ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་བཟའ་འཚོ་མོ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཨ་དོན།   སྤེལ་དུས། : 2021-02-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཁྱུང་པོ་ཐང་སྡེ་བའི་ཨ་མྱེས་ནམ་མཁས་ནམ་རྒྱུན་དུ་མཁར་ཞེས་པ་ནི་གྲོང་ལས་ཆེ་ཞིང་ལྟོས་བཅས་ཀྱིས་བཏགས་པའི་མིང་ཞིག་དང་ལྟོས་བཅས་ཀྱིས་ཆགས་པའི་གནས་ཤིག་ཏེ། གནའ་ལ་མཁར་ནི་ཚོང་ཁྲོམ་ཞིག་ཡིན་ཀྱང་སྲིད་མོད། གཅིག་ཐང་ན་དཔོན་ཚང་ཞིག་ལྟེ་བར་བྱས་ནས་ཆགས་པའི་ཡུལ་སྡེ་ཞིག་ནས་རིམ་གྱིས་ཆེར་ཕྱིན་པ་ཞིག་ཡིན་ཀྱང་སྲིད་ཅེས་བཤད་མྱོང་། དེ་ལྟ་ནའང་། དེང་ནིི་སྡེ་བ་འདིའི་སྡེ་མི་མང་ཤོས་ཀྱིས་མཁར་ལ་གྲོང་ཁྱེར་ཞེས་འབོད་མཁན་མང་བ་ལས་མཁར་ཅེས་འབོད་མཁན་གཅིག་ཀྱང་མེད། ཐ་ན་ཨ་མྱེས་ནམ་མཁས་ཀྱང་ལན་རེར་བརྗེད་དེ་རྒྱ་ནང་ཞེས་འབོད་ངེས། 

གང་ལྟར་གྲོང་ཁྱེར་དང་རྗོང་མཁར་ལྟ་བུ་ཆགས་ས་དེར་མི་ཕལ་མོ་ཆེའི་ཁ་རྒྱུན་དུ་རྫོང་ཐོག་དང་། ཡང་ལ་ལས་ཟི་ལིང་དང་ལན་ཇུ། པེ་ཅིན་ཞེས་འབོད་ཀྱིན་པ་དེ་ལྟ་བུ་རེད།  འོན་ཀྱང་། ཨ་མྱེས་ནམ་མཁའི་དྲན་པ་གསལ་ཐོག་ན་ཡོད་དུས་དེ་དག་ལ་ཡོངས་ཁྱབ་དུ་མཁར་ནང་ཞེས་བའི་མིང་དེ་མ་སྤྱད་ན་བོད་སྐད་ངོ་མ་མ་རེད་ཅེས་གཤེ་ཡོང་།  

དེང་མ་མཁར་ཡག་པ་གཡང་དྲུང་མཁར་ལྟ་བུ་མང་པོ་ཡོད་ནི་རེད་་་་ད་རུང་མི་ཉག་མཁར་་་་་བ་ཡན་མཁར་་་ད་ནི་མིང་ཙམ་ཡང་་་་་ཨོ་མ་་་་་ཨོ་མ་་་་     

ཨ་མྱེས་ནམ་མཁའི་ཉེ་འཁོར་གྱི་མི་མང་པོ་ཞིག་གིས་མཁར་ནང་ཅེས་བོས་ན་གོ་རྒྱུ་ཡོད་པ་མ་ཟད་རྒྱུགས་ཆེ་བའི་ཁ་སྐད་དག་མ་ཞིག་ཡིན་པར་རློམ་ནི་རློམ་ཀྱང་། སྐབས་ལ་ལར་མཁར་ནང་ལ་གྲོང་ཁྱེར་དུ་མི་འབོད་པར་མཁར་ནང་ཅེས་བོས་ཚེ། མ་མཐའ་ཡང་མཁར་ནང་མཚོ་མོའི་གྲོགས་མོ་དེ་དག་གི་མཇའ་ཚོན་སྣ་ལྔའི་གདོང་མདོག་དེ་དག་དེ་མུར་སྤྲིན་ནག་ཏུ་འགྱུར་འགྲོ་ལ། དབྱིབས་ལུགས་གསར་ཤོས་ཅན་གྱི་མིག་ཤེལ་དཀར་གསལ་ནང་གི་སྒོར་སྒོར་གྱི་རི་དྭགས་མིག་ཟུང་ཀྱང་ཞི་དུལ་གཤིས་འཇམ་གྱི་འོད་མདངས་ཤིག་ནས་ཆུ་གཉེར་ཁ་ཡི་ཆུ་རིས་བཞིན་ཡ་ནེ་གཡོན་ནེ་ཞིག་ཏུ་འགྱུར་འགྲོ་ཁར། མཁར་ནང་ཅེས་ན་བ་ཡན་མཁར་ལྟ་བུ་གནའ་ནས་གྲགས་པ་ཞིག་ཡིན་ཀྱང་། དེང་ནི་གནའ་ཤི་རུལ་བའི་མིང་གི་ལྷག་མ་ཞིག་ཡིན་པ་དེ་རྒན་གྱའི་མཁར་ནང་ལྟ་བུའི་གྱང་ཆག་དེ་ཚོར་བལྟས་པ་ཙམ་གྱིས་གྲོང་ཁྱེར་ཡིན་མིན་མི་རྟོགས་སམ་ཅེས་ཁ་འགེབ་ཞིང་སྣ་གཅུས་ཏེ་ག་ཤེད་ཅིག་ལ་དགྱེ་ནས་འགྱེལ་ལ་ཁད་བྱེད་ཞོར། ངེད་ཨ་ཅག་ཚོ་མཁར་དེ་ལྟ་བུ་ནས་འདུག་རྒྱུ་ན་བོད་ཀྱི་སྐྱེས་པ་ལུག་ལྟ་བུ་དེ་དག་གིས་གཉའ་ནས་ཞོན་ཏེ་གནའ་ཞིག་ལ་ཐང་ཆད་ནས་འཆི་རུ་བཅུག་མེད་དམ་ཅེས་ཐལ་ལྕག་ལག་ངོ་ཚ་བ་རེ་དང་ཧབ་ལྕག་གྱང་ངོ་ངར་བ་རེ་བྱས་འགྲོ་ལ། མཁར་ནང་མཚོ་མོས་ཀྱང་གོམས་ལོབས་སུ་གྱུར་བའི་ལག་པ་གཉིས་ལོགས་ཀྱིས་ཁ་བཀབ་ནས་ཁྲེལ་དགོད་བཅོས་མ་དེ་བྱ་ངེས་ཡིན།

ཨ་ཅེ་མ་ཚོ།  དེ་རིང་དཀར་དམར་སེར་ལས་གང་རོལ་ན་འདོད་དམ་་་

མགྲོན་བདག་ཚོན་པོ་ཞིག་འེ་ཡིན། 

ལག་ན་སྒོར་མོ། རྐུབ་ན་རླངས་འཁོར། འཐུང་གི་རྩལ་་་གཡུག་གི་ཤེད་་་ད་འེ་དགོ

གཡེམ་ནག་མ་འདི་་་་ཧོ་ཧོ་ཡ 

མཚོ་མོ་དགོད་སྟངས་དེ་རུ་ནང་གི་བུ་མོ་ཚོའི་དགོད་སྟངས་དང་ཁྱད་པར་ཆེན་པོ་མེད་ཀྱང་། མོ་གྲོང་ཁྱེར་དུ་འཛུལ་ནས་ལོ་འགའ་ལ་ཁ་ནང་དུ་ལྷང་ལ་ཀེར་ནས་ཡོད་པའི་མདུན་སོ་གསེར་བྱན་མ་དེ་གཉིས་ཀ་འགེབས་ཆེད་དུ་དགོད་སྟངས་དོགས་མི་བདེ་བ་ཞིག་གོམས་ནས་ཡོད་པས། ཁོ་མོ་དགོད་ཐེངས་རེར་གམ་གྱི་རྒྱུས་ཡོད་ཀྱི་མི་རྣམས་ཅི་ལྟར་དགོད་དགོས་པའང་མི་ཤེས་པ་ལྟ་བུ་ཞིག་ཏུ་གྱུར་འགྲོ་བ་ཡིན། རྗེས་སོར་ཁོ་མོས་བསགས་དངུལ་འགའ་བཏང་ནས་གསེར་སོ་རྩ་ནས་བཀོག་ཅིང་མཛེས་བཟོ་གོང་ཆེན་ཞིག་ཀྱང་བྱས་མོད་དགོད་སྟངས་དེ་སྔར་བཞིན་སྒྱུར་མ་ཐུབ་པར་ལུས་ཡོད་པ་ཁོ་མོ་རང་གིས་ཀྱང་རྟོགས་ཀྱི་མེད། འོན་ཀྱང་ཁོ་མོས་གྲོགས་མོ་ཀྲང་གི་དགོད་སྟངས་དེར་བསམ་བཞིན་དུ་ལད་མོ་དང་སློབ་སྦྱོང་ལྟ་བུ་བྱེད་ཀྱིན་པ་གམ་གྱི་མི་སུས་བལྟས་ཀྱང་ཤེས་སླ་བ་ཞིག་ཡིན།

