ཀྲུང་གོ་བོད་ཀྱི་དྲ་བ།

སྒོ་ཐེམ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2020-09-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཁྱོད་འཆི་ལ་ཉེ།

ཁྱོད་ཀྱི་མིག་མཐའ་འཁྱག་སིབ་སིབ་ཏུ་གྱུར་པ་ན། ལུས་པོ་གཞི་ནས་གྲང་འདར་བརྒྱབ་བྱུང་། ཡིན་ནའང་། ཁང་པའི་ནང་དུ་མེ་དྲོད་ཤིན་ཏུ་ཆེ་བས།སྒེའུ་ཁུང་ངོས་སུ་ཆུ་ཐིགས་ཁ་ཤས་མངོན་ཆུང་གིས་བབས་འདུག

ཁྱོད་ཀྱི་བུ་མོས་རླངས་པ་ཐོལ་ཐོལ་དུ་ཐོན་པའི་ཆུ་ཁོལ་ཕོར་བ་གང་ཁྱེར་ཏེ་སླེབས་བྱུང་།“ངས་ཆུ་མི་འཐུང་།”ཁྱོད་ཀྱིས་དེ་ནི་ཆུ་ཁོལ་རྐྱང་པ་ཞིག་མིན་པ་གསལ་པོར་ཤེས་ནའང་།ཁྱོད་ཀྱིས་ཁ་སང་ནང་བཞིན་ཨུ་ཚུགས་གནང་།དོན་དམ་པར་ཁྱོད་རང་བུ་མོའི་ཡ་ཁྱོར་དུ་བཅུག་པའི་སྨན་རིལ་ལ་ཞེ་མེར་བྱུང་།

“སྨན་ལ་མ་བསྟེན་ན་ཉེན་ཁ་ཆེན་པོ་ཡོད་ཟེར་བ་མ་རེད་དམ།”བུ་མོ་གཡང་སྒྲོན་གྱིས་ཁྱོད་ལ་མིག་ཅེ་རེར་བལྟས་འདུག མིག་ཅེ་རེར་སྡོད་པ་ནི་རེ་ལྟོས་ཆེན་པོ་ཞིག་ཡིན་ཨང་།འོན་ཀྱང་།ཁྱོད་ཀྱིས་ཅི་མི་སྙམ་པར་དགག་ལན་སྤྲད།

ཁྱོད་ཀྱི་བུ་མོས་སྨན་རྡོག་དེ་ཚོར་སྒོར་མོ་སུམ་བརྒྱ་སྤྲད་ཟིན་ཟེར།དྲང་མོར་བཤད་ན།དངུལ་དེ་ཙམ་ལ་ཁྱོད་རང་སེར་སྣ་སྐྱེས་པའང་མིན་ཏེ།སྨན་རྡོག་དེ་ཙམ་གྱི་བླུ་ཡོན་ནི་ཁྱོད་ཀྱི་སྐེ་ཁུག་ནང་དུའང་བཅུག་ཡོད།

ཁྱོད་ཀྱི་བུ་མོ་ཁྱིམ་དུ་སླེབས་ནས་ཉིན་གསུམ་ཕྱིན་སོང་།“ད་ནི་རང་ཉིད་ཕྱིར་གྲོང་ཁྱེར་ལ་ལོག ”ཁྱོད་ཀྱི་བུ་མོ་གཡང་སྒྲོན་གྱིས་ལས་ཁུངས་ལ་དགོངས་པ་ཞུས་ནས་ཕྱིར་ནང་དུ་ལོག་པ་སྟེ།ད་ཐེངས་ནི་ཁྱོད་ཀྱིས་མོ་ལ་འོ་བརྒྱལ་གནང་ཐེངས་གསུམ་པ་ཡིན་ཙང་།ཁྱོད་ལ་གཞི་ནས་དོགས་མི་བདེ་བའི་ཚོར་བ་ལྕི་མོ་ཞིག་བྱུང་།

