ཀྲུང་གོ་བོད་ཀྱི་དྲ་བ།

རླུང་ཡིན་ན་ཅི་མ་རུང་།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : དུང་བུ་ཆོས་འབུམ་རྒྱལ།   སྤེལ་དུས། : 2021-01-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

“ངའི་མགོ་དཀྲིས་ཁུར་ཐལ། ཅུང་ཙམ་སྡོད་དང་།”

སྐད་སྒྲ་འདི་ཡང་དང་ཡང་དུ་རླུང་ལ་བརྡར་བ་ན། གྲི་ལ་རྣོ་བུད་པ་ལྟར་ཚེ་བརྟན་གྱི་རྣ་བ་བརྒྱུད་ནས་སེམས་ལ་ཟུག ཁོས་འཕྲུལ་རྟའི་འཁོར་ལོ་བསྒགས་ནས་ཏན་སེ་བསྡད། རླུང་ཡང་ཏན་སེ་བསྡད་བྱུང་། སྒྲ་ཡང་འཇགས་པར་གྱུར། མཐའ་འཁོར་ན་བྱ་བྱེའུའི་སྐད་སྙན་ཀྱུ་རུ་རུ། ཆུ་ངོས་སུ་ཐོར་པའི་ཆུ་ཐིགས་ལྟར་ཐོས་འཛིན་དུ་ལྷུང་། རླུང་ལ་གླན་པའི་ངོ་གདོང་ཡང་དལ་བ་དལ་བུར་ཚུར་ལ་བཀྱེད་པ་ལྟར། ཁོས་ཁ་ངོ་དང་ལག་པ་འཁྱགས་ནས་འཁོབ་པར་མ་གྱུར་ཙམ་ཡིན་པ་ཚོར། ད་ལོའི་དཔྱིད་ཀ་འདི་ཅི་འདྲའི་འཁྱགས་པ་ལ། ཁོས་དབུགས་དལ་བུར་འབྱིན་བཞིན་རང་གི་ཁ་རླངས་ལ་བལྟས། གསལ་ལ་མི་གསལ་བའི་རླངས་པ་ཟ་ཟི་ཁོག་ནས་བུད་དེ་རླུང་ལ་འདྲེས་པ་ནི་ཧ་ཅང་མགྱོགས། དབྱར་ཁ་སླེབ་ལ་ཉེ་ཨང་། ཁོས་ལག་མཐིལ་གཉིས་ཡང་ཡང་གཙུབས་ནས་འགྲམ་པ་བསྲོས། ལག་པར་འགོས་པའི་དྲི་མ་རིགས་ཤིག་སྣ་ལ་ལྡང་བས། མདང་དགོང་གི་དགའ་བདེ་མ་ལུས་ཡིད་ལ་ཇི་བཞིན་ཤར། ཁོས་དྲི་མ་དེ་ལས་མཚོ་མོའི་ཁ་རླངས་ཀྱི་དྲོད་ཁོལ་དང་ལུས་ཕུང་གི་འཇམ་མཉེན་ཚོར་བྱུང་བ་འདྲ། ལག་པ་སྣ་སྒོར་ཁྱེར་ནས་ཡང་ཡང་བསྣམས་རྗེས། འཕྲུལ་རྟའི་རྭ་ཐོག་ཏུ་བཏགས་པའི་མེ་ལོང་ལས་རྒྱབ་ཕྱོགས་སུ་བལྟས།

གནག་སྣུམ་གྱི་ལམ་སྣེ་ནག་ཤ་ལེར་རྒྱང་ལ་བསྲིངས་ནས་སྨུག་ལངས་པའི་རྫོང་མཁར་གྱི་མཁར་དཀྱིལ་ལ་ཟུག་པ་ན།མཐོ་དམའ་མི་སྙོམས་པའི་ཁང་བརྩེགས་ཐར་ཐོར་གནམ་མཐའི་མཚམས་ནས་གྲལ་ལ་བསྒྲིགས་ཡོད་པ་ནི་གྲོང་ཁྱེར་གྱི་འཚང་ཁ་ལ་ལད་མོ་བྱེད་སྟངས་ཤིག་ཅི་ལ་མིན། ཡིན་ཡང་མཐའ་འཁོར་གཡོགས་པའི་སྨུག་པ་སྲབ་བུར་བག་ཕེབས་ཀྱི་རྣམ་པ་ཞིག་ལས་ཅི་ཡང་མི་འདུག ཁོས་དབྱར་རྩྭ་བརྐོས་ཚར་རྗེས་ཡིན་གཅིག་མིན་གཉིས་མཚོ་མོ་ཁྲིད་དེ་ཟི་ལིང་ལ་འགྲོ་དགོས་སྙམ། མདང་མཚོ་མོའི་རུམ་ནས་ཀྱང་ཁོས་དེ་ལྟར་དམ་བཅའ་བཞག