འགྲོ། དེ་རིང་གི་མགྲོན་བདག་ཨ་ཁུ་འབྲོག་པར་ཐུག་ཏུ་འགྲོ། 

ཧ ཧ ཧ ་་་་ང་སྒུག་དང་་་ངའི་སྐྲ་འདི་་་

ཨ་ཁ་་་་ད་དེ་ཙམ་གྱིས་ཆོག་ནི་རེད་་་ 

གལ་ཏེ་ཁྱོད་རང་གྲོང་ཁྱེར་ནང་གི་གསར་བུ་མོ་ཏྲ་རྗིག་པོ་ཅན་ཞིག་གམ་ཡང་ན་སྒོར་མོ་མཐུག་པོ་ཅན་གྱི་བུ་ལོ་ཞིག་གི་བཟོ་ལྟ་ཙམ་ཡང་མེད་པ་ཞིག་ཡིན་ན། མཁར་ནང་མཚོ་མོ་ཡོད་སའི་མཁར་ནང་དེ་དང་ཁོ་མོའི་གྲོགས་མོ་དེ་དག་དང་མཉམ་དུ་སྐར་མ་གང་ལ་ཡང་འདུག་ཐབས་མེད་པ་ཁ་ཚོན་བཅད་ཆོག ཐ་ན་ཁྱོད་རང་མཁར་ནང་མཚོ་མོའི་ཆུང་དུས་ཀྱི་ལུག་ཆུང་འཚོ་རོགས་དང་མེ་ཏོག་འཐུ་རོགས་ཡིན་ཀྱང་། ཐ་ན་ཁོ་མོའི་ལང་ཚོའི་མེ་ཏོག་འཐུ་མཁན་གྱི་བརྩེ་དུང་གི་རྒྱལ་སྲས་དེ་ཡིན་པར་གྱུར་ཀྱང་། མཁར་ནང་གི་དར་སྲོལ་གསར་མ་ལྟར་ན་ཡོད་ཚད་གྲོང་ཁྱེར་གྱི་སྤྱི་འགྲོས་ཁོ་ན་དང་གྲོང་ཁྱེར་གྱི་མི་ཚུལ་ཁོ་ན་ལས་གདའ་ས་མེད། 

འཕུར་ཡ་་་་འཕུར་ཡ་་་ལས་དབང་གི་་་་་རང་དབང་གི་་་་

སེང་གེ་རྒྱལ་གྱིས་རླངས་འཁོར་གྱི་གློག་སྒོ་ཕྱེས་པ་ན་ཨ་ནུ་རིང་ལུགས་ཀྱི་གཞས་གསར་ཅིག་རང་བཞིན་དུ་གྲགས་ཡོང་ཀྱང་ཅི་ཡང་གོ་རྒྱུ་མེད་པར་གྱུར་བ་འམ་ཡང་ན་ཉན་ལོབས་སུ་མ་སོང་བ་གང་ཡིན་ཆ་མི་འཚལ་ཀྱང་། ཁོས་ཐད་ཁར་ཟེར་སྡེར་དེ་སྒོར་བཏོན་ནས་བདུད་པེའི་རྡུང་ལེན་བརྩེ་ལྡན་གྱི་གངས་ཕྲུག་ཞེས་པ་ནང་དུ་བཅུག་རྗེས་གཟོད་དབུགས་རིང་ཅིག་གློད་ནས་དངོས་སུ་ལམ་ལ་ཆས། 

སྤང་ལྗོངས་སྔོ་རླབས་དབུས་ན།།  གངས་རིའི་བ་དན་མཐོ་བ།།

སེམས་ཅན་ཡིད་སེམས་ཕྱོགས་ས།།  ཀན་ལྷོ་ཕྱུག་མོ་ཡིན་སོང་།།

སྟོད་ན་ནགས་རི་ཕྱུག་མོ། ་་་་་

བསིལ་ལྗོངས་ཡུལ་གྲུའི་རྒྱན་ཆ་་་་་་ 

ན་ནིང་དགུན་ངོ་ཅིག་ལ་སེང་གེ་རྒྱལ་སྒེར་དོན་ཞིག་གི་ཆེད་དུ་སྒེར་འཁོར་བསྐོར་ནས་ཁུལ་ཐོག་ཏུ་འགྲོ་བཞིན་པའི་ལམ་བར་དུ། ཉིན་རྒྱུན་དུག་ཡོན་ཁོ་ནར་དུ་ནག་བཞིན་སྤྱོད་པའི་མཚོ་མོས་ནངས་མོ་དེར་ཆུ་མིག་ལྔ་ལྡན་སྤྲོ་སྐྱིད་རི་གླིང་ལ་འགྲོ་བཞིན་པའི་བརྙན་ཐུང་ཞིག་སྐུར་བཞིན་པ་དེ་ཡིད་ཀྱི་དྲན་པར་མ་ཚེར་མ་ཟུག་པ་ལྟར་འཛུལ།  

 སེང་སེང་། ལམ་ནས་སེམས་ཆུང་བྱོས། ངས་ཡུལ་ནས་སྒུག་འདུག

ཡ་་་་བདག་མོ་བདེ་སྒྲོན་་་ཞེ་བདེ་མོ་བྱོས། 

སེང་གེ་རྒྱལ་གྱིས་མཚོ་མོའི་དུག་ཡོན་ལ་ཡང་བསྐྱར་ཅིག་བལྟ་བསམ་པའི་མོད་ལ།ཆུང་མ་བདེ་སྒྲོན་གྱི་སྐད་འཕྲིན་དེ་བར་ཆོད་ཀྱི་རླུང་ངར་ཞིག་གིས་ཁ་འཚུབ་ནས་དུ་བ་བཅད་པ་དང་མཚུངས་པར་ཏིང་སྒྲ་དང་བཅས་ཏེ་ཁ་པར་འཆར་ངོས་སུ་སླེབས་པས། ཁོ་ལ་སུན་སྣང་གློ་བུར་བ་ཞིག་སྐྱེས་ནས་མི་འདོད་པའི་རྣམ་འགྱུར་ཞིག་སྟོན་མདོག་བྱེད་དགོས་བསམ་ཀྱང་། སེམས་སུ་ད་སོ་མ་བལྟ་བསམ་པའི་བརྙན་རིས་དང་དེ་འབྲེལ་གྱི་དོན་དག་ཡིད་ལ་ཡང་བསྐྱར་ལྦ་ལེར་འཆར་ཡོང་བས། ཆུང་མ་བདེ་སྒྲོན་ལ་ཁ་ཡག་མགོ་སྐོར་གྱི་ཚིག་འཇམ་ཞིག་དེ་མུར་ཤར་རེ་བཤད་དེ་བྱ་འཕུར་བ་ལྟར་མཚོ་མོ་སྡོད་སའི་མཁར་ནང་དེར་གཤེགས། 

མཁར་སྔོན་པོ་གནའ་ལ་གྲགས་ནི་རེད།དུས་དེང་སང་མཁར་ཤུལ་སྟོང་བ་རེད། 

ང་འཚོ་མོ་བོད་གྲགས་རྒྱ་གྲགས་ཡིན། དུས་དེང་སང་མཁར་ནང་རྒྱ་བཟའ་ཡིན།

རོགས་ཆུང་ལོ་སེང་གེ་ཐོན་ནི་རེད། ང་རྒྱ་བཟས་ཆང་གསུམ་འདྲེན་ནི་ཡིན། ་་་་་་་་་་་་་་་་

 མཚོ་མོས་རྗེ་ཁུ་ཏེན་ཞེས་བའི་ཆང་ཕོར་གང་གཉེན་ལྕུག་འཁྱུག་པའི་སོར་རྩེ་ནས་བླངས་ཏེ་ལྡེམ་ལྡེམ་འདར་བའི་རྐང་རྩེ་ནས་འདེགས་དུས། ཁོ་མོའི་ཟུངས་ཁྲག་ཁོལ་མ་གདུ་ལ་ཁད་ཀྱི་ཚོར་མདངས་དམར་པོ་མེ་དང་འདྲ་བ་ཞིག་ངོ་གདོང་ཧྲིལ་བོར་དྲག་ཏུ་འབར་ལ། སྐྲ་མཚམས་དང་སྐེ་ཁུད་དུ་རྣོ་ལྕགས་ཀྱི་ཚ་ལའི་ཟེགས་མ་འཕྱོ་བ་ལྟ་བུའི་རྔུལ་ཆུའི་ཐིགས་པ་འགའ་འཛུམ་མེར་ཡོད་པ་དེ་རིམ་གྱིས་ཇེ་མང་ནས་ཇེ་མང་དུ་གྱུར་ཅིང་། གཅིག་ལ་གཅིག་འདྲེས་དང་གཅིག་ལ་གཅིག་འཁྱུད་ཀྱིས་གསེང་རས་དཀར་པོའི་ནང་ཚི་དེའི་སྲུབས་དང་སྲུབས་ལ་འཛུལ་ཅིང་ནང་ཚི་ལས་ཀྱང་དཀར་བའི་བྲང་གཞུང་གི་གཞོན་ཤ་དེར་དལ་བུར་གཡས་འཁྱུད་གཡོན་འཁྱུད་ཀྱིས་སིམ་པས། འཇིག་རྟེན་ཕལ་བའི་མི་ཞིག་ལྟ་ཞོག་གྲོག་མ་མིག་མེད་ཞིག་ཡིན་ཀྱང་། སྐད་ཅིག་དེར་མཚོ་མོའི་བཟི་ཁས་སྐོམ་གདུང་གི་ཚ་བའི་སྡུག་བསྔལ་བཟོད་གླེགས་མེད་པ་ཞིག་གམ་ཡང་ན་འདོད་རྩེན་གྱི་ཚོར་རླབས་འགོག་ཏུ་མེད་པ་ཞིག་དྲག་ཏུ་འཕྱོ་རུ་འཇུག་པ་གདོན་མི་ཟ་བས། སེང་གེ་རྒྱལ་གྱི་འཐུང་བཞིན་པ་ཆང་ཟེར་བ་ལས་ཆུ་རེད་ཅེས་ན་རློམ་ཚུགས་སྟེ། ཡང་ན་སེང་གེ་རྒྱལ་གྱིས་ཐ་ན་ཆུ་མ་ཡིན་པའི་ཆུ་དེ་ཧུབ་གང་ཡང་ཁ་ལ་རེག་མ་དགོས་བར་མཚོ་མོའི་སྐད་དང་ལུས་ཀྱིས་སྐད་ཅིག་གཅིག་ལ་བཟི་ནས་ཕྱ་མ་ཕྱོད་དུ་གྱུར་སོང་ཅེས་ཀྱང་མི་ཐལ་བར། སྐད་ཅིག་ཙམ་གྱི་རིང་ལ་ར་རོར་གྱུར་བའི་རྣམ་ཤེས་སྦྲང་མ་འདྲ་བོ་མཁར་ནང་ནས་ཅི་ལྟར་བོར་ཅིང་རང་ལུས་དར་ཐགས་འདྲ་པོ་འཚོ་མོའི་རུམ་ནང་ལ་ཅི་ལྟར་ལྷུང་བར་གྱུར་བ་འང་མ་རྟོགས།  

