ཀྲུང་གོ་བོད་ཀྱི་དྲ་བ།

གྲོང་ཁྱེར་གྱི་སྨུག་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : དབྱངས་འབུམ་ཚེ་རིང་།   སྤེལ་དུས། : 2021-01-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གྲོང་ཁྱེར་འདིའི་མི་རྣམས་ཟང་ཟིང་ལང་ལོང་གིས་བྱ་བ་སྣ་ཚོགས་ལ་བྲེལ་བས་རང་ཁྱིམ་གྱི་སྒོ་དང་སྒེའུ་ཁུང་ལས་ནམ་ཞིག་ལ་ཉི་འོད་བོར་བའང་ཤེས་ཀྱིན་མི་འདུག་སྟེ། གྲོང་ཁྱེར་ཧྲིལ་པོར་སྨུག་པ་འཐིབས་ནས་ཕར་འགྲོ་མི་ཡི་རྐང་པའི་གོམ་སྟབས་དང་ཚུར་འོང་མི་ཡི་གདོང་གི་འཛུམ་མདངས་ཀྱང་མཐོང་ཐུབ་ཀྱིན་མི་འདུག མེ་འཁོར་གྱི་དུང་བརྡ་རེ་རེ་སྨུག་པའི་གསེབ་ནས་ག་ལེར་ཕྱོགས་ཕྱོགས་སུ་མཆེད་ཅིང་ཆུ་ཡི་གཉེར་མ་བཞིན་ཡུན་དང་ཁད་ཀྱིས་ཡལ་འགྲོ། དམིགས་མེད་དུ་བགྲོད་ཀྱིན་པའི་འཁོར་ལོའི་འགྲོ་འོང་ནི་གཙང་པོའི་བཞུར་རྒྱུན་བཞིན་སྨུག་པའི་ཧྲག་བར་ལ་ཞེད་སྣང་མེད་པར་འཛུལ་ཅིང་སིམ་གྱིན་འདུག་ལ། ཞི་ལ་རེ་གཉིས་ཁང་བརྩེགས་མཐོན་པོའི་སྒེའུ་ཁུང་གི་ཁར་བསྡད་དེ་རིག་པ་ལྕགས་སྐུད་ལྟར་བསྒྲིམས་ནས་སྨུག་པའི་ནང་མགོ་བོ་འཁོར་ཞིང་གཤོག་རྩ་རྣག་སྟེ་བྱེའུ་ཁྱུར་བྲལ་བའི་བྱེའུ་རེ་རེར་ངང་སྒུག་བྱེད། ལོ་འདབ་དག་ཐུར་དུ་འཕྱང་ཞིང་ས་རྡུལ་གྱིས་གཡོགས་པའི་ལྕང་སྡོང་དག་གི་རྩར་ཁྱི་ལྡོམ་རེ་འགས་མི་ཚོགས་ཀྱི་འདུ་འཛི་ལའང་སྣང་དོགས་མི་བྱེད་པར། ཟས་འཕྲོ་དང་སྐྱུགས་རོ་ཡིས་ཚིམས་ཏེ་སྔུར་བ་ཟ་ཟི་འཐེན་གྱིན་གློ་ཉལ་བྱས་ཏེ་འདུག

ཐར་བ་ནི་གྲོང་ཁྱེར་ཆེན་པོ་འདིའི་སྲང་མཐའི་སྟབས་བདེའི་གཞིས་ཁུལ་ཞིག་ཏུ་གླས་པའི་མི་གཅིག་གི་མལ་ཁྲི་ཁོ་ན་ཤོང་བའི་ཁང་ལེབ་ཅན་གང་གི་ཕྱེད་ཀ་ཙམ་ཞིག་གི་ནང་དུ་ད་དུང་ཡང་སྐྱུར་དྲི་ཐུལ་ལེར་ཉལ་འདུག