ཉིན་གསུམ་གྱི་སྔ་རོལ་ཏུ།ཁྱོད་ཀྱི་ཁྱིམ་མཚེས་རྒན་མོས་བུ་མོ་གཡང་སྒྲོན་ལ་ཁ་པར་བཏང་ནས་ཁྱོད་རང་འཆི་ལ་ཉེ་ཞེས་བཤད་པ་རེད།ཏག་ཏག་སྐབས་དེར།ཁྱོད་ཁྱིམ་མཚེས་རྒན་མོ་ཚང་གི་སྒོ་ཐེམ་ལས་ས་རུ་འགྱེལ་བ་སྟེ།ས་རུ་འགྱེལ་བའི་སྐད་ཅིག་མ་དེར།ཁྱོད་ཀྱི་དྲན་པ་རུའང་རང་ཉིད་འདི་ལྟར་གྲ་སྒྲིག་ཨང་གསར་མེད་པར་འཆི་འགྲོ་བར་བསམས།

ཡིན་ནའང་།ཁྱོད་ཀྱི་དྲན་པ་སོས་མ་ཐག རང་ཉིད་ཅིས་ཀྱང་ཐེངས་འདིར་འཆི་མི་ཐུབ་པ་རྟོགས་ཤིང་།དེ་ནི་སླར་ཡང་སྐྱབས་ཡུལ་དཀོན་མཆོག་གསུམ་གྱི་ཐུགས་རྗེས་རྗེས་སུ་བཟུང་བར་ཡིད་ཆེས་རྙེད།

“ཁྱིམ་ཕྱི་ནང་གང་ལ་འགྲོ་ནའང་གཟབ་གཟབ་བྱེད་དགོས།ལུས་པོ་རྒས་ཚེ་གཞོན་པའི་དུས་དང་འདྲ་ནི་མ་རེད།”ཁྱོད་ཀྱི་བུ་མོས་འགྲོ་ཆས་སྟབས་བདེ་ཞིག་སྒྲུག་གིན་ཁྱོད་ལ་ཁ་ཏ་བྱས་ཤིང་།སུ་ཞིག་ལ་ཁ་པར་གཏོང་གིན་སྒོ་གླེགས་ཕྱེ་བྱུང་།

“བྱས་ན་ང་འགྲོ་གི་ཡིན།”

ཁྱོད་ཀྱི་ཁང་པའི་སྒོ་གླེགས་སུ་ཞིག་གིས་དལ་གྱིས་ཕྱེ་ཞིང་། སླར་ཡང་སུ་ཞིག་གིས་དལ་གྱིས་བརྒྱབ་པ་ན། དེ་ནི་ཤིན་ཏུ་དལ་བའི་གོམ་པ་སྤོ་མཁན་ཞིག་སྟེ།ཁྱོད་ཀྱིས་ཁྱིམ་མཚེས་རྒན་མོ་ཁྱོད་ཚང་ལ་སླེབས་པ་རྟོགས།

ཁྱོད་ཀྱི་ཁྱིམ་མཚེས་རྒན་མོས་སྔོན་ཏག་ཏག་ལ་བཟོས་པའི་གོ་རེ་རྡོག་པོ་འགའ་ཁུག་མ་ལས་ཕྱིར་བཏོན་ཅིང་།གོ་ཁའི་མར་སྒྱེད་དུ་ལྷག་པའི་ཚ་དེམ་ལག་ཏུ་བླངས་པ་ན།ཁྱོད་ཀྱིས་གཞི་ནས་དེ་རིང་གི་ཚ་དེམ་སྟོང་པ་ཡིན་པ་ཡིད་ལ་འཁོར་བས་རང་གི་ཐལ་མདོག་གི་ངོ་གདོང་ལས་ཁྱིམ་མཚེས་རྒན་མོར་འཛུམ་པ་ཞིག་དོད་ཅིང་།མོ་ཡང་དགོད་ཙམ་བྱེད་ཀྱིན་ཕྱི་རུ་ཕྱིན་སོང་།