གསར་ཡག  སྒང་ཐོག་རེར་བུད་ན་སྐད་འཕྲིན་ཤོག

 འབུ་བརྐོས་ཚར་ན་ཡང་ཐོན་ཡོང་། 

ལག་ཡོང་མེད་ན་རྒན་མོ་སྲུངས་་་་་ཨ་ལ་ཀུ་རེ་་་བདེ་མོ་

སེང་གེ་རྒྱལ་མྱུར་བསྐྱོད་གཞུང་ལམ་དུ་དངོས་སུ་ལམ་ལ་བུད་དུས་ད་གཟོད་སེམས་སུ་སྨྲ་མི་ཤེས་པའི་གྱེས་གདུང་དྲག་པོ་ཞིག་གཟུགས་མེད་ཀྱི་ཞགས་ཐགས་ཞིག་དང་འདྲ་བར་ཡ་སྟོད་དམ་གྱིན་དམ་ཡོང་བ་ལྟ་བུའི་ཚོར་སྣང་དྲག་པོ་ཞིག་གིས་ཁྱབ་ཅིང་། སེམས་སུ་མྱུར་སྐྱོད་གཞུང་ལམ་ཏུ་ཞུགས་ཚར་བ་མིན་རྒྱུ་ན་ཕྱིར་མཚོ་མོའི་པང་དུ་ལོག་ནས་ལུས་འབྱར་ལག་འཇུ་ཐེངས་གཅིག་བྱས་ན་ཅི་མ་རུང་སྙམ་པ་ཞིག་འགོག་མེད་དུ་སྐྱེས་ཀྱང་། གཅིག་ནས་མཚོ་མོ་དང་ལོ་ངོ་མང་པོར་ཁ་ཐུག་མ་མྱོང་ཞིང་གཉིས་ནས་ཞག་མ་གཅིག་ལ་མ་གཏོགས་ཉལ་པོ་མ་བྱུང་བས། རང་སྡུག་རང་ཉོ་དང་གླེན་རྟགས་ཚ་བོ་ཞིག་ཡིན་ཀྱང་སྲིད་སྙམ་ནས་རང་ཚོད་རང་གིས་བཟུང་ནས་ཕྱིར་ལམ་དུ་དངོས་སུ་ཞུགས།

སེང་གེ  ཁྱོད་ངའི་མི་དེ་མིན་རྒྱུ་ན་རང་གར་ཐུག་ནི་མ་རེད།  ཤེས་སོང་ངམ་་་་ཧཧ

བརྗེད་མེད་ན་རྒྱུ་འབྲས་འདུག  དེས་ན་དེང་མ་་་་

ཤོའེ།  ཁ་རོག   ད་བར་རང་རང་ས་ན་སྐྱིད་པོར་ཡོད་པ་མི་རིག་གམ་་   

ཕྱིར་ལམ་དེ་ཤིན་ཏུ་རིང་ཞིང་ཆད་སྣང་སྐྱེས་པ་ཞིག་ཡིན་ན་ཡང་སེང་གེ་རྒྱལ་གྱིས་བལྟས་མི་ཚར་བའི་གློག་བརྙན་ཞིག་ལ་བལྟས་བ་དང་མཚུངས་བའི་མདང་ནུབ་ཀྱི་ཇ་ཁ་ཆང་ཁ་དང་། འཚོ་མོའི་བཟི་གཏམ་རེ་རེ་བཞིན་ཡིད་ལ་ཚར་གཅིག་བཀླགས་ཚར་དུས་ཕལ་ཆེར་ཁུལ་ཐོག་ཏུ་སླེབས་ཚར་བ་དང་། ཁུལ་ཐོག་ཏུ་སླེབས་དུས་ད་གཟོད་ཁྱིམ་ལ་མཁོ་བའི་ཉེར་སྤྱོད་འགའ་ཡང་ཉོ་སྤྱད་ལྷག་མེད་པ་ཡིད་ལ་འཁོར་བ་ན། ད་ལོར་འབུ་ས་ལ་གོང་ཞིག་འབུད་དང་བལྟ་རྒྱུ་ཞིག་ཡིན་ཞེས་ཁེར་ལབ་རྒྱག་ཞོར་ཡུལ་དུ་མི་ལོག་ཀ་མེད་བྱུང་། 

ཨ་ཞང་བསྟན་འཛིན་ལ་དགུན་ཤ་སྐྱེལ་དུས་་་་ཐོན་ན་ཐང་། 

མཚོ་མོས་ལོ་ན་བཅུ་བཞིའི་སྐབས་ཀྱི་བརྩེ་དུང་གི་མེ་ཏོག་འཐུ་རོགས་དེར་ཞག་མ་གཅིག་གིས་ཕྱིར་དྲན་ཐེངས་གཅིག་བྱས་ཞོར། གློ་མཆིན་གཏོང་འོག་བརྗེས་ལ་ཁད་ཀྱི་སེང་གེ་རྒྱལ་ལ་དྲན་རྟེན་སོར་གདུབ་གོང་ཆེན་ཞིག་ཀྱང་ཉོ་རུ་བཅུག་ཏེ་ལམ་དུ་བཅུག་པ་དང་། སེང་གེ་རྒྱལ་མཁར་སྒོར་ཀྱང་མ་བུད་གོང་དུ་སེམས་ཀྱི་རྟ་ཁ་དེ་སེང་གེ་རྒྱལ་གྱིས་འགྲོ་ཁ་མར་བཤད་པའི་ཨ་ཞང་བསྟན་འཛིན་གྱི་ཕྱོགས་སུ་རང་དབང་མེད་པར་ཤོར་བས་མལ་ཁང་ནང་ནས་ཅི་ཞིག་བོར་སོང་བ་ལྟར་ཡུན་རིང་ཅིག་ལ་ཧད་དེ་ལུས། 

འདི  ་་་ཨ་ཅེ་མ་ཚོ། ལག་གདུབ་ཅི་འདྲ་རེད།   

ངར་མ་རེད། རྟ་རྒྱུགས་ཞོར་མེ་ཏོག་འཐུ་ཞོར། 

ཚང་མས་སང་ཉིན་ནས་གཟའ་འཁོར་གཅིག་རེར་བསྐོར་ནས་བཏགས་ཆོག

སམ་ཉིན་ང་ཡིན་་་་གནང་ཉིན་་་ང་་་   

བསྟན་འཛིན་ནི་མཚོ་མོའི་སློབ་ཆུང་ལོ་རིམ་དང་པོ་ནས་ལྔ་བའི་བར་གྱི་བོད་ཡིག་དགེ་རྒན་དང་འཛིན་བདག་ཡིན་ཁར། ཆུང་དུས་ནས་ཕོ་སྐྱེས་མི་ཁ་ཆོད་པ་ཞིག་ལྡན་པ་དང་ལྷག་པར་ཏུ་སྡེ་བའི་ནང་གི་གཞུང་གི་གླ་ཕོགས་ལེན་མཁན་གཅིག་པུ་ཡིན་པས། ཁོ་མོ་དང་ཁོ་མོ་ལྟ་བུའི་སློབ་མ་མང་པོ་ཞིག་དང་བུད་མེད་མང་པོ་ཞིག་དགེ་རྒན་བསྟན་འཛིན་ལ་ཡིད་སྨོན་འཆོར་མྱོང་ཀྱང་རེ་སྨོན་ཐ་དག་རང་ཤུགས་སུ་སྟོང་བར་ལུས། རྗེས་སོར་མཚོ་མོ་སློབ་བྱོལ་གྱིས་གནས་ཚང་འགྲིམ་ནས་ཕྱིར་ཕ་ཡུལ་ཏུ་གནས་ལོག་ཡོད་དུས། དགེ་རྒན་བསྟན་འཛིན་ཞིང་ཆེན་དུ་རྒྱུགས་སྤྲད་རྗེས་ཞིང་ཆེན་དུ་དགེ་རྒན་གྱི་ལས་གནས་སུ་སྤར་པ་དང་། ལས་གནས་གང་དེར་རྒྱུ་ཐོག་ལ་རྒྱབ་ཡོད་པ་ཐོས་བས་དུས་དེ་ནས་བཟུང་དགེ་རྒན་བསྟན་འཛིན་གྱི་ཕྱིར་དྲན་ལ་རང་བཞིན་གྱིས་རྫོགས་ཚིག་བཀོད།  