ཁོའི་སྔས་འབོལ་འགྲམ་དུ་ཅོག་ཙེ་ཆུང་ངུ་ཞིག་འདུག་ལ། དེའི་སྟེང་དུ《བསྟོད་སྨོན་ཕྱོགས་བསྒྲིགས》དང《ལས་མི་འཚོལ་བསྡུའི་རྒྱུགས་གཞིའི་མ་དཔེ》སོགས་རྒྱ་བོད་ཡིག་རིགས་གཉིས་ཀྱི་གནའ་དེང་གི་དཔེ་ཆ་འགའ་གོ་རིམ་མེད་པར་བཞག་འདུག དེའི་སྣེ་རུ་མདང་དགོང་གི་ཁ་བའི་མེ་ཏོག་རྟགས་ཅན་གྱི་ཆང་འཕྲོའི་དམ་བེ་དང་དུ་སྣེ་འགའ་སྤུངས་པའི་འགྱིག་དེམ་ཆུང་ངུ་ཞིག་ཀྱང་བཞག་འདུག་ལ། འདྲ་པར་རེ་གཉིས་ས་རྡུལ་གྱི་དྲེག་པ་ཆགས་པའི་གྱང་ལྡེབས་སུ་སྦྱར་བའང་ཕྱེད་ཀ་གོག་ནས་ཐུར་ལ་དཔྱངས་འདུག དུས་ཚོད་ཀྱི་དབང་ཤུགས་ལ་སུས་ཀྱང་ངོ་ཡ་ཡོང་གིན་མི་འདུག་སྟེ། ཆུ་ཚོད་འཁོར་ལོ་འཁོར་ནས་ཉིན་གུང་གི་ཆུ་ཚོད་བཅུ་གཉིས་ལ་སླེབས་བྱུང་། ཐར་བའི་ཀུ་ཤུ་རྟགས་ཅན་གྱི་ཁ་པར་ཆུང་ངུ་དེ་སིང་སིང་གྲག་བྱུང་། ཁོས་ད་དུང་གཉིད་མ་སངས་པའི་མིག་ཟུང་འབྱེད་འཛུམ་བྱེད་དཀའ་ཡང་ལག་ཟུང་ཤུགས་ཀྱིས་བརྐྱངས་ནས་ཁ་པར་ཚུར་བླངས་པ་དང་། སྨིན་མ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ་ཁ་པར་ལ་བལྟས་པ་ན་ཁོ་རང་ཅི་བྱེད་འདི་བྱེད་མེད་པར་ཅུང་ཙམ་ཧད་དེ་ལུས་ཤིང་།དེ་ནས་སེམས་ཆུང་གིས་ཁ་པར་སྣེ་ལེན་བྱས་བྱུང་།

“ཐར་བྷོ། ཅི་བྱེད་ཀྱིན་ཡོད།”

“ཨ་མ། ངས…… ང་ད་ལས་ཚོགས་གྲོལ་ནས་ཕྱིར་ཁང་པའི་ནང་ལ་ཐོན་པ་ཡིན།”

“ཨོ་རེད་རེད། ལས་ཀ་ལྕིའམ། ལུས་པོ་བདེའམ།”

དེ་ལྟར་ཨ་མ་ཡིས་ཐར་བ་ལ་སེམས་ཐག་ཉེ་བའི་དྲི་བ་མང་དུ་དྲིས་བྱུང་བར། ཐར་བས་མིག་མཐར་མཆི་མ་འཁྱིལ་གྱིན་དོན་དངོས་སྦ་གསང་བྱས་ཏེ་ཨུ་ཐུག་ཐབས་ཟད་ཀྱིས་རྫུན་གཏམ་འགའ་གུང་བསྒྲིགས་ནས་མགོ་རྔ་མི་མཚུངས་པའི་ལན་འདེབས་ཅི་ཐུབ་བྱས། ཨ་མའི་ཁ་པར་སྣེ་ལེན་བྱས་པ་དང་ཐར་བས་དབུགས་རིང་ཞིག་ཕྱུང་རྗེས་མལ་སའི་ནང་ཀན་རྐྱལ་དུ་ལོག་སྟེ་འདུག་ལ། ལོ་ན་ཉི་ཤུ་ཡིན་པའི་སྐྱེས་པ་འདིའི་ངོ་གདོང་ལས་ཉོབ་ཅིང་དུབ་པའི་