ཁྱིམ་མཚེས་རྒན་མོ་ཕྱིར་སླེབས་དུས། མོས་ལག་ཏུ་འགྱིག་ཐུམ་བརྒྱབ་པའི་ཚ་དེམ་རྙིང་པ་དེ་བཟུང་ཡོད་ཅིང་།“ཁྱོད་ཚང་ལ་ཡོང་ན་ཚ་དེམ་ཡང་ངས་འཁྱེར་དགོས་པ་འདི་ག་རེ་ཡིན་ནམ།”ཞེས་མངོན་ཆུང་གིས་འཁང་ར་བྱེད་པའི་རྣམ་འགྱུར་ཙམ་བསྟན་གྱིན།ཡིན་ཤག་ཤག་གི་འཁང་ར་དེས་ཁྱོད་ལ་ལྡོག་སྟེ་ཟ་འཕྲུག་སློང་པ་འདྲ་བའི་ཚོར་བ་སྤྲོ་སིང་ངེ་བ་ཞིག་སྟེར།

ཉིན་འདི་དག་རིང་། ཁྱོད་ཀྱི་ཁྱིམ་མཚེས་རྒན་མོ་ཁྱོད་ཚང་ལ་སླེབས་ཐེངས་མང་བ་ལ། ཁྱོད་ཀྱིས་འདར་འདར་ཡོམ་པའི་ལག་པའི་མཛུབ་མོ་རེ་རེ་མཆུ་ལ་གཏུག་གིན་གྲངས་ཀ་བགྲང་བ་ན།“གཅིག གཉིས།གསུམ།བཞི།”ཉིན་བཞི་རེད།མཐུད་དེ་ཉིན་བཞིར་ཁྱོད་ཚང་ལ་ཡོང་བ་ནི་དེ་སྔ་ཁྱོད་རང་མཐུད་དེ་ཉིན་བཞི་ལ་ཁྱིམ་མཚེས་རྒན་མོ་ཚང་དུ་ཕྱིན་པ་དང་མཚུངས་ཨང་།

ཁྱོད་ཀྱིས་ལན་གྲངས་དུ་མར་འཆི་བ་དང་ལག་པ་འཕྲད་ཙམ་འཕྲད་ཙམ་གནང་མྱོང་།ཡིན་ནའང་།ཁྱོད་ཀྱི་བྱིས་པ་ལྟ་བུའི་ལག་ཟུང་གིས་འཆི་བ་ལ་ཅི་ཙམ་ཉེ་རུ་བཅར་ན།འཆི་བ་ནི་འཇའ་ཚོན་བཞིན་དེ་ཙམ་གྱིས་རྒྱང་དུ་བཀྱེད་འགྲོ།

ཁྱོད་ཀྱིས་ནམ་རྒྱུན་རང་ཉིད་ལ་འཆི་མི་ཐུབ་པའི་རྒད་པོ་རྒས་འཁོགས་ཞེས་སྡིགས་མོ་ཡང་ཡང་བཏང་ནའང་།འཆི་བ་ནི་སྡིགས་མོ་ལ་སྐྲག་པའི་ཅོལ་ཆུང་ཞིག་ཡིན་མི་འདུག གང་ལྟར།ཁྱོད་ཀྱིས་ནུབ་ཁའི་ཉི་མ་དང་འགྲོ་ཁའི་མི་ཞེས་འཆི་བ་ལ་རྗེས་སུ་ཞུགས་པའི་སྟ་གོན་འཚག་ཡོད།

རྒད་པོ་ང་གསོན་ནས་སྡོད་པ་ནི་ལྷག་མ་ཁོ་ན་རང་རེད།ཁྱོད་ཀྱིས་དེ་ལྟར་བསམས་མྱོང་ནའང་།སྐབས་ལན་རེར་གསོན་ནས་བསྡད་ཙ་ན།མ་མཐའ་ཡང་དགེ་བ་མང་ཙམ་བསྒྲུབ་ཐུབ་པ་མིན་ནམ་སྙམ།དེ་ལྟ་མོད་ཀྱང་།ཁྱོད་ཀྱིས་ནམ་ཡང་རང་ཉིད་ཀྱི་ཕྱི་མའི་ལམ་རྒྱགས་ལ་དོགས་པ་ཟ་མྱོང་མེད།