མེ་ལོང་ནང་ནས་ལག་ཏུ་མགོ་དཀྲིས་གློ་ཁ་ཐོགས་པའི་བུ་མོ་དེ་གཟུགས་བརྙན་ལྡེམ་ལྡེམ་ངང་ཚུར་ལ་འོངས། མོའི་ལུས་ལ་ཐེར་མ་ནག་པོའི་ཕྱུ་པ་ཞིག་དང་འོག་འཇུག་ལྗང་ཁུའི་སྟེང་དུ་སྟོད་ཐུང་བལ་གྱི་བར་འཚང་ཅན་ཞིག་གཡོགས་ཤིང་། རྐང་ལ་ཀོ་ལྷམ་ཡུ་ཐུང་རྟིང་པ་ཅུང་མཐོ་ཙམ་ཡོད་པ་ཞིག་གྱོན་འདུག མོའི་གཟུགས་བརྙན་ཇེ་གསལ་ནས་ཇེ་གསལ་དུ་གྱུར། མོའི་གོས་རྒྱན་དང་བྱེད་བབ་ལས་རྒྱུས་ཡོད་ཀྱི་ཚོར་བ་ཞིག་སྐྱེས་པ་དང་ལྷན་དུ་མེ་ལོང་ནང་གི་མོའི་ངོ་གདོང་ཡང་ཇེ་ཆེ་ནས་ཇེ་ཆེ་རུ་གྱུར་ནས་ཁོད་ཡངས་པའི་སྤང་ཐང་དང་ནམ་མཁའ་ཡི་རྒྱ་ཁྱོན་ཧྲིལ་པོ་ཡུན་གྱིས་བཀབ་བྱུང་།

དུས་ཡུན་ཐུང་ཐུང་དེའི་ནང་མོའི་དཀར་ལ་དམར་མདངས་སྲབ་པའི་བཞིན་རས་དང་ནག་ཅིང་སྣུམ་ལ་དཀྱུས་རིང་བའི་མིག་ཟུང་། བིམ་པ་ལྟར་དམར་ལ་སྲབ་མཐུག་རན་པའི་མཆུ་སྒྲོས་སོགས་གསལ་ལམ་མེར་ཁོའི་མིག་ལ་ཤར། ཁོས་འདི་སུ་ཡིན་ནམ། སུ་ཚང་གི་ཡིན་ནམ། སྡེ་བ་གང་གི་ཡིན་ནམ། ཐང་ནག་མདོ་ལ་ཅིའི་ཕྱིར་འགྲོ་བ་ཡིན་ནམ་སྙམ་ཞིང་། ཡང་བསྐྱར་མེ་ལོང་དུ་ལྟ་དུས་མོས་མགོ་རས་གློ་ཁ་མགོ་ལ་དཀྲིས་ཏེ་འཕོངས་ལ་ཞོན་བྱུང་། ཁོས་སླར་ཡང་མོའི་དཀར་ཤ་དམར་མདངས་ཀྱི་བཞིན་རས་ལ་ཞིབ་ཏུ་ལྟ་འདོད་མོད། མེ་ལོང་ལས་མགོ་རས་ཀྱི་ཁུག་ན་འཚེར་བའི་མོའི་མིག་ཞགས་གཉོམ་པོ་ཁོའི་མིག་ཞགས་དང་འཁྱུད་ཙམ་བྱས་པས། ཁོ་རྟབ་རྟབ་པོར་གྱུར།

“མགོ་དཀྲིས་ཐག་རིང་ལ་ཁུར་མེད་དམ།”

“དེ་རིང་རླུང་ཆེན་པོ་མེད་པས། ཐག་རིང་ལ་ཁུར་མི་འདུག”

“ཁྱོད་ཀྱི་མིང་ལ་ཅི་ཟེར། གང་གི་ཡིན།”

ཁོས་དྲི་བ་གཅིག་དྲིས་པས་ཆོག་མོད་བསམ་ཞོར་ཡང་བསྐྱར་འཕྲུལ་རྟའི་རྭ་མགོ་ཡི་མེ་ལོང་ལ་བལྟས། མོས་ཀྱང་ཁོའི་སྐད་ཆར་ནན་གྱིས་ཉན་པ་ལྟར་ཚུར་ལ་ཅེར།མེ་ལོང་ལས་སླར་ཡང་མིག་ཞགས་དང་མིག་ཞགས་དལ་བུར་འཁྱུད། ཁོའི་འཚབ་འཚུབ་ཀྱི་སྣང་བ་སྨུག་པ་ལྟར་ཡལ་སོང་།

“ངའི་མིང་ལ་ལྷ་སྐྱིད་ཟེར། གངས་ཤུལ་ལུང་པའི་ཡིན།”