སྐྱ་མདངས་ཤིག་མངོན་ཞིང་། དྲེག་པ་ཆགས་ཤིང་སྐམ་པོར་གྱུར་པའི་ཁ་སྒོ་ལས་སོ་དྲེག་སྲབ་མོར་ཆགས་པའི་མདུན་སོ་གཉིས་ཀྱང་ལྷིང་ལ་བུད་ནས་འདུག་ལ། མིག་ཟུང་ལས་ཨུ་ཐུག་ཐབས་ཟད་ཀྱི་སྐྱོ་ཉམས་ཤིག་ཀྱང་མངོན་ཏེ། ཁོས་བསམ་གཞིག་སྣ་ཚོགས་ཀྱི་སྒོ་མོ་གང་ལའང་སྐོར་མ་ཕོད་པར་ཁང་པའི་གྲུ་ལོགས་ཤིག་ལ་ཅེར་ནས་བསྡད།

ཁང་པའི་གྲུ་ཁར་སྡོམ་རྒྱ་ཕྱོགས་བཞིར་འཐེན་ཅིང་སྡོམ་གྱི་ཁུང་བུ་རེ་གཉིས་ཀྱང་ནག་ཧང་ངེར་འདུག སྐབས་དེར་སྦུར་ནག་ཅིག་གྱང་རྟིང་ནས་འབད་པ་ཆེན་པོས་གྱེན་ལ་འགོས་བྱུང་། གྱང་ངོས་ཀྱི་ས་རྡུལ་གསེབ་ལ་ནན་ཏན་གྱིས་སུག་རྗེས་ཀྱི་རི་མོ་འབྲི་བཞིན་གྱེན་ལ་འགོས་ཤིང་གྱང་ངོས་སུ་སྦྱར་བའི་འདྲ་པར་དག་གི་མཐའ་བསྐོར་ནས་ཡུན་རིང་འགོས་མཐར་སྡོམ་རྒྱའི་མཐའ་ལ་སླེབས་བྱུང་། དེ་རུ་ཐེ་ཚོམ་གྱིས་སྐོར་བ་འགའ་བྱས་ཏེ་ཅི་ཞིག་གི་བསླུ་བྲིད་མ་བཟོད་པ་ལྟར་སྡོམ་རྒྱའི་དབུས་སུ་འགྲོ་རྩིས་བྱས་བྱུང་། ཐར་བ་འཚབ་འཚུབ་ཀྱིས་ཡར་ལངས་ཏེ་དེ་ཉིད་དཀྲོག་རྩིས་བྱེད་དུས་སྦུར་ནག་དེ་བསམ་ལོང་དྲན་ལོང་མེད་པར་སྡོམ་དྲའི་སྟེང་ལ་འབྱར་སོང་། ཐར་བ་ལ་ཡར་ལངས་འདོད་ཀྱི་སེམས་ཤུགས་ཡོད་ཀྱང་སྟོབས་ཤུགས་མེད་པ་འདྲ། སྐབས་དེར་སྡོམ་གྱི་ཁུང་བུ་ལས་སྡོམ་ཆེ་ཆུང་འགའ་ཕྱི་ལ་བུད་དེ། སྦུར་ནག་གིས་རྐང་ལག་ཀྲབ་ཀྲབ་ཀྱིས་འཕག་འཚག་བྱེད་ཀྱིན་པར་བལྟས་ནས་འདུག ཅུང་ཙམ་ནས་སྡོམ་དེ་རྣམས་སྡོམ་རྒྱའི་དྲ་སྐུད་སྟེང་ནས་ཡར་རྒྱུག་མར་རྒྱུག་བྱས་བྱུང་ལ། ཐར་བའི་སེམས་སུ་སློབ་ཆེན་གྱི་བསླབ་དེབ་ཅིག་ལས་སྡོམ་གྱི་རྐང་པའི་སྟེང་ནས་སྣུམ་ཁུ་ཟགས་ཐོན་བྱེད་པས་དེ་ལ་འཇམ་འདྲེད་ཀྱི་ནུས་པ་ལྡན་པ་རེད་ཅེས་པ་ཡིད་ལ་འཁོར་བྱུང་། ད་ནི་ཐར་བས་འབུ་སྲིན་གྱི་འཇིག་རྟེན་དེར་སེམས་ཁུར་དང་སྙིང་རྗེའི་སྣང་དོགས་ཅི་ཡང་