དེ་རིང་ཁྱིམ་མཚེས་རྒན་མོ་སླེབས་མ་བྱུང་། ཁྱོད་ཀྱིས་མ་ཎི་བགྲང་གིན་རེས་གསལ་རེས་མོག་གི་དྲན་པའི་ཁྲོད་རེ་སྒུག་ཡང་ཡང་བྱས་ནའང་། རེ་སྒུག་གི་ཉི་འོད་སྒེའུ་ཁུང་ལས་དལ་གྱིས་མི་མངོན་པར་གྱུར་ཙ་ན།ཁྱོད་ཀྱིས་གཞི་ནས་རང་གིས་ད་དུང་ཡང་གོམ་པ་དལ་མོ་སྤོ་མཁན་ཞིག་ལ་བསྒུགས་ཡོད་པ་ཚོར།“དེ་རིང་རྒན་མོ་ཁྱོད་མི་ཡོང་བར་ཅི་བྱས་སམ།”ཁྱོད་ཀྱིས་དེ་སྐད་ཁེར་ལབ་ཅིག་བརྒྱབ་ཅིང་ནུབ་རིར་བཞུད་པའི་ཉི་མ་ལ་བར་ཆད་ཅི་ཡང་མེད་པའི་སྨོན་ལམ་བཏབ།འཛམ་གླིང་ཉི་མ་དྲིན་ཆེན། །མུན་པའི་རྒྱ་ལས་ཐར་ཤོག །

དགོང་མོ་དེར།ཁྱོད་ཀྱིས་ཁྱིམ་མཚེས་རྒན་མོ་ལ་སེམས་ཁྲལ་བྱེད་མགོ་བརྩམས།

གཅིག་བྱས་ན།མོའང་སྒོ་ཐེམ་བརྒལ་མ་ཐུབ་པར་ས་རུ་འགྱེལ་བ་ཡིན་ནམ།མིན།དེ་ནི་འགྱེལ་བ་མིན།དེ་ནི་བསྒྱེལ་བ་རེད།སྒོ་ཐེམ་མཐོན་པོ་དེ་འདྲ་ཞིག རྒན་མོ་ཞིག་གི་གོམ་ཤུགས་ཀྱིས་བརྒལ་ཐབས་ཡོད་དམ།

ཁྱོད་ཀྱིས་དེ་ལྟར་ཁྱིམ་མཚེས་རྒན་མོ་ཚང་གི་སྒོ་ཐེམ་མཐོན་པོ་དེར་འཁང་ར་བྱེད་ཀྱིན་ཡུན་རིང་ལ་གཉིད་མ་ཁུག

གདུགས་ཕྱི་མའི་ཞོགས་པར།ཁྱོད་སྔ་མོ་ནས་ལངས་ཏེ་ཁྱིམ་མཚེས་རྒན་མོ་ཚང་ལ་ཕྱིན་པ་ན།དེ་པ་ཚང་དང་ཐག་མི་རིང་བའི་གནས་སུ་ཁྱིམ་མཚེས་རྒན་མོའང་འཁྱར་འཁྱོར་ངང་ཚུར་སླེབ་ཀྱིན་གདའ།(ཞོགས་ཀའི་ཉི་ཟེར་གྱི་ཀློང་དུ་རྒས་འཁྱོགས་སུ་གྱུར་པའི་རྒྱབ་གཟུགས་གཉིས་དེ་ལྟར་ཕན་ཚུན་ལ་ཕྱོགས་ཏེ་ཉེ་ནས་ཉེ་རུ་བཅར་བྱུང་།)

ཁྱོད་གཉིས་ཀྱིས་ཕན་ཚུན་ལ་མངོན་ཆུང་གིས་འཛུམ་པ་ཞིག་བསྟན་ཅིང་ཡུན་རིང་དྲོད་ཁོལ་མ་ཡལ་བའི་འཛུམ་པ་དེས་ཁྱོད་གཉིས་ཡུན་རིང་ལ་སྨྲ་བ་མེད་པར་ལུས།