“ང་འབྲོང་ཐང་གི་ཡིན། ངའི་མིང་ལ་ཚེ་བརྟན་ཟེར། ངས་ཁྱོད་མཐོང་མྱོང་བ་འདྲ།”

སྐད་ཆ་འདི་ལ་ཨ་ལན་ཅི་ཡང་མ་བྱུང་བས། ཁོས་ད་གཟོད་མུ་མཐུད་དུ་ལམ་ལ་ཆས་དགོས་པ་དྲན། ཁོ་གཉིས་འཕྲུལ་རྟའི་སྦག་སྒྲ་དང་ལྷན་དུ་ལམ་ལ་ཆས། རླུང་ཡང་ཁོ་གཉིས་དང་ལྷན་དུ་ལམ་ལ་ཆས། འཕྲུལ་རྟའི་རྭ་ཐོག་གི་མེ་ལོང་གྲུ་བཞི་ལས་མགོ་དཀྲིས་གློ་ཁ་ཞིག་གི་སྣེ་མོ་ལྷབ་ལྷུབ་འགུལ་བ་ན། སྤང་དཀྱིལ་གྱི་རྫོང་མཁར་ཆུང་ཆུང་སྨུག་པ་དང་ལྷན་དུ་རྒྱབ་ལ་བཞུར། ལམ་འགྲམ་གྱི་ལྕགས་དྲ་གྲུ་བཞི་དང་ལྕགས་སྡོང་ཐར་ཐོར་ཡང་རྒྱབ་ལ་བཞུར།བར་སྣང་གི་སྤྲིན་པ་དཀར་པོ་དང་བསིལ་རླུང་འཇམ་པོ་ཡང་རྒྱབ་ལ་བཞུར།ཁོས་ལྷ་སྐྱིད་ཀྱི་མིག་མདངས་ཁོ་ན་གང་ལའང་མ་བཞུར་བར་རྒྱང་ལ་ཅེར་འདུག་པ་ཡང་ཡང་མཐོང་།

ཚེ་བརྟན་ཡུལ་ལྗོངས་རྒྱབ་ལ་བཞུར་ཚུལ་འདིར་ཧ་ཅང་དགའ། རྡོ་ཁོག་ནས་རྩེ་ཐང་བར་གྱི་སྤང་ཐང་དང་རི་ཆུ། འདི་ལྟར་རླུང་ལ་འགྲོགས་ནས་ཕར་ལ་ཤུར་ཤུར་བཞུར། ཚུར་ལ་ཤུར་ཤུར་བཞུར། ཏག་ཏག་ལོ་ངོ་གསུམ་ལྷག་འདི་ལྟར་བཞུར་ཚར། རླུང་གིས་བསྒུལ་བའི་མགོ་དཀྲིས་ཀྱི་སྣེ་མོ་དང་སྐྲ་ཉག་ཐོར་བུ་རླབས་ལྟར་འཕྱོ་ཞིང་གློག་ལྟར་འཁྱུག་པ་ནི་ཤུར་ཤུར་གྱི་རླུང་རྒྱུན་ལས་བྱུང་བའི་དབྱངས་འགྲོས་ཤིག་དང་མཚུངས་ནའང་། ལྷ་སྐྱིད་ནི་སེམས་པ་སྡུག་ལ་ལྷུང་བ་ལྟར་འཕྲུལ་རྟའི་འཕོངས་ནས་ཁ་རོག་གེར་རྒྱང་ལ་ཅེར། ཆུ་ཁར་གཡེང་བའི་ལོ་མ་ཆུང་ཆུང་ཞིག་ལྟར་དམིགས་མེད་ངང་རྒྱང་ལ་ཡན་པ་འདྲ། མོ་ཐང་ནག་མདོ་ནས་གང་ལ་འགྲོ་རྩིས་ཡིན་ནམ།

ཚེ་བརྟན་གྱིས་སྐད་ཆ་རྒྱབ་ལ་བསྐུར་ཏེ་ཁ་བརྡ་བྱ་འདོད་མོད། ལྷ་སྐྱིད་རྒྱང་ལ་ཅེར་ཚུལ་དང་རླུང་བུ་ཤུར་ཤུར་བཞུར་ཚུལ་གྱིས་ཁོ་གཉིས་ཀྱི་བར་ཐག་ཇེ་རིང་དུ་བཏང་བ་འདྲ། ཁོས་སྐད་ཆ་ཅི་ཡང་མ་བཤད་པར་སྔུན་ལ་བལྟས་ཤིང་རླུང་ལ་མཉན་ནས་མུ་མཐུད་དུ་འཕྲུལ་རྟའི་ཁོ་ལོ་བསྒྱུར།

