་ཉིན་གཅིག་ལ་ཉལ་ནས་བསྡད་ན་ཉིན་གཉིས་ལ་ཟ་མ་མ་ཟས་ཀྱང་སྐྱིད་པོ་རེད་ཅེས་བཤད་དེ་བསྡད་མོད། མཇུག་མཐར་ཁོ་རང་བཀྲེས་ལྟོགས་ཀྱིས་མ་བཟོད་པར་ལྷ་ལྡན་གཙུག་ལག་ཁང་གི་སྐོར་ལམ་ནས་མཇལ་བ་དང་གནས་སྐོར་པར་སློང་མོ་ལ་བརྟེན་ནས་ལྟོ་བ་འགྲོ་ཐབས་བྱས། ཡིན་ཡང་ཅང་མ་འགོར་བར་ལྷ་ས་གྲོང་ཁྱེར་གྱི་སློང་མོ་པ་དང་སྡོམ་པོ་འཁྱམ་པོ་ཚང་མ་རང་རང་གི་ཡུལ་ལ་ཕྱིར་འདྲེན་དགོས་པའི་བརྡ་ཐོ་ཞིག་ཐོན་པས་ཁོ་ཕྱིར་ཕ་ཡུལ་ལ་དྲངས་བྱུང་། དེ་ནི་ཁོ་རང་ཕ་ཡུལ་དང་བྲལ་བའི་ལོ་དྲུག་པ་རེད།

ཁོ་རང་ཟི་ལིང་གི་རྒྱ་མོ་དེ་དང་མཉམ་དུ་བསྡད་པའི་ཕྱི་ཉིན་ནས་བཟུང་ཁོང་གི་འཕོངས་ཚོས་སུ་རྨ་ཞིག་བུད་བྱུང་། ད་ལྟ་རྨ་དེ་རྨ་རུལ་དུ་གྱུར་ནས་ཁོང་གི་འགྲོ་འདུག་ལ་དཀའ་ལས་ཆེན་པོ་བཟོས་འདུག ཕྱིར་ཐོན་རྗེས་སྡེ་དཔོན་གྱིས་ཆེད་དུ་འཚོ་བའི་རམ་འདེགས་སུ་ཞང་སྲིད་གཞུང་ལ་རེ་ཞུ་བྱས་པར་བརྟེན་འཚོ་བའི་རོགས་དངུལ་ཐོབ།

ཁོང་གིས་སྨུག་པ་ནག་པོ་དེའི་ཁྲོད་ནས་ད་དུང་མི་གཞན་ཞིག་ཡོད་པ་རིག་བྱུང་།

“ཁྱེད་ཀྱིས་ངའི་རྨ་རུལ་ཞིག་རིག་བྱུང་ངམ།”

“······”

“ཁྱེད་ཀྱིས་ཀྱང་རྨ་རུལ་གྱི་རྫི་བོ་བྱེད་ཀྱིན་ཡོད་དམ།”

“······”

“ཁྱེད་ཀྱི་རྨ་རུལ་འདི་ངའི་རྨ་རུལ་རེད།”

“ངའི་འཕོངས་ཚོས་ཀྱི་རྨ་རུལ་ཡིན།”

“ཁྱོད་ལ་འཕོངས་ཚོས་མེད་པར་རྨ་རུལ་ཞིག་གང་ནས་འོངས།”མི་དེའི་རྐུབ་སྟོང་བ་ཞིག་ཏུ་སྣང་།

“ང་ལ་འཕོངས་ཚོས་གཉིས་ཡོད།”

མི་དེས་དེ་ལྟར་བཤད་རྗེས་བརྒྱ་ལོའི་ཕྱོགས་སུ་འཁོར་བྱུང་། མི་དེ་ལ་དངོས་འབྲེལ་འཕོངས་ཚོས་གཉིས་འདུག་སྟེ། འཕོངས་ཚོས་གཉིས་ཀ་བརླ་ཆེན་གྱི་ཕྱོགས་གཉིས་སུ་འབྱར་འདུག དེ་ནི་བརླ་ཐོག་ཏུ་ཏ་ལེན་ཞིག་འཕངས་ཡོད་པ་དང་གཉིས་སུ་མེད་པར་བརླ་ཆེན་གྱི་ཕྱོགས་གཉིས་ཀ་འབུར་འདུག ཅང་མ་འགོར་བར་རྨ་རུལ་ཁྱུ་དང་ཁྱུ་མི་དེའི་འཕོངས་ཚོས་སུ་འགོས་འགྲོ་བ་དང་མི་དེའང་ཡུན་གྱིས་སྨུག་པའི་སྲུབས་སུ་འཐུམ་པར་གྱུར།

“སྐྱབས་ཁོ་མིན་ནམ།”

བརྒྱ་ལོར་མི་དེ་གསལ་ལ་མི་གསལ་བའི་སྒོ་ནས་སྐྱབས་ཁོ་ཡིན་པའི་སྣང་བ་ཤར་ལ། རྨ་རུལ་དག་རེ་རེ་བཞིན་དེའི་འཕོངས་ཚོས་སུ་འགོས་སོང་བས་ཁོ་རང་ལ་འཚུབ་ཆ་ཆེན་པོ་ལངས།