“ཁ་སང་ངེད་ཚང་གི་བུ་ཆེ་བ་སླེབས་བྱུང་།”

ཁྱོད་ནང་བཞིན།ཁྱིམ་མཚེས་རྒན་མོའང་གྲོང་གསེབ་ཀྱི་ཁང་པ་སྟོང་བ་འདིའི་བདག་པོ་ཁོ་ན་ཡིན། ཁང་སྟོང་གི་བདག་པོ་ཁོ་ན་ཡིན་པ་ནི་ཁྱོད་གཉིས་ཁོ་ནའང་མིན་ཏེ།གདོད་ནས་རྒས་འཁོགས་སུ་གྱུར་པའི་གྲོང་ཚོ་འདི་རུ།ཁྱོད་ཀྱིས་ནམ་ཡང་རང་ཉིད་ཁེར་རྐྱང་ལ་ལྷག་པར་འཁང་ར་བསྟན་མྱོང་མེད།

ཁྱོད་ཀྱི་ཁྱིམ་མཚེས་རྒན་མོའི་མིག་མཐའ་རུ་མཆི་མ་འཁྱིལ་གྱིན་གདའ།དྭངས་གསལ་གྱི་ཐིགས་པ་དག་ནི་མིག་མཐའི་གཉེར་རིས་སུ་ཕྲེད་ཀྱིས་བསྐྱིལ་བྱུང་།

“ད་རང་གིས་ཅི་ཡང་མ་བཤད།ང་སྐྲག་གི་འདུག”ཁྱོད་ཀྱིས་ཅི་ཞིག་བཤད་དམ།ཁྱོད་ཀྱིས་ཁྱོད་ཀྱང་མི་ལ་རས་པ་ནང་བཞིན“འཆི་ཡང་བདེ་སྟེ་སྡིག་མ་བྱས། །གསོན་ཡང་བདེ་སྟེ་དགེ་སྦྱོར་འཕེལ། །”ཞེས་ཁྱིམ་མཚེས་རྒན་མོ་ལ་ཁ་ཤོམ་འཐེན་པ་མིན་ནམ།

འོན་ཀྱང་།ཁྱོད་ཀྱི་ཁྱིམ་མཚེས་རྒན་མོ་འཆི་བ་ལ་ཤིན་ཏུ་སྐྲག་གིན་འདུག དེ་ནི་ཁྱོད་ཀྱིས་མོ་ལ“ས་ཡ་རྒན་མོས་རང་མགོ་ཟིན”ཞེས་སེམས་གསོ་གནང་བ་ཙམ་གྱིས་དཔའ་སྙིང་བསྐྱེད་པ་ཞིག་ཡིན་མི་འདུག “མ་ཎི་ས་ཡ་གཅིག་གིས་ཅི་ཡང་འགྲུབ་ཀྱི་མ་རེད།”ཁྱོད་ཀྱི་ཁྱིམ་མཚེས་རྒན་མོའི་ངོ་གདོང་མིག་ཆུས་ཡོངས་སུ་བརླན་བྱུང་།

གཙོ་བོ་སེམས་ལ་རག་ལས་པ་རེད།སེམས་ཡག་པོ་ཞིག་ཡོད་ན་ཕྱི་མའི་ལམ་རྒྱགས་དེ་ག་རང་གིས་ཆོག ཐམས་ཅད་བསམ་པ་དག་ལ་རག་ལས་པས། །རྟག་པར་བསམ་པ་བཟང་ལ་འབད་པར་བྱ། །ཞེས་གསུངས་པ་མིན་ནམ།རང་གིས་དགེ་བ་མང་པོ་བསྒྲུབས་ཡོད་སྙམ་པ་ལས།ང་ལ་ཅི་ཡང་མེད།ངས་ཅི་ཡང་མ་འགྲུབ་ལྟ་བུས་ཡོང་གི་མ་རེད།