ཁོས་མཚོ་མོ་ལ་རླུང་ཇི་ལྟར་མགྱོགས་ན་འུ་གཉིས་ཀྱི་བར་ཐག་དེ་ལྟར་ཇེ་ཐུང་ཡིན། རླུང་ཡོད་ན་འུ་གཉིས་ལ་བར་ཐག་ཡོད་མི་སྲིད་ཅེས་བཤད་པ་དྲན་ཞིང་། གློ་བུར་དུ་ཤུར་ཤུར་གྱི་རླུང་བུ་འདིས་རང་ཉིད་རྒྱང་ལ་ཁུར་པ་ཚོར་བས་སེམས་པ་སྐྱོ་དུབ་བེར་གྱུར། འགྲོགས་འདྲིས་ཀྱི་ལོ་ཟླ་ཇེ་རིང་ནས་ཇེ་རིང་ངང་ལོ་ངོ་གསུམ་ལྷག་འགོར་དུས་འདིར། ཁོ་དང་མཚོ་མོའི་སེམས་པ་ཇེ་ཉེ་ནས་ཇེ་ཉེ་ཡིན་ནའང་། ཟླ་ངོ་འདི་དག་ལ་མཚོ་མོ་ཁོ་དང་གྱེས་ཁར་རྒྱུ་མཚན་མེད་པར་ངུ་ཚུལ་གྱིས་ཁོ་ལ་ལོ་ངོ་གསུམ་ལྷག་གི་དུས་ཚོད་ཀྱིས་བསྐྲུན་པའི་ལོ་ངོ་གསུམ་ལས་རིང་བའི་བར་ཐག་རིང་མོ་ཞིག་ཁུ་སིམ་མེར་ཚོར་དུ་བཅུག དེ་ཅི་ཡིན་ནམ། མཚོ་མོ་ཅིའི་ཕྱིར་ངུ་བ་ཡིན་ནམ། དོན་དག་ཅི་བྱུང་བ་ཡིན་ནམ། ཁོས་སླར་ཡང་དེ་ལྟར་བསམས།

རླུང་གི་བཞུར་སྒྲ་དྲན་པར་འཇགས་ཤིང་། འཕྲུལ་རྟའི་སྦག་སྒྲ་རླུང་ལ་སིམ། ཚེ་བརྟན་དང་ལྷ་སྐྱིད་ཀྱི་གཟུགས་བརྙན་ཇེ་ཆུང་ནས་ཇེ་ཆུང་། གྲིབ་མ་རིང་མོ་དང་གཟུགས་བརྙན་ཆུང་ཆུང་ཞིག་དལ་བུར་འདྲེས། སྣུམ་ལམ་གྱི་གྱ་གྱུས་ཁུར་པའི་ནག་ཐིག་ཅིག་དལ་བ་དལ་བུར་འགུལ། རི་འདབས་ཀྱི་སྤང་ཐང་ནི་རྒྱང་ལ་བརྐྱངས་ཤིང་ཡངས་ཤིང་ཆེ་ལ།རྒྱང་རིང་གི་གནམ་སའི་མཚམས་ནས་སླར་ཡང་རི་འདབས་གཞན་ཞིག་ལ་འདྲེས། སྤྲིན་དཀར་གྱི་ཚོམ་བུ་གནམ་མཐའ་ནས་འཕགས། ནོར་ལུག་གི་ཕྲ་རྒྱན་ཐང་དཀྱིལ་ལ་ཐོར། རི་སྐེད་ཀྱི་སྨུག་པ་རི་མགོ་རུ་ལངས་ཤིང་། རྩྭ་གསེང་གི་ལྗང་མདོག་རྩྭ་ཁ་ལ་མངོན། ད་ནི་དབྱར་ཕ་མ་འདྲ་བོ་སླེབ་ལ་ཉེ།