 ངོ་མ་བཤད་ན། སེང་གེ་རྒྱལ་འགྲོ་ཁར་ཨ་ཞང་བསྟན་འཛིན་གླེང་མེད་རྒྱུ་ན་མཚོ་མོས་དགེ་རྒན་བསྟན་འཛིན་ཡིད་ཀྱི་གཏིང་ནས་གནའ་ཞིག་ལ་གཏིང་བརྗེད་དུ་གྱུར་ཡོད་པ་མ་ཟད། ཐ་ན་ཁོ་མོ་མཁར་ནང་དུ་གནས་བཅས་ཏེ་ལོ་བཅུ་འགོར་ཡོད་ན་ཡང་དགེ་རྒན་བསྟན་འཛིན་དེ་རང་དང་གྲོང་ཁྱེར་གཅིག་གི་ནང་དུ་ཡོད་པའི་ཚོད་བགམ་ཐེངས་གཅིག་ཀྱང་བྱས་མྱོང་མེད། ཏན་ཏན་སེང་གེ་རྒྱལ་གྱིས་མཚོ་མོ་ལ་ལོ་ངོ་མང་པོ་ཞིག་གི་སྔོན་གྱི་རང་གི་དགེ་རྒན་བསྟན་འཛིན་གྱི་ཕྱིར་དྲན་དེ་མེ་ལོང་ཕྱིས་པ་བཞིན་གསལ་ལེར་བཏང་།

ཡ ་ཡ    སང་ཉིན་དགོང་ཁར་ཐུག  ས་གནས་ངས་གཏན་འཁེལ་བྱ། 

འོ་ཡ། རྒན་ལགས། ས་གནས་ལྷིང་འཇགས་ཤིག་ཡིན་ན་རབ་རེད། 

ཤེས་སོང་། དུས་ལྟར་ཐོན་ཆོག

མཚོ་མོས་གཟའ་འཁོར་གཅིག་གི་རིང་ལ་དགེ་རྒན་བསྟན་འཛིན་གྱི་གནས་ཚུལ་དང་འབྲེལ་ལམ་ཚང་མ་ཚེགས་མེད་དུ་རྒྱུས་ལོན་བྱུང་བ་དང་། མོས་གཟའ་མཇུག་གི་གོ་སྐབས་དང་བསྟུན་ནས་ཐད་ཀར་དུ་ཁ་པར་གྱི་ལམ་ནས་རང་ཉིད་ཀྱི་རྒྱུ་མཚན་དང་དགེ་རྒན་གྱི་གནས་ཚུལ་སོགས་གཅིག་ཆད་གཉིས་ལུས་མེད་པར་ཡར་འདྲི་མར་འདྲི་མང་པོ་བྱས་པས།དགེ་སློབ་གཉིས་ཀྱི་ཁ་བརྡ་དེ་མགོ་རྔ་མེད་པར་ས་བཤད་རྡོ་བཤད་ཅིག་ཏུ་གྱུར་ན་ཡང་དགའ་སྣང་དང་མཚར་སྣང་འདྲེས་མ་ཞིག་གི་སྒོ་ནས་རེ་ཞིག་མཚམས་བཞག་ཅིང་ཚིག་རྟིང་དེ་གཟའ་མཇུག་ལ་མཉམ་དུ་ཟ་མར་རོལ་བའི་དུས་བཏབ་པ་དེར་གྱུར། 

ཨ་ལ་ལ།  འོ་འོ་་་་རྒན་ལགས་ལ་འགྱུར་ལྡོག་ཙུང་ཙམ་ཡང་མི་འདུག   འགྱུར་ལྡོག་གཅིག་ཡོད་པ་དཔོན་ཚུགས་བབས་འདུག་པ་དེ་རེད།  ང་འདི་ནས་བཙོག་ཆོག་་་་ཡ  

ཁྱོད་ངོ་མ་འགྱུར་འདུག   ད་གསར་མོའི་གསར་ཐོག་རེད་ཡ། 

འིན་་་ད་ང་འང་དེང་མའི་མཚོ་མོ་དེ་ག་ལ་ཡིན་་་ཧིན་ཧིན་་

ཁྱོད་དེང་མ་པྲ་ཚགས་རིག་རྒོད་ཟེར་བ་ཡིན།ད་བར་ད་དུང་ཡག་མ་ཞིག་ཏུ་འང་ལོག་འདུག

དེ་འདྲ་གང་ནས་ཡིན།ཡ་རྒན་གྱིས་སྔོན་ལ་ཚལ་ཐོ་ནས་ཁྱོད་རང་དགའ་ས་འགའ་ཤོད་དང་ཆོག ངས་ཁྱོད་ཀྱིས་ཅི་བཤད་ན་དེ་ཟོས་ཆོག

ངའི་སློབ་མ་ཟེར་བ་རེད་་་་ཡ་་་དེས་ན་ངས་བཤད།  

མཚོ་མོས་གུས་ཞབས་དང་བྱང་ཚད་ཡོད་མདོག་གིས་གདོང་འཛུམ་འཛུམ་དང་ལུས་ཀྲོང་ཀྲོང་གིས་དགེ་རྒན་བསྟན་འཛིན་གྱི་ཚིག་མཚམས་རེ་རེ་ནས་དེ་བདེན་དེ་ལོས་ཡིན་ཅེས་ཚིག་འགོ་བཟུང་མ་ཐག་ཚིག་རྔ་བཅད་ནས་བུད་འགྲོ་བས་དགེ་རྒན་བསྟན་འཛིན་ལ་ཅུང་ཙམ་དོགས་མི་བདེ་བའི་སྣང་བ་ཞིག་སྟེར་ཀྱང་ཨུ་ཚུགས་ཀྱིས་བཟོད་བསྲན་མི་བྱེད་ཐབས་མེད་དུ་གྱུར། དགེ་སློབ་མཉམ་འཛོམས་ཀྱི་ཟ་ཁང་དེ་ནི་མཁར་དཀྱིལ་བོད་ཀྱི་ནང་མ་དབྱངས་ཅན་མའི་སྦུག་ཁང་ཞིག་ཡིན་པས་དྲ་མ་མེད་ཀྱང་གློག་འོད་རབ་ཏུ་གསལ། ཚོན་མདོག་སྣ་ལྔའི་གློན་འོད་དང་གསོན་ཉམས་ལྡན་པའི་བོད་ཀྱི་ཁྱད་ལྡན་གྱང་རིས་མང་པོ་ཞིག་གི་ཀློང་ནས་དགེ་སློབ་གཉིས་ལ་ཕ་ས་ཕ་ཡུལ་གྱི་དྲན་པ་མང་པོ་ཞིག་བསླངས་ཞིང་། དགེ་རྒན་བསྟན་འཛིན་གྱི་མིག་ལམ་དུ་འང་མཚོ་མོར་མཁར་ནང་གི་བུད་མེད་གཞན་དག་དང་མི་མཚུངས་བའི་བག་ཆགས་གསར་ཞིང་གསར་བ་ཞིག་སྐྱེས་བས། སེམས་སུ་མཁར་ནང་ན་མོ་གསར་འདི་འདྲ་ཤིན་ཏུ་ཉུང་འང་སྙམ་ནས། རང་གི་ན་ཚོད་ལ་ཕངས་སེམས་ཤིག་ཀྱང་ལྐོག་ནས་ཤོར་བས་གདོང་ལ་དེ་མུར་ཚ་བེར་བེར་གྱི་ངོ་ཚ་ཚ་བ་ཞིག་རྒྱས། 

དགའ་རོགས་འེ་ཡོད། 

ངེས་གཏན་མེད།    ཡང་གཅིག་བཤད་ན་ད་རུང་འཆར་གཞི་རེ་ཡོད། 

འེ།  རེད།  ད་ངས་ཤེས་སོང་་་་་་

འཇིག་རྟེན་གྱི་དོན་དག་མང་པོ་ཞིག་གི་འགོ་འཛུགས་སྟངས་དེར་རིགས་ཕལ་ཆེར་གཉིས་ལས་མེད་པ་འདྲ། གཅིག་ནི་འཆར་གཞི་ཡོད་པའི་སྒོ་ནས་འགོ་འཛུགས་པ་དང་ཅིག་ཤོས་ནི་དེ་ལས་ལྡོག་ཏེ་འཆར་གཞི་ཅི་ཡང་མེད་པར་འགོ་འཛུགས་པ་དེ་རེད། མཚོ་མོས་བཤད་འདོད་པ་ནི་རང་ལ་དགའ་རོགས་མེད་པ་མ་ཟད་། ཐ་ན་སུ་ལ་ཡང་འགྲིག་གི་ཡོད་པའི་བརྡ་ཞིག་བསྟན་པ་ཡིན་མོད། ཁོ་མོའི་ཡིད་ཀྱི་དགུ་ལ་འང་མ་ཤར་བ་ནི་དགེ་རྒན་བསྟན་འཛིན་གྱིས་རང་གིས་དྲིས་པའི་འདྲི་གཞི་གཉིས་པ་ལས་བརྒལ་ཏེ་མཚོ་མོས་ཚོད་ཚོད་དུ་བཤད་པའི་འཆར་གཞི་དེའི་སྟེང་ལ་བབས་སོང་། 