ཁྱོད་ཀྱིས་དེ་ལྟར་ཁྱིམ་མཚེས་རྒན་མོ་ལ་ཆོས་ཀྱི་བསླབ་བྱ་ཡང་ཡང་གནང་ནའང་།མོ་ནི་སྔར་བཞིན་མིག་ཆུ་གཏོང་གིན་ངུ་ཤུམ་གྱི་སྒྲའང་ཐོས་ཐུབ་པ་ཞིག་ཕྱུང་།

ཁྱོད་རང་ཕོ་ལོ་ཉེར་བཞིར་སླེབས་དུས།ཁྱོད་ཀྱི་ཁྱིམ་མཚེས་རྒན་མོ་མོ་ལོ་ཉེར་གཉིས་རེད།

“དུས་ཚོད་དེར་འུ་གཉིས་ཀྱང་ཤ་རྒྱས་ཁྲག་རྒྱས་ཡིན།”

ཁྱོད་ཀྱིས་འདས་ཟིན་པ་ནི་རྨི་ལམ་ཐེངས་ཤིག་ཡིན་པས་ཡིད་རྟོན་འོས་པ་ཅི་ཡང་མེད་སྙམ་ནའང་།ནང་སེམས་ཀྱི་ག་ཤེད་ཅིག་ཏུ་ལོ་ན་གཞོན་པའི་གཏམ་རྒྱུད་མང་པོ་འཚང་ཁ་ཤིག་ཤིག་གེར་བརྒྱབ་བྱུང་།འཚང་ཁ་ཤིག་ཤིག་གེར་བརྒྱབ་བྱུང་བ་ནི་གཏམ་རྒྱུད་ཁོ་ནའང་མིན་ཏེ། ཁྱོད་ཀྱི་ཚ་ལམ་ལམ་བྱེད་པའི་མིག་མཐའ་རུའང་ཅི་ཞིག་གིས་འཚང་ཁ་ཤིག་ཤིག་གེར་བརྒྱབ་བྱུང་བ་མིན་ནམ།

རེད་ཨང་།དགོང་མོ་ཞིག་ལ་ཁྱོད་རང་ཁྱིམ་མཚེས་རྒན་མོའི་ཉལ་ཁང་དུ“རྐུ་ལ་འཛུལ”མྱོང་།“ངའི་མི་མེད་ཤུལ་དུ་ངས་རང་ལུས་སྲུང་གི་ཡིན་དང་ཡིན།”ལོ་ན་ཆུང་བའི་ཁྱིམ་མཚེས་རྒན་མོས་ཁྱོད་ལ་དེ་སྐད་བཀག་འགོག་བྱས་ཤིང་།བུད་མེད་ཁྱོ་ལ་བྱམས་པ་ཞིག་གི་རང་གཤིས་བརྟན་པོར་བཟུང་བས།ཁྱོད་རང་ངོ་གནོང་པ་དང་ཅི་བྱ་གཏོལ་བྲལ་སྒོས“འུ་གཉིས་བར་དུ་ཅིས་ཀྱང་ཁ་ཆད་ཅིག་ཡོད་དོ། །”ཞེས་ཚོད་མེད་དུ་བརྗོད་རྗེས་ཕྱིར་མི་དེངས་ཀ་མེད་བྱུང་།

ཁྱོད་ཀྱིས་དེ་ལྟར་འུ་གཉིས་བར་དུ་ཅིས་ཀྱང་ཁ་ཆད་ཅིག་ཡོད་དོ་ཞེས་བརྗོད་པ་ནས།ཕན་ཚུན་གྱི་ངོ་འཕྲད་ཐེངས་རེ་རེའང་རྒྱུན་ལྡན་ལས་འདས་པ་ཞིག་ཏུ་བཏང་ནའང་།དུས་ཚོད་ཡུན་རིང་འདས་རྗེས་ཀྱི་ད་ལྟ།ཁྱོད་ཀྱི་སེམས་སུ་ཁ་ཆད་དེ་ནི་དངོས་གནས་ཅི་ཞིག་ཡིན་པ་འདྲ་བའི་ཉམས་སྣང་ཐོན་གྱིན་འདུག