རི་སྐེད་ལ་དཀྲིས་པའི་སྣུམ་ལམ་ནག་པོ་སྦྲུལ་ལྟར་ཡར་ལ་འཁྱུད་ནས་མར་ལ་བབས་པ་དང་འདྲ་བར་རྒྱང་ལ་འཐེན་འདུག རི་ཕྱོར་ཉག་ལམ་བརྒལ་རྗེས། ཚེ་བརྟན་གྱིས་ད་གཟོད་ཉི་མའང་ཐག་ཚད་ཅིག་འཕགས་འདུག་པ་མཐོང་། ཁོས་འཕྲུལ་རྟའི་འཁོར་སོ་ལྷོད་པ་ན་འཕྲུལ་རྟའི་སྦག་སྒྲ་ཇེ་དམའ་རུ་གྱུར་ནས་རླུང་བུ་ཤུར་ཤུར་ལ་འདྲེས། ཁོ་རྒྱུན་པར་ཉག་ག་འདི་ནས་ཐུར་ལ་འབབ་ཐེངས་རེར་འཁོར་སོ་ལྷོད་ནས་རླུང་ལ་ཞོན་པ་ལྟར་སྐྱོད་བཞིན་ཡོད། འདི་ནི་གཅིག་ནས་སྣུམ་གྲོན་པ་དང་གཉིས་ནས་འགྲོས་ཡང་བའི་འགྲུལ་བཞུད་ཀྱི་ལོངས་སྤྱོད་སྐྱིད་པོ་ཞིག་ཡིན། འཕྲུལ་རྟའི་འགྲོས་ནི་རླུང་ལ་ཞུགས་པ་ལྟར་ཡང་ཞིང་ཡང་བའི་ངང་ཐུར་ལ་བརྒྱུགས་བྱུང་།ཉིན་ངོས་ཀྱི་ལམ་ཁུག་འདི་ནས་ཁོས་རླུང་བུ་ཇེ་འཇམ་དང་མཁའ་དབུགས་ཇེ་དྲོ་རུ་འགྱུར་བ་ཚོར། འཕྲུལ་རྟའི་ཁ་ལོ་གཡས་ལ་བསྒྱུར་ཅིང་གཡོན་ལ་དཀྱོག་དུས་སུ་ལྷ་སྐྱིད་ཀྱི་མགོ་བོ་ཁོའི་སྒལ་གཞུང་ལ་གླན་ཙམ་གླན་ཙམ་བྱས། རི་འདབས་ནས་འཕྲུལ་རྟའི་འགྲོས་ཇེ་དལ་དང་རླུང་གི་རྒྱུན་ཇེ་འཇམ་དུ་གྱུར་པ་ན་ལྷ་སྐྱིད་ཀྱིས་ཚེ་བརྟན་གྱི་སོག་འདབས་སུ་འཕྱོ་བའི་ལྕང་ལོའི་དྲི་ངད་སྣ་ལ་ལྡང་བ་ཚོར། མོས་རྒྱུས་ཡོད་ཀྱི་དྲི་མ་དེ་ནི་ཀུན་ལེགས་ཀྱི་སྐྲ་སྣུམ་གྱི་དྲི་དང་གཅིག་པ་ཡིན་པ་ཤེས། མོས་ཀུན་ལེགས་དབྱར་རྩྭ་འཐུ་རུ་སོང་ཡོད་དམ་སྙམ།

འཕྲུལ་རྟའི་རྭ་ཐོག་གི་མེ་ལོང་གྲུ་བཞི་ལས་ཚེ་བརྟན་གྱི་གནག་ཅིང་སྣུམ་པའི་སྨིན་མ་དང་ཆ་ག་ཟབ་པའི་མིག་ཟུང་།མདངས་རྒྱས་པའི་ངོ་དང་གཟེངས་མཐོ་བའི་སྣ་སོགས་གསལ་པོར་མཐོང་བ་ནི་ཀུན་ལེགས་ཀྱི་ངོ་གདོང་ལ་ཐེངས་གཅིག་ཅེར་བ་དང་འདྲ།མོས་དེ་ལྟར་ཞིབ་ཏུ་ལྟ་དུས། རླུང་བུ་སིབ་སིབ་ལས་རང་གི་མིག་ཞགས་སླར་ཡང་ཚེ་བརྟན་གྱི་མིག་ཞགས་ལ་འཁྱུད་ཙམ་བྱས་ཏེ་རྒྱང་ལ་གྱེས་པ་ནི། རླུང་གིས་བདས་པ་ལྟར། ཚེ་བརྟན་གྱིས་ཀྱང་བར་ཐག་གི་རྐྱོང་སྐུམ་རིགས་ཤིག་རླུང་ལ་དཔྱངས་པ་ཚོར་བྱུང་། ཁོ་གཉིས་ཀྱིས་མཐའ་འཁོར་གྱི་སྤང་གི་ནེམ་ཤ་དང་ས་ཡི་རློན་དྲིའང་རླུང་ལ་དཔྱངས་པ་ཚོར། རང་རང་གི་མཐོང་སྣང་ལ་གཡེང་བའི་སེམས་པ་ཟུང་ནི་རླུང་གིས་གསེད་པའི་བལ་དཀར་ཕོན་པོ་གཉིས་ལྟར་གྲག་མེད་འགུལ་མེད་ངང་རླུང་ལ་རོལ། འཕྲུལ་རྟའི་འགྲོས་ནི་བཞུར་རྒྱུན་འཇགས་པའི་ཆུ་བོ་ཞིག་ལྟར་བསིལ་འཇམ་གྱི་རླུང་བུ་ཤུར་ཤུར་ལ་འདྲེས།

“ཁྱོད་ཀྱི་ཁ་པར་གྲག་གིན་འདུག”

སྐད་ཆ་འདི་ཐེངས་གཉིས་པར་བཤད་དུས། རླུང་ལ་དཔྱངས་པའི་སྣང་བ་དེའི་རིགས་ཕྱིར་བསྐུམས་པ་ལྟར། ཚེ་བརྟན་གྱི་སེམས་པ་སྙན་འཇེབས་ཀྱི་སྐད་སྒྲ་དེས་དཀྲོགས་ཏེ་བྲེལ་འཚུབ་ཀྱིས་ཁེངས། ཁ་པར་གཏོང་མཁན་སུ་ཡིན་ནམ། ཁོས་འཕྲུལ་རྟའི་འཁོར་ལོ་བསྒགས་ནས་ཏན་སེ་བསྡད། རླུང་ཡང་ཏན་སེ་བསྡད་བྱུང་། སྒྲ་ཡང་འཇགས་པར་གྱུར། ཁོས་ཁ་པར་གཏོང་མཁན་མཚོ་མོ་ཡིན་ནམ་སྙམ། རླུང་མེད་པ་ན་བར་ཐག་ཀྱང་མེད་པར་གྱུར་པ་ལྟར། ཁོས་ལྷ་སྐྱིད་ལ་འཛེམ་དོགས་ཅི་ཡང་མེད་པར་འཕྲུལ་རྟ་ལས་བབས་ཏེ་ཁ་པར་བཟུང་ནས་ལམ་འགྲམ་དུ་སོང་། ཁོས་ཁ་པར་གཏོང་མཁན་མཚོ་མོ་ཡིན་པ་ཤེས་པས། སེམས་ཁུར་གློ་བུར་བ་ཞིག་བྱུང་། མོར་དོན་དག་ཅི་ཞིག་ཡོད་དམ།

“ཝེ། ཁྱོད་གང་ན་ཡོད།”ཁོས་དེ་ལྟར་དྲིས།

“ངས་ཟོག་དེད་དེ་རི་མགོར་སོང་བ་ཡིན། བརྡ་རྟགས་ཤིག་རྙེད་བྱུང་བས། ཁྱོད་ལ་ཁ་པར་བཏང་བ་ཡིན།”

མཚོ་མོའི་སྐད་སྒྲ་ནི་ཐེངས་སྔོན་མ་དག་དང་མི་འདྲ་བས། ཁོའི་སེམས་གཞི་ནས་བདེ་ལ་བབས་ཤིང་ཨ་ལན་མེད་པར་གྱུར་པས། མཚོ་མོས་འདི་ལྟར་དྲིས་བྱུང་།

“ཁྱོད་གང་ན་ཡོད། རྡོ་ཁོག་ལ་ཐོན་ཡོད་དམ།”

“ཐོན་མེད། ཐང་ནག་མདོ་རུ་ཐོན་ལ་ཉེ།”

“གྲང་ངམ། ལམ་བར་ནས་རླུང་བཙན་ནམ།”

“མ་གྲང་ཐལ། དེ་རིང་རླུང་ཧ་ཅང་འཇམ། འཇམ་པོ་ཁྱོད་ལྟ་བུ་ཞིག་རེད།”

“ཧུ་ཧུ།”

ཚེ་བརྟན་གྱིས་མོའི་དགོད་སྒྲ་ཐར་ཐོར་གྱིས་རང་ལུས་ཀྱི་ཟབ་སར་ཉལ་བའི་དྲོད་ཁོལ་རིགས་ཤིག་རྒྱས་སུ་བཅུག་པ་ཚོར།ཁོས་ལམ་འགྲམ་གྱི་འཕྲུལ་རྟ་དང་ལྷ་སྐྱིད་ལ་ལྟ་ཙམ་བྱས། མཚོ་མོས་མུ་མཐུད་དུ་འདི་ལྟར་བཤད།

“ཁྱོད་ཀྱིས་དངོས་པོ་ཞིག་བརྗེད་འདུག”

“ཅི་ཞིག”

“ཧུ་ཧུ། ཁྱོད་རང་གིས་ལྟོས།”

“ཅི་རེད།”

“ཧུ་ཧུ།ངས་མི་བཤད། ཁྱོད་རང་གིས་ལྟོས།”

ཁོས་རང་གི་གློ་ཁུག་ལ་སྤར་ཉུལ་འགའ་བྱས་ཏེ་དུ་བ་དང་མེ་ཆ། སྒོར་ཁུག་བཅས་ལག་ཏུ་བཟུང་ནས་ཅི་ཞིག་ཡིན་ནམ་སྙམ་མོད། ཡིད་ལ་ཅི་ཡང་མ་ཤར།