ཁོ་རང་གཉིད་ལས་སད་བྱུང་། ཁོ་རང་གཉིད་ལས་སད་མ་ཐག་འཕོངས་ཚོས་ཀྱི་རྨ་རུལ་ལ་ལག་སྙོབ་བྱས། ཡང་ཡང་ལག་སྙོབ་བྱས།

ཉི་མ་ནུབ་པ་དང་བསྟུན་ནས་བརྒྱ་ལོའི་འཕོངས་ཚོས་མགོའི་རྨ་རུལ་དེར་ཡུན་གྱིས་ཚ་རྒྱས་ཡོང་། ཚ་རྒྱས་པ་དང་བསྟུན་ནས་རྨ་ཁ་ནས་ཆུ་སེར་དང་ཁྲག་རྣག་འདྲེས་མ་ཞིག་བཞུར་གྱིན་འདུག ཕྱིའི་རླུང་བུ་ཤུགས་ཆེན་གྱིས་གཡུག་གིན་འདུག་ཀྱང་བརྒྱ་ལོས་རང་གི་ཕྱིར་དྲན་གྱི་ལོ་ཟླ་ལ་འགྲུལ་བཞུད་འགོད་མ་ཐུབ།

གློ་བུར་དུ་སྦྲང་ནག་མགོ་དམར་དེ་གང་ཞིག་ནས་འཕུར་ཡོང་། འདར་ཡོམ་ཡོམ་གྱིས་འཕུར་ཡོང་།

སྦྲང་ནག་མགོ་དམར་དེ་འཕུར་ཡོང་སྟེ་བརྒྱ་ལོའི་སྟེང་ནས་སྐོར་བ་རྒྱག་གིན་འདུག

བརྒྱ་ལོའི་གདོང་ལ་འཛུམ་ཞིག་རྒྱས་འདུག

བརྒྱ་ལོའི་གདོང་ལ་ནམ་རྒྱུན་དང་མི་འདྲ་བའི་སྐྱོ་གདུང་ཞིག་ཀྱང་རྒྱས་འདུག

འཕོངས་ཚོས་ཀྱི་རྨ་རུལ་དེའི་རྨ་ཤུན་ཚང་མ་རིམ་གྱིས་ལྷུང་ནས་རྨ་ཁ་གསར་པར་འགྱུར་གྱིན་འདུག

ཕྱི་ན་རླུང་བུ་ལྡང་གིན་མེད་ལ་སྦྲང་ནག་དེ་ཡང་མི་སྣང་བར་གྱུར། ཡིན་ཡང་ཁོའི་གདོང་ན་དགའ་སྐྱོ་འདྲེས་མའི་ཉམས་འགྱུར་མང་པོ་ཞིག་ཤར་གྱིན་འདུག ཁོས་མལ་སའི་གཡས་གཡོན་ཚང་མར་ལག་སྙོབ་བྱེད་ཀྱིན་འདུག་ཀྱང་མེ་ལོང་དེ་རྙེད་མ་བྱུང་བས་འཕོངས་ཚོས་ཀྱི་རྨ་རུལ་དེ་ཆེ་རུ་འགྱུར་བ་ཡིན་ནམ་ཆུང་དུ་འགྱུར་གྱིན་ཡོད་པ་ཁོས་ལྟ་ཐབས་མི་འདུག གློ་བུར་དུ་འཕོངས་ཚོས་ཀྱི་རྨ་རུལ་དེར་ཚ་རྒྱས་པ་དང་ཟ་འཕྲུག་ལངས་པ། ཆུ་སེར་བཞུར་བ་སོགས་ནི་ཅི་ཞིག་ཡིན་པ་མི་ཤེས་ལ་དེ་ནི་རྨ་རུལ་དེ་དྲག་གིན་ཡོད་པ་ཡིན་ནམ་ཇེ་ངན་དུ་འགྲོ་བ་ཡིན་པ་དེ་བས་ཀྱང་མི་ཤེས། དེ་ནི་དགའ་འོས་པ་ཞིག་ཡིན་ནམ་སྡུག་འོས་པ་ཞིག་ཡིན་པ་ཡང་ཚོར་གྱིན་མི་འདུག

འགྲོ་ས་འདུག་ས་མེད་པ་ནི་བར་དོ་ཡིན་ན། དགའ་བ་དང་སྐྱོ་བ་ལ་ཁྱད་པར་མེད་པ་ཡང་བར་དོ་ཞིག་ཅི་ལ་མིན་ཨང་།

ཕྱི་རོལ་ཏུ་རླུང་བུ་དལ་གྱིས་ལྡང་བྱུང་། སྒེའུ་ཁུང་དུ་སྦྱར་བའི་འགྱིག་ཤོག་དེ་ཡང་དལ་གྱིས་བསྒུལ་བྱུང་མོད། སྦྲང་ནག་མགོ་དམར་དེ་ཅི་ནས་ཀྱང་འཕུར་མ་བྱུང་བས་ཁང་པའི་ནང་སྔར་བཞིན་ལྷིང་འཇགས་གེར། མུན་འཐིབ་བེར། གྲང་ཅང་ངེར······