ངས་པར་བ་གྲགས་ཅན་ཞིག་ངོ་ཤེས།  ད་དེ་ཡིན་་་་ཁྱོད་པར་མ་བྱོས་་་ངས་པར་བཤད་འབྲི་་་་ཨ་ ཨ་་་་དན་དན་འགྲིག་འདུག  ་་་་་པར་རིས་སྙན་དེབ་་་་ཧཧ་་་་་་་་་་་་

ངོ་མ་ཡེ།  ཨ་གནམ་རྒན་མ། དྲིན་ཆེན་ཕ་མ་རི་ན་ཡོད་ཅེས་པ་ཅིས་མ་བདེན་་་་ལོས་ཆོག ལོས་ཆོག་་་

རྩམ་རིལ་འདྲིལ་བ་དང་ཁྱི་རྒན་རྒྱུགས་པ་གཉིས་ཐོད་ཐུག་པའི་དཔེ་བཞིན་དུ། མཚོ་མོས་ཚོད་མེད་བདག་མེད་དུ་བཤད་པའི་སྐད་ཆ་དེར་དགེ་རྒན་བསྟན་འཛིན་གྱིས་བདག་པོ་རྒྱབ་པ་མ་ཟད། ལོ་གཅིག་གི་ལས་འཆར་གཙོ་བོའི་ནང་དུ་བཞག་པ་དང་། དེའི་ཚིག་གི་རྟིང་གནོན་དུ་དོན་འདི་མ་འགྲུབ་ན་ང་བསྟན་འཛིན་ཕ་ཞིག་གི་བུ་མིན་དཀོན་མཆོག་གསུམ་ཅེས་མནའ་ཡང་ཤོར།  མཚོ་མོ་དགའ་བས་སྨྱོ་ལ་ཁད་དུ་གྱུར་ཀྱང་སྤམ་མདོག་གིས་དགེ་རྒན་བསྟན་འཛིན་ལ་སློབ་འགོ་ཐོན་པའི་སློབ་མ་བཟང་པོ་ཞིག་ཏུ་མ་གྱུར་ཀྱང་འཚོ་བའི་ཁྲོད་ཀྱི་མི་ཚེ་གཅིག་གི་དགེ་སློབ་ཀྱི་འབྲེལ་བར་སྒུལ་དུ་མེད་པའི་ལྐོག་བརྡ་ཡང་ནས་ཡང་དུ་སྤྲད་པས། དགེ་རྒན་བསྟན་འཛིན་ཀྱིས་སེམས་པའི་ནང་སེམས་པ་འཇོག་འདོད་དེ་དཔེ་ཆ་དེའི་པར་དབང་ཡོངས་རྫོགས་དང་རྩོམ་པ་པོ་མཚོ་མོར་དབང་བར་བྱས་ན། རྗེས་ཕྱོགས་ཁོ་ཡོད་སའི་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་ཆེད་ལས་གསར་བ་དེར་དམིགས་བསལ་གྱི་རྒྱུ་ལག་འཚོལ་བའི་འཆར་གཞི་འང་གསལ་བོར་བཤད། 

སེམས་བདེ་མོ་བྱོས། སྦྱིན་བདག་ཀྱང་ངའི་སེམས་ན་ཁྲིག་ཁྲིག་ཡིན། 

ང་ཚོའི་རྒྱལ་ཁའི་ཆེད་དུ་ཕོར་ཐུག་་་་གཙང་བཞེས། 

ངོ་མ་བཤད་ན་ཁྱོད་མིན་རྒྱུ་ན་ང་ལ་འཆར་གཞི་འདི་ཡང་ཡོད་མི་སྲིད། 

རྒན་གྱི་འདྲེན་པའི་ལྕགས་ཀྱུ་བཟང་ན་ང་སློབ་མའི་དད་པའི་ཨ་ལོང་ལ་ཤོར་ས་ཞིག་གང་ན་འདུག

ཧཧ    ཧཧཧ   འཐུང་་་་འཐུང་་་

ཉི་འོད་མི་རྒྱག་པའི་དྲ་མ་ཆུང་ཆུང་དེའི་ཕར་ངོས་ནས་འོད་ཞགས་ཕྲ་མོ་ཞིག་གི་ལྡོག་འཆར་དེ་མཚོ་མོའི་སྔས་འགོར་རྒྱབ་པས། མོས་གཞི་ནས་ཉིན་གུང་ཡོལ་བཞིན་པ་ཚོར་ནས་མགོ་བོ་ཡར་ལ་དགྱེས་ཏེ་ཁ་པར་ལག་ཏུ་བླངས་ནས་འཁྱུག་ཙམ་བལྟས། མ་གཞི་གློག་ཟད་ལ་ཉེ་བའི་ཁ་པར་གྱི་ངོས་དེ་དེ་འདྲའི་གསལ་རྒྱུ་མེད་ན་ཡང་། ཁོ་མོས་མིག་འཕུར་འཕུར་འགའ་བྱས་རྗེས་ཆེས་ཐོག་མར་རྒན་བསྟན་འཛིན་གྱི་སྐད་འཕྲིན་བཙལ་བ་ན། ད་གཟོད་ཟ་ཁང་སྦུག་ནས་བྱུང་བའི་དོན་དག་རེ་རེ་བཞིན་ཡིད་ལ་འཁོར་ཞིང་། དགེ་རྒན་བསྟན་འཛིན་སྤྱང་ལྟོགས་ཤ་ལ་རྔམ་པ་ལྟར་འཐམ་འཁྱུད་ཅི་ལྟར་བྱས་པ་དང་དེ་ནས་ཅི་བྱུང་སོགས་ཡིད་དུ་གསལ་བོར་འཁོར། དེ་ལས་ཀྱང་སྤྲོ་སྣང་ལྡན་པ་ཞིག་ནི་མཚོ་མོའི་སྐད་འཕྲིན་ནང་གི་ཁོ་རང་ཉིད་ཀྱི་མིང་དེ་དངུལ་གྱི་སོར་གདུབ་ཅེས་པར་བསྒྱུར་ཡོད་པ་དེ་རེད། 

དགེ་རྒན།  ལངས་སམ་ཅི། ཁྱོད་ཀྱི་སྐད་འཕྲིན་ལ་སྒུག་ཡོད། 

གཞུག་ཕྱོགས་དགེ་རྒན་ཅེས་མ་འབོད། བསྟན་འཛིན་ཅེས་ན་ཆོག

མདང་ནུབ་ང་ཅུང་ཙམ་ཡང་བཟི་མེད། 

ང་འང་མེད། ཡོད་ཚད་ལས་དབང་། ང་ཡི་སྒྲོལ་མ་དཀར་མོ། 

འིན་འིན་་་་བཀའ་དྲིན་ཆེ། ང་ཡི་ཕུ་བོ་ཁྱོ་ག་་་

 ལོ་དང་ཟླ་བ་ནི་སྐད་ཅིག་ཙམ་ལ་ཡང་སྡོད་པ་མེད་པས་ན་ཉིན་མཚན་རེས་མོས་ཀྱི་འཁོར་ལོ་དེས་སྐད་ཅིག་འགའ་ལ་དགུན་ཟླ་འཁོར་མོ་ཞིག་ཕར་ལ་བསྐྱལ། མཁར་ནང་གི་དཔྱིད་འགོ་ཚུགས་པའི་སྔོན་བརྡ་ནི་རྨ་ཆུའི་འགྲམ་གྱི་གྲུ་མཁན་དེ་དག་གི་ཀོ་གྲུ་དང་སྨྱུག་གྲུ། ད་དུང་གློག་གྲུ་འགའ་རེ་མཐོབ་ཐུབ་པ་དེ་ཡིན་ལ། ད་དུང་ཆུ་འགྲམ་ན་རྒན་ཡོལ་བྱས་ཟིན་པའི་ལོ་ལོན་འགའ་ཆུ་འགྲམ་ནས་འཆམ་འཆམ་གཏོང་བ་དེས་ཀྱང་ནམ་ཟླ་ཇེ་དྲོད་དུ་སོང་ཡོད་པ་ཤེས། ཕལ་ཆེར་ཆུ་མིག་ལྔ་ལྡན་གྱི་མཚོ་མོའི་ཁང་ཆུང་དེའི་ར་བ་ན་འང་སྔོ་རྩ་འགའ་རེ་འབུས་ཀྱི་ཡོད་ཚོད་ཡིན།  

སྙན་དེབ་ཀྱི་སྦྱིན་བདག་ཐོན་ཡོད།འཕྱོར་པོ་བྱས་ནས་ཡོང་རྒྱུ་མ་བརྗེད། 

དེ་ང་ཐུག   ཁྱོད་ལ་ཁ་ངོ་རི་རབ་འདྲ་ཞིག་ལེན།

ཁོང་ལ་བརྩི་འཇོག་དང་གུས་ལུགས་ལྡན་པ་བྱོས།

བཤད་རྒྱུ་མ་མང་། སུ་ཡིན། 

ཐུག་ན་ཤེས་ནི་རེད། 

གནམ་གཤིས་དྲོད་གྲང་ཤིན་ཏུ་འཚམ་པའི་གཟའ་ཉི་མའི་ཉིན་གུང་ཞིག་ཏུ་བསྟན་འཛིན་གྱིས་མཚོ་མོ་དང་མཉམ་དུ་ཆུ་མིག་ལྔ་ལྡན་གྱི་གླིང་ག་ཞིག་ནས་སྙན་དེབ་ཀྱི་སྦྱིན་བདག་ལ་སྒུག་ནས་བསྡད། མཚོ་མོའི་འཕྱོར་ཆས་དེ་བསྟན་འཛིན་གྱི་བློ་ཡུལ་ལས་ཅུང་འདས་ན་ཡང་། ཕན་ཚུན་ལ་ཁ་བརྡ་ལྷོད་མོ་ཞིག་ཀྱང་བྱ་རྒྱུ་མ་བྱུང་བར་སྦྱིན་བདག་སླེབས་བྱུང་བས་རྟབ་རྟབ་པོར་མདུན་དུ་བུད། 