བྱ་རྩིས་མེད་པར་མགོ་བོ་གཡས་ཕྱོགས་སུ་འཁོར་ཏེ།ཤིན་ཏུ་དོག་པའི་ཁྱིམ་འདིར་འོད་སྣང་ཕྲན་ཙམ་འདྲེན་ནུས་པའི་ཆུང་ཞིང་མི་གསལ་བའི་སྒེའུ་ཁུང་ལ་བལྟས་པ་ན། དེ་རིང་ཡང་སྔར་བཞིན་གྲོང་ཁྱེར་འདི་སྨུག་པས་བཏུམས་ནས་ཡོད་པ་དང་། ཕ་ཡུལ་ལྟར་ཉི་འོད་ཅིག་མཐོང་བའི་ལས་སྐལ་མི་ལྡན་པ་ཤེས་ལ། གྲོང་ཁྱེར་འདིའི་མི་ཚོགས་དང་འུར་ཟིང་ནི་གྲོང་ཁྱེར་འདིའི་དཀྱིལ་དབུས་བརྒྱུད་ནས་འབབ་ཀྱིན་པའི་རྨ་ཆུ་དང་འདྲ་བར་མཚམས་ཚིགས་དང་མཐའ་དབུས་མི་འདུག་པས། ཁོ་བོ་ནི་མདོ་དབུས་མཐོ་སྒང་གི་ཁ་བའི་འདབ་མ་ཞིག་དང་འདྲ་བར་ཆུ་བོ་ཆེན་པོ་འདིའི་དཀྱིལ་དབུས་སུ་བབས་པ་ན། སྒྲ་དང་ཁ་དོག་གང་ཡང་མེད་པར་ཤིན་ཏུ་ལྷིང་འཇགས་ཀྱིས་འཐིམ་ཞིང་ནུབ་འགྲོ་བར་སྙམ།

དེ་ལྟར་ཡིན་མིན་གྱི་སྟོང་འདང་སྣ་ཚོགས་བརྒྱབ་རྗེས་ཐར་བས་ནངས་ཇའང་མ་འཐུང་བར་ཉིན་ཕྱེད་ཡོལ་ལ་ཉེ་བ་དང་། མདང་ཆང་གིས་བཟི་ནས་ར་རོ་བར་གྱུར་པས་ནུབ་ཚ་ལ་ཡང་ཁ་ནང་ལ་ཡོང་ཡོད་མེད་ཐེ་ཚོམ་འདུག་པས། ད་ནི་ཁོའི་གྲོད་ཁོག་ལ་ལྟོགས་སྐོམ་གྱི་མེ་ལྕེ་འབར་བཞིན་འདུག མལ་སའི་ནང་ནས་ཡར་ལངས་ཏེ་སྔར་སྲོལ་བཞིན་མལ་ཐུལ་དང་མལ་གདན་སྦྲུལ་ཤུན་ཕུད་ཕུད་བྱས་ནས་བཞག འཛིང་ཞིང་འཐོར་བའི་སྐྲ་ལོ་ཤད་ཙམ་བྱས་ཤིང་ངོ་ལ་ཆུ་ཁྱོར་བ་འགའ་བརྒྱབ་ཅིང་མིག་སྐྱག་ཉ་ར་ཞིག་བྱས་ཏེ།ཁང་པའི་ནང་ནས་ཕྱི་ལ་བུད་ཅིང་སྲང་ལམ་དོག་མོ་ཞིག་བརྒྱུད་དེ་མི་ཚོགས་འདུ་སའི་ཚོང་ར་ཞིག་ཏུ་འབྱོར། མི་ཚོགས་ཀྱི་རྦ་རླབས་འཁྲིགས་པའི་དབུས་སུ་ཐར་བའི་ངོ་གདོང་ལས་ད་དུང་གཉིད་མ་སངས་པའི་ཉམས་ཤིག་མངོན་འདུག ཐར་བས་སྲང་ལམ་དེ་ནས་པེ་ཅིན་སྟབས་ཐུག་ཅིག་ཉོས་ཏེ། ནང་ལ་བྲོ་རྫས་བཏབ་ནས་གཡུག་གཡུག་འགའ་བྱས་རྗེས་སྟབས་ཐུག་སྐམ་ཟོས་བྱེད་ཞོར། དམིགས་ཡུལ་དང་འཆར་གཞི་ཅི་ཡང་མེད་པར་སྲང་ལམ་ཉུལ།