གྲགས་པ་དང་འགུལ་བ་ནི་ཚེ་སྲོག་ཅིག་གི་མཚོན་བྱེད་དུ་གོ་བ་ཡིན་ན་མཚམས་མཚམས་སུ་སྒེའུ་ཁུང་གི་ཧྲུལ་ཧྲུལ་དུ་གྱུར་པའི་འགྱིག་ཤོག་དེའི་སྣེ་ཞིག་སྒུལ་ཙམ་བྱེད་པ་དང་། བསྒུལ་བ་དང་བསྟུན་ཧྲག་ཧྲག་གི་སྒྲ་ཙམ་གྲག་པ་དེ་ནི་གྱང་ཆག་གིས་བཅད་པའི་འཇིག་རྟེན་གཉིས་ཀྱི་བྱ་ར་རུ་གྱུར་འདུག

ཕྱི་ན་རླུང་བུ་དལ་གྱིས་ལྡང་གིན་འདུག་མོད་སྦྲང་ནག་མགོ་དམར་དེ་སྔར་བཞིན་མི་སྣང་བར་གྱུར་འདུག

ཉི་མ་ནུབ་རྗེས་ཞང་སྲིད་གཞུང་གི་མགོ་ཁྲིད་སྐོར་ཞིག་དང་རྫོང་གི་གསར་འགོད་པ་ཞིག་སྡེ་བའི་ནང་སླེབས་བྱུང་། ཁོ་ཚོས་གསར་འགོད་པ་དེ་ལ་སྡེ་བ་འདི་མཚམས་སྦྱོར་བྱེད་ཀྱིན་འདུག སྡེ་བ་འདི་ཞང་སྲིད་གཞུང་གིས་གནད་དམིགས་སུ་འཛུགས་སྐྲུན་བྱས་པ་བརྒྱུད། གཅིག་ནས་སྡེ་བའི་ཁྱིམ་ཚང་རེ་རེར་འཐུང་ཆུ་དྲངས་པ་དང་། འཐུང་ཆུ་ནི་ཨ་མྱེས་དཔལ་རྒྱམ་རི་བོའི་འདབས་ཀྱི་སྨན་ཆུ་དྲངས་པ་ཡིན་རྐྱེན་སྡེ་མི་ཚོའི་ལུས་ཕུང་བདེ་ཐང་བྱུང་བ་དང་། གཉིས་ནས་མིག་སྔར་བརྒྱ་ལོ་ནི་རྒན་གསོའི་རོགས་དངུལ་བྱིན་ཡུན་ཆེས་རིང་བ་དེ་ཡིན་པས། འཚོ་བ་ལ་ཁག་ཐེག་ཐོབ་པ་ཡིན་པས་བརྒྱ་ལོར་དེ་འདྲའི་ཚེ་ཚད་རིང་པོ་ཤར་བ་རེད། འདི་ནི་ང་ཚོའི་རྫོང་གི་གཟི་བརྗིད་ཡིན་ཞེས་བཤད་དེ་སྡེ་དཔོན་ལ་ཁོ་ཚོ་ནི་ཨ་ཁུ་བརྒྱ་ལོ་དགུང་ལོ་བརྒྱ་ལོན་པའི་བརྒྱ་སྟོན་ལ་ཁ་བཏགས་འཐེན་དུ་ཡོང་བ་ཡིན་ཚུལ་བཤད། དེ་ནས་ཁོ་ཚོས་སྡེ་དཔོན་ལ་ཁོ་ཚོ་ཨ་ཁུ་བརྒྱ་ལོ་ཚང་ལ་འཁྲིད་དགོས་ཞེས་བཤད་པ་ན་སྡེ་དཔོན་མགོ་འཐོམ་སོང་།

“བརྒྱ་ལོ་ལོ་ངོ་བཅུ་གཉིས་ཀྱི་སྔོན་ནས་བཟུང་ཚེ་ལས་འདས་ཟིན།” སྡེ་དཔོན་གྱིས་ཐེ་ཚོམ་གྱི་སྒོ་ནས་དེ་ལྟར་བཤད།

སྲིད་གཞུང་གི་མགོ་ཁྲིད་དག་དེ་ལས་ཀྱང་མགོ་འཐོམ་སོང་། གསར་འགོད་པས་ཅི་ཞིག་བྱུང་ཟིན་པ་མ་ཤེས་པར་ཁོ་ཚོའི་རྣམ་འགྱུར་དེ་མཐོང་བ་ན་བརྙན་མིག་གང་ལ་སྐོར་དགོས་པའང་ཤེས་ཀྱིན་མི་འདུག

“དེས་ན་ལོ་ངོ་བཅུ་གཉིས་རིང་གི་རྒན་གསོའི་རོགས་དངུལ་དེ······”

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།