འོ་་་ལགས། སྤྲུལ་སྐུ་ཚང་བདེ་མོ། 

ཡིན་ད་ཡིན། རྒན་བསྟན་འཛིན་བདེ་མོ། འོ་ད་རུང་མོ་་་

ཁོ་སྤྲུལ་སྐུ་རྟོག་ལྡན་ཚང་རེད། པར་མ་མཚོ་མོ་ཁོ་མོ་རེད། 

འོ་་་་ཤེས་སོང་།  འདྲ་ལེ་མི་འདུག    དངོས་གནས་་་་

ཧེ་་་ཧེ་་་ང་ལ་མཇལ་ཁ་ཞིག་གནང་རོགས་་

སྤྲུལ་སྐུ་རྟོག་ལྡན་ཚང་ནི་ཕར་བལྟས་ཚོད་ཀྱིས་བླ་མ་ཞིག་རེད་ཟེར་བ་ལས་ཚོང་དཔོན་ཞིག་རེད་སྙམ་པའི་སྐུ་བརྗིད་དང་ལྡན་ཞིང་དེང་རབས་ཀྱི་ཆས་ཁོ་ནར་ཞུགས་པའི་བསྟན་འཛིན་དང་ལོ་མཉམ་ཞིག་ཡིན་ཀྱང་། ཁ་ལོ་བ་ནི་ལོ་ན་བཞི་བཅུ་ཡས་མས་ཀྱི་གྲྭ་བ་ཞིག་ཡིན་པས་སྤྲུལ་སྐུ་ཚང་ལ་ཁ་ལོ་བའི་ཞབས་ཞུ་ཁོ་ན་ལས་སྒྲུབས་ཀྱི་མེད་པ་འདྲ་སྟེ། སྤྲུལ་སྐུ་ཚང་གིས་མཚོ་མོར་མཇལ་ཁ་ཞིག་གནང་རྗེས་རང་གར་འདུག་སྟེགས་ཤིག་ནས་སྟིག་སེ་བསྡད་པ་དང་མཉམ་དུ་བསྟན་འཛིན་དང་ཁ་བརྡ་གློད་འགོ་བརྩམས། གྲྭ་བ་ཁ་ལོ་བས་ཀྱང་ཅང་མ་འགོར་བར་གླིང་གའི་རབ་གསལ་ནས་པར་ལེན་འགོ་བརྩམས་པ་དང་།མཚོ་མོས་ལན་རེར་ངོ་བལྟ་ཆུང་ཆུང་ཅིག་བླངས་ནས་མཆུ་རྩི་རེ་བྱུགས་པའམ་མཚམས་རེར་ཁ་པར་ནང་དུ་ཅི་ཞིག་འཚོལ་མདོག་གིས་ཁ་བརྡ་ལ་དེ་འདྲའི་ཉམས་བཞག་མེད་མདོག་བསྟན།

ད་རེབ་སྙན་ངག་གི་སྲོག་ལ་མཛེས་མ་ཞུགས་པའི་ཚོར་སྣང་ཅི་འདྲ་རེད། 

བདུད་རྩི་དང་སྣང་བ་འདྲེས་བ་གཉིས་ཨ་ན་མ་ན་རེད།

དེས་ན་ཡང་གཅིག་མཆོད་དགོས་འདུག་་་ཧཧ 

 ཧཧཧ     ཡིན་ད་ཡིན་ལགས། 

མ་གཞི་བསྟན་འཛིན་དང་སྤྲུལ་སྐུ་རྟོག་ལྡན་གཉིས་ཆུང་དུས་ཀྱི་རྩེད་གྲོགས་ཡིན་པ་དང་། སྤྲུལ་སྐུ་ཆེས་ཐོག་མར་དུ་མཁར་ནང་དུ་ཁྲིད་མཁན་བསྟན་འཛིན་ཡིན་ལ། བསྟན་འཛིན་གྱི་མཁར་ནང་གི་རྒྱབ་རྟེན་ཆེས་བཀན་མོ་དེ་འང་སྤྲུལ་སྐུ་ཚང་རེད། སྐད་ཆ་གཅིག་གིས་བཤད་ན་བསྟན་འཛིན་དང་སྤྲུལ་སྐུ་གཉིས་ནི་ཇ་ཆང་གི་གྲོགས་པོ་ཁོ་ན་ཙམ་མིན་པར་ཁྱོས་མི་བཟའ་ན་ངས་མི་འཐུང་བའི་བློས་ཐུབ་ཀྱི་གྲོགས་པོ་ངོ་མར་བརྩི་ཆོག་པ་ཞིག་རེད། དེ་བས། བསྟན་འཛིན་གྱི་འཆར་གཞི་དེ་འང་དོན་ངོ་མ་བཤད་ན་གངས་དཀར་སེམས་ན་རྟ་ཡོད་པ་མ་ཟད་ཕུ་རུང་ནང་ན་སྲབ་ཡོད་པའི་དོན་དག་སླ་མོ་ཞིག་རེད། 

སྙན་དེབ་ཀྱི་འགྲོ་སོང་ཚང་མ་ཤོད། 

ཁྲི་སུམ་བཅུ་ཡིས་ཆོག ཁྲི་བཅུ་མ་མཐའ་ཡང་ལོན་པའི་གདེངས་ཚོད་ཡོད། 

རྡིབས་ཀྱང་རྡིབས། གཙོ་བོ་དེ་མ་རེད། གཙོ་བོ་མཚོ་མོ་རེད། 

འོ་་་་རེད་་་རེད་་་ངས་འབེན་འབོར་གྱི་འདུག་་་་་ཧཧ་་་

འཚོ་མོས་ཉིན་ཕྱེད་ཅིག་གི་རིང་ལ་བལྟས་བལྟས་རིག་རིག་ཏུ་སྙན་དེབ་ཀྱི་དོན་དག་དེ་ལམ་ལྷུང་དུ་འགྲོ་བཞིན་པ་དངོས་སུ་མཐོང་ཆོས་མྱོང་འགྱུར་དུ་གྱུར་བས། རྨི་ལམ་དང་མངོན་གསུམ་དུས་གཅིག་ཏུ་ཤར་བ་ལྟ་བུའི་འཁྲུལ་སྣང་ཞིག་གིས་ལུས་སེམས་ཀུན་ལ་དགའ་བདེ་བཤད་མི་ཤེས་བ་ཞིག་སྐྱེས་ནས་བསྟན་འཛིན་དང་སྤྲུལ་སྐུ་གཉིས་ཀྱི་བར་ནས་བསྡད་པ་དང་། སྐུ་གཡོག་ཞབས་ཞུ་དང་ཆང་མ་གཞས་མ་ཡོད་ཚད་ཀྱི་ལས་ཀ་གཅིག་ལྕོགས་ཀྱིས་འཁུར་ནས་རང་ནུས་ཡོད་རྒུ་རྩལ་ཏུ་སྤྲུགས། ནམ་ཕྱེད་ཙམ་དུ་ད་གཟོད་བེམ་གཟུགས་ལྟ་བུར་གྱུར་བའི་བཟི་བོ་གཉིས་ཁ་ལོ་བ་གྲྭ་བ་དང་འཚོ་མོ་གཉིས་ཀྱིས་རེ་རེ་བཞིན་རང་སར་བསྐྱལ། 

འདི་ཅི་ཡིན་ནམ་་་ད་སྒོར་བུད་་་དོན་དག་འདིའི་འགོ་རྔ་མི་གཅིག་ལ་འང་བཤད་མི་ཆོག

ཅིའི་ཕྱིར་མི་ཆོག   མདང་ནུབ་ཅི་བཤད་བརྗེད་སོང་ངམ་་་མི་རློམ་ན་ཁ་ལོ་བར་ཕྲིས་་་

སྤྲུལ་སྐུ་རྟོག་ལྡན་ཆང་ནད་ཀྱི་ཀློང་ནས་སྐོམ་པ་དྲག་པོ་ཞིག་གིས་མནར་དེ་སད་ཅིང་ལུས་ཀྱི་ཁྲག་ཡོད་ཚད་གཅིག་ཏུ་བླུགས་ཡོད་པ་ལྟ་བུའི་ལྗི་ཏིག་ཏིག་གི་མགོ་བོ་དེ་བཙན་གྱིས་ཡར་དགྱེ་བ་ན། མཚོ་མོ་རང་གི་གམ་ན་ཉ་རྗེན་པ་ཞིག་བྱེ་ངོགས་སུ་ལྷུང་བ་ལྟར་དམར་རྗེན་ནེར་ཀན་རྐྱལ་དུ་ཉལ་འདུག་པ་མཐོང་མ་ཐག་ལྗི་ཏིག་ཏིག་གི་མགོ་བོ་དེ་དེ་མ་ཐག་སྟོང་སེང་ངེར་བཏང་ཞིང་། སེམས་འཚབ་ཅིང་ངག་ཀྱང་མི་ཁྲོལ་བར་གྱུར་བས་གློ་རྡེག་ཏུ་ཅི་ཞིག་བཤད་དགོས་ཀྱང་མ་ཤེས་བར་མཚོ་མོར་ཡོད་ཚད་གསང་དགོས་ཚུལ་བཙན་གྱིས་བཤད་ཀྱང་། བློ་ཡུལ་ལས་འདས་བ་ཞིག་ལ་མཚོ་མོའི་སྣང་དོགས་མེད་པའི་ཚུགས་ཀ་དང་རང་ཉིད་ལན་ཚུལ་གྱི་སྐད་ཆར་བརྟག་ན་ནི་ཞི་བས་ཐག་གཅོད་རྒྱུ་ལས་གཞན་མེད་པ་རྟོགས། 

ངས་སྙན་དེབ་ལ་འགྲོ་སོང་ཆ་ཚང་གཏོང་།ད་དུང་ཚོང་ལམ་ཀྱང་ང་ལ་ཐུག  

སྙན་དེབ་ལས་གཞན་ཆུང་མ་ལེན་ཚུལ་གྱི་སྐྱག་རྫུན་བཤད་པ་སུ་ལ་བཤད་འོས།

ཨ   ཨ  དཀོན་མཆོག་གསུམ་་་ང་་་ངས་་་

རབ་ཡིན་ན་ཕོ་རབ་ཚིག་ཐོག་བྱོས། བསྟན་འཛིན་གྱིས་ཤེས་ན་འགྱོད་ཀྱང་འཕྱི་སོང་བ་རེད།

 སྤྲུལ་སྐུ་རྟོག་ལྡན་གྱིས་དྲན་པ་ཡོངས་རྫོགས་སུ་ཞིག་གིས་བསམ་བཞིན་བསུབ་སོང་བ་ལྟར་ཅི་ཡང་མི་དྲན་ན་ཡང་། གནས་སྐབས་རང་ལ་གནས་ལུགས་ཅི་ཡང་མེད་པ་ཧ་ཅང་གསལ་བས། གཏམ་མི་ཁ་བརྒྱུད་ན་ཇེ་མང་ཡིན་སྙམ་ཏེ་མཚོ་མོའི་རེ་བ་ཇི་བཞིན་དང་དུ་མི་ལེན་ག་མེད་དུ་གྱུར། ཐ་ན་མཚོ་མོ་འགྲོ་ཁར་བཏོན་པའི་བསྟན་འཛིན་ལ་གསང་སྟབས་ཀྱིས་ཁོ་མོ་དང་མུ་མཐུད་དུ་འགྲོགས་དགོས་པའི་བསམ་ཚུལ་སྐྱུག་བྲོ་བོ་དེའང་དང་དུ་མི་ལེན་ཀ་མེད་དུ་གྱུར། 

སྤྲུལ་སྐུ་རྟོག་ལྡན་གྱིས་ཅི་ལྟར་བསམ་ཀྱང་རང་ཉིད་ཀྱི་ནོར་འཁྲུལ་དེ་གུད་ཡངས་གཏོང་ཐབས་མེད་པ་ཞིག་དང་། མཚོ་མོ་ནི་ཅི་ལྟར་བསམ་ཀྱང་གནས་ལུགས་རྒྱུ་འབྲས་དང་བྲལ་ཅིང་ཁ་ཞེ་འགལ་སྤྲོད་དུ་ཡོད་པའི་གཡོ་ཅན་གྱི་ལྦ་མོ་ཞིག་ཡིན་པ་གསལ་བོ་ཤེས་ཀྱང་།གཅིག་ནས་མོ་འགོང་འདི་བསྟན་འཛིན་དང་རང་གི་འབྲེལ་བ་བརླག་པའི་མེ་རྟར་གྱུར་འགྲོ་བ་དང་། གཉིས་ནས་རང་ཉིད་ཀྱང་སྤྲུལ་སྐུ་རྣལ་མ་ཞིག་ཡིན་པས་མཚན་དང་སྙན་གྲགས་ལ་ཡང་གནོད་འགྲོ་བ་མིན་ནམ་སྙམ་ནས་འདང་རྒྱག་གནམ་གྱིས་མི་ཁེབས་པ་ཞིག་གི་ནང་དུ་ལྷུང་།

 མཚོ་མོ། མི་དམངས་སྨན་ཁང་དུ་ཤོག  ད་ཐོན་དུ་ཆུགས།

ཏན་ཏན་སྤྲུལ་སྐུ་རྟོག་ལྡན་སེམས་བློང་བློང་གྱུར་ཡོད་པའི་སྒང་ལ་ཁ་ལོ་བའི་དོན་དག་ཚང་མ་སྒོ་ཕྱི་ནས་ཐོས་བས། དེ་མུར་ཚོམས་ཁང་གི་ཞབས་ཞུ་བ་ལ་དོན་དག་གསལ་བོར་བཤད་དེ་བརྙན་མིག་སོགས་ཡོད་མེད་གསལ་བོར་དྲིས་བ་ན། ཞབས་ཞུ་མ་དེས་གཞན་ཅི་ཞིག་གིས་ཀྱང་གོ་མི་ཆོད་ཚུལ་དང་ཉལ་པོ་བསྟེན་ན་ཕྱི་ཉིན་སྨན་ཁང་དུ་བརྟག་ཚེ་འཆོར་ས་མེད་ཚུལ། མོས་ད་དུང་མགྲོན་ཁང་འདི་ནས་དོན་དག་འདི་རིགས་བརྒྱ་ཕྲག་ལྷག་ཐག་བཅད་མེད་དམ་ཞེས་ཁ་ལོ་བར་ཁ་ཤོམ་འཐེན་པ་ན། ཁ་ལོ་བར་ཐབས་ཤེས་གནམ་ནས་བསྩལ་བ་ལྟར། ཁོ་དང་སྤྲུལ་སྐུ་རྟོག་ལྡན་གཉིས་ཀྱིས་ལྷ་ཡིན་ན་མཆོད་ཁང་དང་འདྲེ་ཡིན་ན་གད་ཁུང་དུ་གཡུག་རྒྱུའི་ཐག་བཅད། 

 བསྟན་འཛིན། འཆར་གཞི་དེ་གཡུག་ཞོགས་

ཨ་་་ཨ་ལགས་་་་ཅི་བྱུང་། ཕོ་རབ་ཚིག་ཐོག་མིན་པ་ཅི།

སྤྲུལ་སྐུ་རྟོག་ལྡན་ལ་ཆད་སྣང་དང་སུན་སྣང་འདྲེས་མ་ཞིག་ཤ་འོད་བཞིན་འཚང་ཡོང་ཀྱང་། ཁོས་སྔར་བཞིན་ཧ་ཅང་གཟབ་ནན་གྱིས་བསྟན་འཛིན་ལ་དོན་དག་གི་མགོ་རྔ་ཚང་མ་གསལ་བོར་བཤད་པ་མ་ཟད། ཐ་ན་འཚོ་མོའི་ད་ལྟའི་ཐོབ་ཐང་ངོ་མ་དང་ལས་ཀ་ངོ་མ་ཅི་ཞིག་ཡིན་པ་འང་བཤད་དཀའ་བར་འདུག་ཅེས་དོགས་འདྲི་བྱས་པ་ན། ད་གཟོད་མཚོ་མོའི་སྡོད་གནས་གང་ཡིན་ཆ་མི་འཚལ་བའི་བསྟན་འཛིན་ལ་འང་སྨྲ་མི་ཤེས་བའི་ནོངས་འགྱོད་ཀྱི་ན་བུན་སྟུག་པོ་འཐིབ་ཡོང་བ་དང་ལྷན་དུ།མཚོ་མོའི་ཆུང་དུས་ཀྱི་སྣང་བརྙན་སྙིང་རྗེ་བོ་དེ་མིག་ལམ་དུ་ཡང་ཡང་འཆར་ཞིང་། ཟླ་འདི་དག་ལ་རང་ཉིད་ཀྱི་བླུན་རྟགས་ཚ་བའི་བྱ་སྤྱོད་ལ་ཤོར་བའི་གཅིག་རྗེས་གཉིས་མཐུད་ཀྱི་རྔན་པ་དག་འགོག་མེད་ཀྱི་རྦབ་ཆུ་བཞིན་དུ་སེམས་པའི་གཏིང་རིམ་དང་གློ་བའི་ཡུ་གར་བརྒྱུད་ནས་ཐང་ལ་སྟུག་སྟུག་ཏུ་ལྷུང་།། 