ཚོང་རྫས་སྣ་ཚོགས་ཀྱི་ཁྲོམ་ར་འདིར་མི་རྣམས་འཚང་ཁ་ཤིག་ཤིག་གིས་རང་མཁོའི་དངོས་རྫས་སྣ་ཚོགས་ཉོས་ཏེ་ཁོམ་གྱིན་མི་འདུག་ལ། ཡང་ཚོང་པ་རྣམས་ཀྱིས་འཚང་ཁ་ཤིག་ཤིག་གིས་ས་ལག་མཐིལ་ཙམ་ཡང་མ་ལྷག་པར་སྣོད་ཇ་ལག་ཡོ་བྱད་མཁོ་དགུ་འཚོང་གིན་ཡོད་པར་མ་ཟད། ཟས་རིགས་ལ་ཡང་བཟའ་རུང་མིན་སྣ་ཚོགས་ཏེ་ཆེ་བ་སྡེར་ཐོགས་གཅན་གཟན་ནས་ཆུང་བ་འབུ་སྲིན་སྣ་ཚོགས་གཡོས་སྦྱོར་བྱས་ཏེ་འཚོང་གིན་འདུག་པས། སྲང་ལམ་འདིར་དྲི་མ་སྣ་ཚོགས་འདྲེས་པའི་མཁའ་དབུགས་སྟུག་པོ་ཞིག་གིས་ཡོངས་སུ་ཁྱབ་པས། གཟུགས་ཡོད་གཟུགས་མེད་ཀྱི་འགྲོ་བ་རིགས་དྲུག་ནི་གསུར་དྲི་འདི་ཡིས་ཀྱང་ཚིམས་ཡོད་ངེས། མི་རྣམས་ཕར་ལ་འགྲོ་ཞིང་ཚུར་ལ་འོང་བ་རྒྱུན་ཆད་མེད་པས། ལན་རེར་ཡུད་ཙམ་ཁེགས་ནས་འགྲོ་དཀའ་བའི་སྣང་ཚུལ་ཡང་ཐོན་གྱིན་ཡོད། ཐར་བ་རྒྱུན་ལྡན་ཡིན་ལ་རྒྱུན་ལྡན་མ་ཡིན་པའི་སྲང་ཀྱོག་དེ་རུ་བྲེད་ཤ་དང་འཚུབ་ཆ་གང་ཡང་མེད་པར་དལ་ལྷོད་ལྷོད་ཀྱིས་ཉུལ། མཚམས་ཤིག་ལ་ཁོས་རང་གི་མདུན་ཕྱོགས་སུ་སྟ་ཟུར་རབ་ཏུ་སྨིན་པའི་བུ་མོ་ལང་ཚོ་དར་ལ་བབས་པ་ཞིག་ཡོད་པ་དེའི་རྗེས་བསྙེགས་ནས་སོང་། བུ་མོ་དེའི་སྟོད་ལ་ཕྱི་ནང་གསལ་བའི་སང་རས་དཀར་པོའི་སྐེ་དཀྲིས་ཤིག་གིས་གཡོགས་འདུག་ལ། ཕྱི་ནས་བལྟས་ན་ནང་གི་ཁ་དོག་གློ་སྐྱ་ཡིན་པའི་ནུ་ཐུམ་དང་། ལྡེམ་ཞིང་འགུལ་བའི་སྐེད་པའང་གསལ་ལ་མི་གསལ་བར་མཐོང་ཐུབ། ཁོ་མོས་ཤ་འབྱར་གྱི་རྐང་སྣམ་ནག་པོ་ཞིག་གྱོན་ཡོད་པས། མཁྲང་འབུར་གྱི་རྐུབ་ཤ་རྡོག་པོ་གཉིས་ནི་གཡས་གཡོན་མཐོ་དམའ་རེས་མོས་ཀྱིས་གཡོ་ཞིང་ལྡེམ་ལ། དྲང་ཞིང་ལྡེམ་པའི་རྐང་པར་འཇུར་རྟ་ཡུ་རིང་ཞིག་གྱོན་ནས་དྲང་ཐིག་གཅིག་དེད་དེ་ཁེངས་པའི་ཉམས་ཀྱིས་གོམ་པ་མདུན་དུ་སྤོས་པ་དེས། ཐར་བའི་བླ་སྲོག་འཕྲོག་སོང་བ་ལྟར་དྲན་པ་བོར་ནས་རྗེས་འདེད་བྱས། ཁོས་མི་ཚོགས་ཀྱི་དབུས་ནས་རེས་གསལ་རེས་མོག་གིས་བུ་མོ་དེ་བོར་སྟོར་འབྱུང་བར་སེམས་ཁུར་བྱས་ཤིང་། དེ་ནས་ཉེ་སར་བཅར་བ་དང་ཡང་རྒྱབ་གཟུགས་ལ་བལྟས་པས་མ་ཚིམས་པར་མདུན་ནས་བལྟ་འདོད་སྐྱེས་པས་བྲེལ་སྟབས་ཀྱིས་བུ་མོ་དེའི་སྔུན་ལེན་པར་གྲ་སྒྲིག་བྱེད་སྐབས། བུ་མོ་དེ་གློ་བུར་གཡས་སུ་དཀྱོགས་ནས་ཐོག་ཁང་ཞིག་གི་ནང་ལ་འཛུལ་སོང་། དེ་ནས་ཁོས་ཐོག་ཁང་དེའི་སྒོ་ཁར་ཡུད་ཙམ་བསྒུགས་ནས་བསྡད་པ་ན། ད་གཟོད་སྲང་ཀྱོག་དེའི་མི་ཚོགས་ཇེ་ཉུང་དུ་སོང་ཞིང་ས་རུབ་ནས་གློག་འོད་ཆེམ་ཆེམ་བྱེད་ཀྱིན་པ་ཚོར་བྱུང་། ད་ནི་རང་ཉིད་ཀྱང་ཐང་ཆད་ནས་ཟུངས་ཟད་འདུག་པའང་ཚོར་བས་ཨོང་ཤ་ཐང་ལ་བཞག་ནས་ངལ་ཞིག་གསོ་དགོས་བསམས་ཀྱང་། སྲང་ལམ་གྱི་ཚོང་ཁང་དག་གིས་ས་ལག་མཐིལ་ཙམ་ཡང་མ་བསྐྱུར་བར་ཚོང་རྫས་ཀྱིས་བཀང་འདུག་པའང་ཚོར།

ཐར་བས་རྒྱབ་གྱང་ལ་བསྙེས་ཏེ་དུ་བ་རྔུབ་འཐེན་ཞིག་བྱས་རྗེས། ད་དུང་ཡང་སྟ་ཟུར་རབ་ཏུ་སྨིན་པའི་བུ་མོ་ལོ་གཞོན་དེར་བལྟ་འདོད་ཀྱི་འདུན་པ་དྲག་ཏུ་འཕྱུར་བཞིན་འདུག་པས། ཐོག་ཁང་དེའི་ནང་ལ་འཛུལ་བའི་སྤོབས་པ་ཡོངས་སུ་རྒྱས། ཁོ་རང་ཉིས་ཐོག་ལ་སླེབས་པ་ན་རྩུབ་ཅིང་དྲག་པའི་སྒྲ་དབྱངས་རེ་རེ་དང་མི་རྣམས་ཀྱི་ཀི་སྒྲ་ཐོས་ཐུབ་པས། མ་གཞི་དེ་ནི་ཆང་ཁང་ཞིག་ཡིན་པ་ཤེས། དེ་ནས་ཐར་བ་ཐད་ཀར་ཆང་ཁང་དེའི་ནང་དུ་འཛུལ་བ་ན། དཀར་སེར་དམར་ལྗང་གི་གློག་འོད་ཀྱིས་མགོ་ཡུ་འཁོར་བར་བྱེད་ཀྱང་མི་རྣམས་ཀྱིས་གྲོང་ཁྱེར་གྱི་སྨུག་པ་དང་ཁོམ་མེད་འདུར་བའི་ལས་ཀ་བརྗེད་ཅིང་། སྒྲ་དབྱངས་ཀྱི་འགྲོས་དང་མཉམ་པའི་གློག་འོད་ཀྱི་འཁྱུག་གར་ལ་བསྡེབས་ཏེ། དེང་རབས་ཀྱི་ཞབས་བྲོ་ཡི་ལྡེམ་ལྡེམ་སྟངས་སྟབས་དང་ཨ་རག་གི་བཟི་ཁས་ར་རོ་བར་གྱུར་འདུག་པས། ཐར་བ་ཡང་དེའི་ནང་ལ་འགྲོ་འདོད་ཀྱི་གོམ་མཚམས་འཇོག་མ་ཐུབ།