“ཨ་ཙི།མུན་རུབ་འདུག”ཏག་ཏག་ཁྱོད་ཀྱིས་མུན་གཞི་ནས་རུབ་ཟིན་པའང་མ་ཚོར།

ཁྱིམ་མཚེས་རྒན་མོ་འཁྱར་འཁྱོར་ངང་འབོལ་ཁྲི་ལས་ཡར་འགྲེང་བ་དང་།འབོལ་ཁྲིའི་གཡས་ལོགས་སུ་ཁེན་པའི་འཁར་བ་ལག་ཏུ་བཟུང་བ་ན།ཁྱོད་ཀྱི་སེམས་སུ་རང་ཉིད་དེ་ལྟར་འབོལ་ཁྲི་རྙིང་པ་ལས་འཁྱར་འཁྱོར་ངང་ཡར་འགྲེང་བའི་གོ་རིམ་མག་མོག་ཅིག་བརྙན་རིས་སུ་མངོན་པ་བཞིན་ཤར་བྱུང་།

ལར་འབོལ་ཁྲི་རྙིང་པ་འདི་ནི་ཁྱོད་ཀྱི་སྡོད་སྟེགས་གཅིག་པུ་ཡིན་ན་ཡང་།ཉེ་ལམ་ཁྱོད་ཀྱིས་འབོལ་ཁྲི་དེ་ཉིད་ཁྱིམ་མཚེས་རྒན་མོའི་འཕོངས་སྟེགས་སུ་གྲ་སྒྲིག་བྱས་ཡོད།ཞོགས་པ་རེ་རེར།ཁྱོད་ཀྱིས་འབོལ་ཁྲི་སྟོང་བ་ལ་ལྟ་བཞིན་ཁྱིམ་མཚེས་རྒན་མོར་བསྒུགས་པ་ཡིན་ཨང་།

“ཡིད་གཟབ་བྱེད་རོགས།ལྷག་པར་ཁྱོད་ཚང་གི་སྒོ་ཐེམ་དེར་ཡིད་གཟབ་བྱེད་རོགས།”ཁྱོད་ཀྱིས་འཁར་བ་ལ་བརྟེན་པའི་རྒྱབ་གཟུགས་ཡོན་པོ་དེར་མིག་གིས་སྐྱེལ་མ་བྱས་ཤིང་།ས་ལ་བཏིང་བའི་བལ་སྟན་ལས་ཡར་ལངས་རྗེས་འཁྱར་འཁྱོར་ངང་འབོལ་ཁྲི་རྙིང་པ་རུ་གཟས་ནས་འཕོངས་ཚོས་མར་བཞག་པ་ན།ཁྱོད་ཀྱིས་འབོལ་ཁྲི་རྙིང་པ་རུ་ད་དུང་ཡང་ཁྱིམ་མཚེས་རྒན་མོའི་འཕོངས་དྲོད་སིམ་འདུག་པ་ཚོར་ཞིང་།ནང་སེམས་ཀྱི་ག་ཤེད་ཅིག་ཏུ་ཧྲིལ་གྱིས་སླེབས་པའི་དྲོད་ཁོལ་དེས་དེ་མ་ཐག་སེམས་པ་འཁྱག་སིབ་སིབ་ཏུ་བཟོས།

ཁྱོད་རང་ནམ་རྒྱུན་ལྟར་གཉིད་ཁའི་བསྔོ་བ་སྨོན་ལམ་དང་གསོལ་འདེབས་མ་ལུས་ལེགས་པར་གྲུབ་རྗེས་གཉིད་དུ་ཡུར་བ་ན།ཁྱོད་ཀྱི་གཉིད་ལམ་དུ་ཁྱིམ་མཚེས་རྒན་མོ་ཚང་གི་སྒོ་ཐེམ་རྨི་བཞིན་འདུག “སྒོ་ཐེམ་མཐོན་པོ་དེ་འདྲ་ཞིག མི་ཚེ་གཅིག་ལ་ཡང་བརྒལ་ཐབས་ཡོད་དམ།”ཁྱོད་རང་གཉིད་ལྕི་པོ་ཞིག་ཉལ་ཡོད་ནའང་།རྨི་ལམ་གྱི་སྐད་ཆ་རེ་རེ་མངོན་སུམ་དུ་འཆད་ཀྱིན་འདུག