“ལམ་ནས་སེམས་ཆུང་བྱོས། ངས་བརྡ་རྟགས་རེ་རྙེད་ཚེ་ཁྱོད་ལ་ཁ་པར་གཏང་།”

“ཡ་ཡ།དངོས་པོ་ཅི་ཞིག་བརྗེད་འདུག”

“ཁྱོད་རང་གིས་ལྟོས།”

“ཏུའུ།ཏུའུ།ཏུའུ།……”

དེ་རིང་མཚོ་མོའི་སེམས་ཁམས་ཡོངས་སུ་འགྱུར་འདུག་པ་འདྲ། ཚེ་བརྟན་གྱི་སེམས་པའང་དགའ་ལྷང་ངེར་གྱུར། ཁོས་ཁ་པར་གློ་ཁུག་ཏུ་འཇུག་ཞོར་འཕྲུལ་རྟའི་ཕྱོགས་སུ་ཆས། ཁོ་ལྷ་སྐྱིད་ཀྱི་གམ་དུ་གཅོར་གྱིན་གཅོར་གྱིན་མོའི་སྐེད་སྐབས་ཕྲ་ཞིང་མཚང་ར་རྒྱས་ལ། ནུ་འབུར་མཐོ་བའི་གཟུགས་གཞི་ཡག་པོ་ཕྲ་ཆུང་མིག་ལ་གསལ་ལེར་ལྷུང་སོང་། ཅི་འདྲའི་བུ་མོ་ཡག་མ་ཞིག་རེད་ཨང་།

ཁོས་འཕྲུལ་རྟར་བཞོན་རྗེས་རྭ་ཐོག་གི་མེ་ལོང་གྲུ་བཞི་ལས་ལྷ་སྐྱིད་ལ་ལྟ་ཞོར་ཅི་ཞིག་བཤད་རྩིས་བྱས། དེ་རིང་ཉི་མ་དྲོ་ཨང་ཞེས་གླེང་སློང་འདོད་མོད། དེ་ལྟར་ཡང་མ་བཤད། ཁོ་གཉིས་ཁ་རོག་གེར་འཕྲུལ་རྟའི་སྦག་སྒྲ་དང་ལྷན་དུ་ལམ་ལ་ཆས། རླུང་ཡང་ལམ་ལ་ཆས།

ཁོས་འཕྲུལ་རྟའི་ཁ་ལོ་སྒྱུར་ཞོར་ཅི་ཞིག་བརྗེད་སོང་བར་བསམ་བློ་བཏང་། ཡིད་ལ་ཅི་ཡང་མ་ཤར། མཚོ་མོས་དོན་དག་གཞན་ཞིག་བཤད་པ་ཡིན་ནམ། མོའི་རྩེད་དགོད་ཀྱི་རྣམ་འགྱུར་ལ་བརྟགས་ན་སེམས་སྡུག་ཡོད་ཚད་སངས་ཡོད་པ་འདྲ། དོན་ངོ་མར་མཚོ་མོ་ལ་དོན་དག་ཅི་ཞིག་བྱུང་བ་ཡིན་ནམ། མོའི་ཁྱིམ་ལ་དོན་དག་ཅིག་བྱུང་བ་ཡིན་ནམ། མོས་ང་ལ་མི་བཤད་པ་ཅི་ཡིན་ནམ། ངེད་གཉིས་མུ་མཐུད་དུ་འགྲོགས་ཐུབ་བམ།

ཁོའི་སེམས་པ་སླར་ཡང་སོམ་ཉི་དང་སྡུག་སྣང་ལ་ཚུད། ལྷ་སྐྱིད་ཀྱི་སྐད་འབོད་ཀྱིས་དཀྲོགས་པ་མིན་ཚེ། ཁོས་ཐང་ནག་མདོ་ནས་འདུག་དགོས་པའང་བརྗེད་སོང་།

“གོང་འདི་ནས་འདུག་རོགས།”

བསིལ་འཇམ་གྱི་རླུང་བུས་འཚུབ་སྣང་གི་ཚ་དྲོད་རིགས་ཤིག་དལ་བུར་འཁྱགས་སུ་བཅུག་པ་ལྟར། ལྷ་སྐྱིད་ཀྱིས་འཕྲུལ་རྟའི་འཕོངས་ནས་བབས་རྗེས་ཁོའི་གདོང་ལ་གཟབ་ནན་ངང་བལྟས་ཏེ་བཀའ་དྲིན་ཆེ་ཞེས་བཤད། ཁོས་ཀྱང་ལྷ་སྐྱིད་ཀྱི་གདོང་ལ་གཟབ་ནན་ངང་བལྟས་ཏེ་འདི་ལྟར་དྲིས།

“ཁྱོད་གང་དུ་འགྲོ་བ་ཡིན།”

“ང་ཡུལ་ལ་འགྲོ་བ་ཡིན།”