ཐར་བས་ཁུག་མའི་ནང་ནས་སྒོར་རྡོག་འགའ་བླངས་ཏེ་ལྦུ་ཆང་ཤེལ་དམ་འགའ་དང་ཀུབ་འབྲུ་སོགས་སིལ་སྐམ་སྡེར་མ་གཉིས་ཁྱེར་ནས་མི་ཚོགས་ཀྱི་གྲས་སུ་སོང་ཞིང་། ཕྱི་དྲོའི་རིང་ལ་རྒྱ་སྲང་ཉུལ་ཞིང་གཞན་རྗེས་འབྲངས་ནས་ཨ་ཐང་ཆད་འདུག་པས། རྐུབ་སྟེགས་ཅུང་མཐོ་ཤོས་ཤིག་ཏུ་ཟུར་འདུག་ཅིག་བྱས་ཏེ། ཁེར་རྐྱང་ངང་ལྦུ་ཆང་རྔམ་འཐུང་དང་སིལ་སྐམ་རྔམ་བཟའ་བྱེད་ཞོར། ད་ནི་ཉིན་འགའི་སྔོན་ལ་ཟ་ཁང་ཞིག་གི་དཀར་ཡོལ་བཀྲུས་ནས་བཙལ་བའི་སྒོར་མོ་རྣམས་ཚར་ལ་ཉེ་བ་དྲན་སོས། ཡིན་ཡང་། སྟ་ཟུར་རབ་ཏུ་སྨིན་པའི་བུ་མོ་དེ་དང་དེ་འདྲ་བ་དུ་མས་གར་སྟེགས་སྟེང་ནས་འཁྲབ་སྟོན་བྱས་ཤིང་། མདུན་ལ་སླེབས་ནས་མཉེན་འཇམ་གྱི་ལག་པ་ཟུང་གིས་ཆང་ཕོར་བཏེགས་བྱུང་བས། ཐར་བ་དང་ཐར་བ་དག་གི་སེམས་ཀྱི་སྨུག་པ་དྭངས་ནས་ཡིད་ཀྱི་དྲན་པ་བཟི་སོང་། ཁང་བརྩེགས་བརྒྱ་སྟོང་མང་པོ་ཚང་ཚིང་གིས་སྐྱེས་ཤིང་མི་ཚོགས་ཁྲི་ཁྲི་འབུམ་འབུམ་མང་པོ་ཁ་བ་བཞིན་བབས་ནས་ཡོད་པའི་གྲོང་ཁྱེར་འདིར། ཉིན་སྣེ་མཚན་ལ་མཐུད་དེ། ཟླ་སྣེ་ལོ་ལ་གཏུགས་ནས་སྨུག་པས་གཡོགས་འདུག་ཀྱང་། ཆང་ཁང་འདི་ཁོ་ནར་སྨུག་པ“དྭངས”ནས་འདུག་གོ། །

སྟ་ཟུར་རབ་ཏུ་སྨིན་པའི་བུ་མོ་དག་དང་མཉམ་དུ་ཐར་བ་དང་ཐར་བའི་ཆང་གྲོགས་ཚོ་ཆང་ཕོར་དང་ཆང་ཕོར་གཏུགས་པའི་སྒྲ་དབྱངས་ཀྱིས་བཟི་ནས། གསང་སྤྱོད་ཁང་གི་སྒོའང་རྙེད་ཀྱིན་མི་འདུག ནུབ་མོ་དེར་ཆང་དང་ཆགས་པས་མྱོས་ཏེ་ཐར་བའི་ངོ་གདོང་དམར་པོ་ནས་དམར་སྨུག་ཏུ་བསྒྱུར། དུས་ཚོད་ཅི་ཙམ་སོང་བ་མ་ངེས་ཀྱང་ཐར་བ་བཟི་འཐོམ་འཐོམ་གྱིས་ཆང་ཁང་དེ་ལས་སྒོར་བུད་པ་དང་། རྐང་ལག་གཉིས་ཀྱིས་ཀྱང་ཐར་བའི་ངག་བཀོད་ལ་མི་ཉན་པ་ལྟར་རང་དབང་ལ་མི་ཡོང་བས། འཁྱར་འཁྱོར་གོམ་པའི་འགྲོས་ཀྱིས་མདུན་དུ་འགྲོ་དགོས་བྱུང་ལ། མིག་ཟུང་གཉིས་ཀྱིས་ཀྱང་རབ་རིབ་ནས་མག་མོག་ཅིག་མ་གཏོགས་རང་ལམ་གང་ཡིན་དབྱེ་འབྱེད་དཀའ་བར་གྱུར། ཐར་བས་རང་ཉིད་ཕྱིར་ལོག་སའི་ལམ་ཁ་གང་ཡིན་འདྲི་འདོད་ཡོད་ཅིང་། གླ་གཏོང་རླངས་འཁོར་ཞིག་གླས་ནའང་བསམ་ཡོད་མོད། མི་ཞིག་གིས་མགོ་བོ་ཡར་ལ་དགྱེ་བ་དང་ངག་སྒོ་འཁྲོལ་བར་སྟོབས་ཤུགས་དེ་འདྲའི་ཆེན་པོ་ཞིག་དགོས་པ་འདྲ་བས་རེ་བ་དེ་ཁོ་ནའང་མངོན་འགྱུར་བྱེད་དཀའ། ཐར་བས་ལམ་འགྲམ་གྱི་ལན་ཀན་ལ་ཁེན་ནས་ངལ་ཞིག་གསོ་བསམ་ཡང་རང་ཚུགས་མ་ཐུབ་པར་ཁ་སྦུབ་ཏུ་འགྱེལ། ཐར་བས་ནུས་ཤུགས་ཡོད་དགུས་མདུན་དུ་ཅུང་ཙམ་ནུར་ནས་མིག་གིས་ཕུར་ཚུགས་སུ་བལྟས་པ་ན། ཁོ་རང་གྲོང་ཁྱེར་དེའི་ལམ་གྱི་བཞི་མདོ་ཞིག་ཏུ་འགྱེལ་ནས་འདུག་ལ། བཞི་མདོ་དེ་ནས་དེ་རིང་གི་མི་ཚོགས་དེ་གང་ཞིག་ཏུ་འཕུར་སོང་བ་དང་འདྲ་བར་སྲང་ལམ་རེ་རེ་ཡ་ཡོ་དང་ཀྱག་ཀྱོག་མེད་པར་སྟོང་ལྷང་ལྷང་གིས། ལྷིང་ཞིང་འཇགས་ནས་ཕྱོགས་བཞི་མཚམས་བརྒྱད་དུ་བསྲིངས་འདུག་ལ། ལམ་བུ་རེ་རེའི་སྣེ་མོ་གྲོང་ཁྱེར་གྱི་སྨུག་པས་བཏུམས་འདུག་པ་མཐོང་ཐུབ། མཚམས་ཤིག་ལ་མདུན་ཕྱོགས་ཀྱི་ལམ་མདོའི་སྨུག་པ་ལས་ཨ་མ་ལགས་ཀྱིས་དབུགས་ཧད་ཧད་ཀྱིས་ཁོ་རང་གི་གཅེས་མིང་ནས་འབོད་ཀྱིན་ཚུར་བརྒྱུགས་ནས་འོང་གིན་པ་འདྲ་བའི་འཁྲུལ་སྣང་ཞིག་ཀྱང་སྐྱེས་ཏེ། ཡུན་གྱིས་ཡུན་གྱིས་མདུན་ཕྱོགས་ཀྱི་སྲང་ལམ་རེ་རེ་ཕར་ལ་བསྲིངས་ནས་མཐའ་མི་མངོན་པར་གྱུར་ཅིང་། རང་ཉིད་ཀྱི་སྡོད་ཤག་ལ་ལོག་པའི་ལམ་དང་ཨ་མ་ལགས་ཡོད་སའི་ཕ་ཡུལ་ལ་ལོག་པའི་ལམ་ཡང་གང་ཡིན་མ་ངེས་པ་དང་། གམ་ན་རླངས་འཁོར་རེ་འགའ་འགྲོ་འོང་བྱེད་པའི་དུང་བརྡ་རྣམས་ཀྱང་རྣ་ལམ་ནས་ཐག་རིང་ཐག་རིང་ཞིག་ཏུ་ཕྱིན་ཚར་ལ། མིག་མདུན་གྱི་ཡོད་ཚད་ཀྱང་རབ་རིབ་ནས་མག་མོག་ཏུ་གྱུར། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།