མཚོ་མོ། ཡོད་ཚད་ཇི་འདྲའི་གློ་བུར་བ་ཞིག་རེད་འང་།ང་ཚོས་རང་ཉིད་ཀྱི་དྭངས་གཙང་གི་སྨོན་འདུན་འཁྱེར་ནས་ལྗན་ལྗིན་གྱི་གྲོང་ཁྱེར་དུ་ཅི་ལྟར་སླེབས་པའང་མ་རྟོགས་ལ། རྟོགས་ནས་ཀྱང་ཡོད་ཚད་ལ་ཕྱིར་མིག་རེ་འཕངས་ན་ནི། ང་ཚོ་ནི་ལས་དབང་གིས་དམ་དུ་བཏགས་ཡོད་ན་འང་ཨུ་ཚུགས་ཀྱི་འུར་ཟིང་དུ་འཚང་པའི་གྲོག་ཚང་ནང་གི་གྲོག་མ་ཞིག་ལས་གཞན་ཅི། ང་ཚོས་ད་དུང་འགལ་འཐབ་ཀྱི་འཚོ་བ་དང་བརྩེ་དུངས་ཀྱི་རལ་གྲི་ལག་ཏུ་བཟུང་ནས་སྤྱི་ཚོགས་ཀྱི་གྲུ་ག་གཞོགས་འདོད་པ་ནི་ཅི་འདྲའི་གླེན་རྟགས་ཚ་བོ་ཞིག་རེད་འང་། ད་ནངས་ད་གཟོད་ང་ཁྱོད་ཀྱི་སྟེང་ལ་འགྱོད་གདུང་ལས་ཕངས་སེམས་རྫོགས་མེད་ཅིག་ཤོར་སོང་། རྒྱུ་མཚན་ཅི་ཡིན་ཞེ་ན། ངས་ཁྱོད་རང་ངའི་སློབ་མ་དེ་ཡིན་པར་སྒོམ་ཅིང་ཁྱོད་ཀྱིས་ཀྱང་ང་རང་སྔོན་གྱི་དགེ་རྒན་དེ་ཡིན་པར་རློམ་ནས་རང་རང་གི་གནས་སྟངས་བརྗེད་སོང་བ་དེ་ཆེས་མ་རིག་ས་དང་མ་འདང་ས་དེ་རེད།  ད་ལྟ་བསམ་ན་ལོ་ངོ་བཅུ་ཁར་ཁྱོད་ཀྱིས་ཅི་ལྟར་ཉི་མ་བཏང་ནས་འོང་བ་ཡིད་ལ་གསལ་བོར་འཆར་སླ་བ་ཞིག་རེད། དེ་བས། ལེ་བདའ་མེད། སྙིང་ནད་མེད། འགྱོད་པ་དེ་བས་ཀྱང་མེད། ཡོད་ཚད་ལ་དེ་ལྟར་དུ་རྗོགས་ཚིག་འགོད་དགོས་བྱུང་། མཇུག་ཏུ་ཞུ་རྒྱུ་ཉག་གཅིག་ནི་གྲོང་མཁར་ནི་མོ་རྐྱང་ཚོ་སྡོད་སའི་གནས་ཤིག་གཏན་ནས་མ་ཡིན། སྔ་མོ་ནས་ཕྱིར་ཕ་ཡུལ་ཏུ་ལོག་དང་རང་ལ་དབང་བའི་ཡོད་ཚད་དེ་ན་ཡོད་ཅེས་དགེ་སློབ་ཀྱི་བརྩེ་འདང་ངོ་མ་ཞིག་གིས་མནའ་བསྐྱལ་བ་ཡིན། ཞེས་ཁྱུང་པོ་ཐང་སྡེ་བའི་ལོ་རིམ་ལྔ་བའི་དགེ་རྒན་བསྟན་འཛིན་གཡུ་རྒྱལ་གྱིས་སློབ་བུ་གངས་དཀར་མཚོ་མོ་ལ་བརྩེ་བས་སྦྱར།

དགེ་རྒན་ལགས། 

ནང་དུ་ཤོག 

ཁྱོད་་་་་་ང་་་་་་འིན་་་་་་

ངས་འཛིན་གྲྭ་འདི་བཙུགས་ནས་ལོ་གསུམ་ལ་ཉེ་་་་་་ད་རུང་་་་ཧིན་་་ཧིན་་་ 

ཨ་་་་ཨ་་་ད་་་་འདི་་་་ངོ་མ་དགའ་འོས་བ་ཞིག་རེད་་་་

བརྩོན་པའི་མི་དེ་ལམ་གྱིས་མི་གཏོང་ཅེས་པ་ལྟར། བསྟན་འཛིན་གྱིས་རང་གི་བུའི་དབྱར་གནང་གི་སྐད་ཡིག་གསབ་སྦྱོང་འཛིན་གྲྭའི་གནས་ཚུལ་ལ་རྒྱུས་བྱེད་དུ་སོང་བ་ན། ལམ་དཀར་སྐད་ཡིག་གསབ་སྦྱོང་འཛིན་གྲྭའི་འཛིན་བདག་ནི་ཏན་ཏན་མཚོ་མོ་ཡིན་པས། བསྟན་འཛིན་ལ་སྙིང་ཁོངས་རུས་བའི་གཏིང་ནས་དགའ་བ་ཞིག་སྐྱེས་ཞིང་ལུས་ཀྱི་ལང་ཚོ་ཡོལ་ཀྱང་གདོང་ན་ཡིད་ཆེས་དང་རེ་ལྟོས་ཀྱིས་ཁེངས་བའི་མཚོ་མོའི་གནས་སྟངས་དེ་དངོས་སུ་མཐོང་པས། སེམས་སུ་ལོ་ངོ་མང་པོར་འཁུར་བའི་སེམས་ཀྱི་ཁུར་ཆེན་ཞིག་ས་ལ་བཞག་པ་དང་འདྲ་བའི་བདེ་བ་བཤད་མི་ཤེས་བ་ཞིག་གིས་ཁྱབ་པར་གྱུར། 

   ཨ་མའི་བུ་མོ་བོད་ལ་དགའ། ། བོད་ཀྱི་སྐད་ཡིག་སྐྱོང་ལ་དགའ།།  

   ལམ་དཀར་བོད་ཡིག་སློབ་ལ་དགའ། ། མཚོ་མོའི་དཀར་ལམ་གསལ་བར་ཤོག།

བསྟན་འཛིན་གཡུ་རྒྱལ་གྱིས་གངས་དཀར་མཚོ་མོ་ལ་ཁ་ཞེ་གཉིས་མེད་ཀྱི་རྟིང་སྐུལ་གྱི་ལེགས་བཤད་ཤོ་ལོ་ཀ་གཅིག་ཤར་མར་བྲིས་ཏེ་ལེགས་སྐྱེས་སུ་བཏེགས་ཤིང་། མི་ཚེ་ལམ་སྟོན་ལྟ་བུའི་དགེ་རྒན་གྱི་བསླབ་བྱ་དེ་ཡང་བསྐྱར་མཚོ་མོའི་གཞུང་ལས་ཁང་གི་འདུག་སྟེགས་མདུན་ཐད་ཀྱི་གྱང་ངོས་སུ་བཀལ། ཤུགས་ཀྱིས་བྲིས་བའི་ཡིག་འབྲུ་རེ་རེ་ནི་མུན་པའི་ནང་གི་ལམ་སྟོན་གྱི་སྒྲོན་མེ་རེ་རེ་བཞིན་འོད་ལམ་ལམ་དུ་འཚེར་ལ། ནན་ལ་གཟབ་པའི་བསྟན་དོན་དང་དོན་སྙིང་གི་ཡང་སྙིང་རེ་རེ་ནི་མཚོ་མོའི་སེམས་ངོས་སུ་རྟག་བརྟན་ཐེར་ཟུག་ཏུ་གྱུར་བའི་མན་ངག་དྲོན་མོ་ཇི་བཞིན་དུས་གཏན་དུ་འཇགས་པར་གྱུར། བྱ་རྒྱལ་འཕུར་བ་ལྟ་བུའི་བསྟན་འཛིན་གཡུ་རྒྱལ་ཅེས་བའི་མཚན་བྱང་གི་ཡིག་འབྲུ་བཞི་བོ་དེའང་ལེགས་སྐྱེས་དེར་ཞུགས་པའི་རྣམ་ཤེས་རྒོད་པོ་བཞིན་གསོན་ཤུགས་རྒྱས་ཤིང་སྟོབས་དང་ངར་གྱིས་ཁེངས་བ་ཞིག་ཏུ་མངོན། །


微信图片_20210203095250.jpg

ཚེ་རིང་དོན་གྲུབ། སྨྱུག་མིང་ལ་ཨ་དོན་དུ་འབོད།གྱ་གཉིས་ལོར་མདོ་སྨད་བྱང་ཉི་མ་བླ་བྲང་གི་མི་སྡེ་ཆེ་ཁག་ཨ་མཆོག་ཚོ་བརྒྱད་ཀྱི་ཡ་གྱལ་མུ་ཏོ་སྔོན་པོ་རྒྱལ་གྱི་ཚོ་བར་གཏོགས་པའི་ཡུལ་སྡེ་ལྦ་སྣ་ས་ཆར་སྐྱེས་ཤིང་།རང་ལོ་བརྒྱད་ཀྱི་སྟེང་ནས་ལོ་ངོ་བཅུ་དགུ་ལ་ཡ་རུ་རྒྱུད་ཞང་ལྟེ་བའི་སློབ་ཆུང་དང་། དེ་ནས་རིམ་བཞིན་གཙོས་བོད་རིགས་སློབ་འབྲིང་། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་བཅས་སུ་འགྲིམས་མཐར་བོད་ཀྱི་དེང་རབས་རྩོམ་རིག་གི་ཞིབ་འཇུག་སློབ་མའི་འབྲས་རྟགས་ཐོབ། ཉིས་སྟོང་ལྔ་ལོ་ནས་བཟུང་རྨ་ཆུ་རྫོང་དུ་གཞུང་ཞབས་པའི་ལས་ལ་ཞུགས་པ་ནས་ད་ལྟའི་བར་མི་ལོ་བཅོ་ལྔ་ཙམ་འདས་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།