“ཁྱོད་གངས་ཤུལ་ལུང་པའི་ཡིན་ཟེར་བ་མ་ཡིན་ནམ།”

“ང་གངས་ཤུལ་ལུང་པར་གནས་ལ་སོང་ཡོད།”

གནས་ཞེས་པའི་མིང་འདི་ཐོས་པ་ན་ཁོས་ལན་ཇི་ལྟར་བསློག་དགོས་པའང་མ་ཤེས་པར་ཁ་རོག་གེར་མོ་ལ་ཅེར། སེམས་སུ་མཚོ་མོ་གནས་ལ་བྱིན་སོང་བ་ཡིན་ནམ་སྙམ། མོས་ཀྱང་ཅི་ཞིག་བཤད་དགོས་པའང་མ་ཤེས་པས། དེ་ལྟར་བཤད་རྗེས། ལམ་འགྲམ་བརྒྱུད་ནས་རྐང་ཐང་དུ་བུད་སོང་།

“བཀའ་དྲིན་ཆེ། ང་བུད་འགྲོ།”

ལྷ་སྐྱིད་ཀྱི་བབ་ཆགས་པའི་རྒྱབ་གཟུགས་ཕར་ལ་ཆས་ཚུལ་ལས་ཁོ་ལ་སྐྱོ་གདུང་གློ་བུར་བ་ཞིག་སྐྱེས། ཁོས་ལག་པ་ཡ་གཅིག་འཕྲུལ་རྟའི་འཕོངས་ལ་ཁེན་ཏེ་མོའི་རྒྱབ་གཟུགས་ལ་བལྟས། འཕྲུལ་རྟའི་འཕོངས་ན་ལུས་པའི་ལྷ་སྐྱིད་ཀྱི་ཨོང་དྲོད་ཚ་བོ་རླུང་ལ་མ་ཡལ་བར་ཁོའི་ལག་མཐིལ་ལ་འགོས་པ་ན། ཁོས་ད་གཟོད་རང་གི་ལག་པ་འཁྱགས་ཡོད་པ་ཚོར་ཞིང་། རང་ལུས་ཀྱི་ཟབ་སར་ཉལ་བའི་དྲོད་ཁོལ་རིགས་ཤིག་དལ་བུར་ཡར་ལ་འཕགས་ཤིང་ཤུགས་ལ་འདྲེས་ཏེ་འདོམས་ལ་ཞུགས་པ་ཚོར། ཁོས་རྐང་སྣམ་གྱི་ཁ་འདིག་དམ་པོར་འཆིང་སྲོལ་གྱིས་ལག་སྙོབ་འགའ་བྱས་མོད། ལག་ཏུ་ཅི་ཡང་མ་ཚུད་པས། ད་གཟོད་རྐང་སྣམ་ཁ་འདིག་མཚོ་མོའི་རུམ་ནས་ལུས་སོང་བ་ཚོར། ཁོས་ཁེར་དགོད་བྱེད་ཞོར་ལམ་གྱི་གཡས་གཡོན་དུ་བལྟས་པ་ན། ཡོད་ཚད་ཁུ་སིམ་མེར་འདུག་ལ། རླུང་ཡང་ཁུ་སིམ་མེར་འཁྱིལ་འདུག

ཁོས་གནག་སྣུམ་གྱི་གཞུང་ལམ་ངོས་སུ་འགྲུལ་འཁོར་དཀར་པོ་ཞིག་ཚུར་ལ་ཡོང་བཞིན་པ་མཐོང་། འགྲུལ་འཁོར་གྱིས་ཤུར་ཤུར་གྱི་རླུང་བུ་ཁྲིད་ནས་རྒྱང་ལ་ཆས་ཚུལ་གྱིས་མཐའ་འཁོར་གྱི་ལྷིང་འཇགས་དལ་བུར་བསྒུལ་བ་ནི་རླབས་སྒྲ་ཞིག་ཡུན་གྱིས་འཇགས་པ་དང་ཧ་ཅང་འདྲ། འགྲུལ་འཁོར་གྱི་སྒེའུ་ཤེལ་ངོས་ཀྱི“ཟི་ལིང”ཞེས་པའི་ཡིག་འབྲུ་གཉིས་གསལ་པོར་མཐོང་ནས་མོག་པོར་ཡལ་བ་ན། ཁོས་མཚོ་མོ་ངེད་གཉིས་ཀྱང་རླུང་ཡིན་ན་ཅི་མ་རུང་སྙམ།

རླུང་བུ་སྔར་བཞིན་ཁུ་སིམ་མེར་ཁོའི་གམ་ན་འཁྱིལ་འདུག དེ་རིང་གི་ཉི་འོད་ཧ་ཅང་འཇམ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།