ཅུང་ཙམ་འགོར་རྗེས།ཁྱོད་ཀྱི་ཁྱིམ་མཚེས་རྒན་མོས་སྒོ་ཐེམ་མ་གོམས་པར་འགྱེལ་སོང་།ཤིན་ཏུ་མྱུར་བའི་འགྲོས་ཚད་ཀྱིས་ས་རུ་འགྱེལ་སོང་།“སྐྱོན་མི་འདུག་གམ།”ཁྱོད་གློ་རྡེག་ལ་གཉིད་ལས་སད་པ་ན།བཀྲ་མི་ཤིས་པའི་རྨི་ལམ་དེ་དང་འདྲ་བར་མཐའ་བཞི་སྨག་ནག་གིས་ཡོངས་སུ་ཁེབས་འདུག་པ་མཐོང་།

“དངོས་གནས་ཅི་ཞིག་བྱུང་བ་མིན་ནམ།”ཁྱོད་ཀྱིས་ནམ་གུང་གི་མུན་པའི་ཁྲོད་མིག་གཉིས་ཅེ་རེར་ཕྱེ་སྟེ་ཉལ་ཁྲི་རུ་ལུས་པོ་འགུལ་ཙམ་འགུལ་ཙམ་བྱེད་པ་ནི་དངོས་གནས་དོགས་གཞི་གང་ཞིག་གི་དྲིས་ལན་དེ་མུན་ནག་ཁྲོད་འཚོལ་བ་ལྟར་སྣང་ལ།ཡང་ཡུད་ཙམ་མ་འགོར་བར་མིག་གཉིས་ལྗར་གྱིས་བཙུམས་ནས་རང་གིས་རང་ལ“རྣམ་རྟོག་སློང་བ་རང་རེད།”ཅེས་ལབ་ཀྱིན་གཉིད་ཨེ་ཁུག་བལྟས།

ཞོགས་པར་གཉིད་ལས་སད་པ་ན།ཁྱོད་ཀྱིས་ཁྱིམ་མཚེས་རྒན་མོ་ཚང་ལ་འགྲོ་རྒྱུའི་འཆར་གཞི་བཟོས།

ཐོག་མར་ཁྱོད་ཀྱིས་གོས་སྒམ་ཁ་ཕྱེ་རྗེས་ནང་ལྭ་གསར་པ་དེ་ཕྱིར་བླངས་ཤིང་།ཤིན་ཏུ་དལ་བའི་འགྲོས་ཚད་ཅིག་གིས་ནང་ལྭ་དེ་རང་གི་རྒྱབ་ལ་གཡོགས།ནང་ལྭ་གསར་པ་དེ་ནི་གསར་པ་གསར་རྐྱང་ཞིག་ཀྱང་མ་ཡིན་ཏེ།དུས་ཚོད་ཀྱི་ངོས་ནས་བཤད་ཚེ།ནང་ལྭ་དེ་ནི་ལོ་གསུམ་གྱི་ཡར་སྔོན་དུ་ཉོས་པ་ཞིག་ཡིན།འོན་ཀྱང་།ཁྱོད་ཀྱིས་ནང་ལྭ་དེ་ཉིད་ཉིན་ཁ་ཤས་རིང་མ་གཏོགས་གྱོན་མྱོང་མེད་པས།ལེགས་པར་བལྟབས་པའི་ནང་ལྭ་དེ་ཉིད་ཅིས་ཀྱང་གསར་པ་ཞིག་ཏུ་བསྒོམས་ཡོད།

ནང་ལྭ་གསར་པ་དེ་གྱོན་རྗེས།ཁྱོད་ཀྱིས་རང་གི་ཁྱིམ་མཚེས་རྒན་མོ་ལ་ཅི་ཞིག་བཤད་དགོས་པ་གཞི་ནས་བློ་ངོར་ལྡབ་ཀྱིན་ཡོད།དེ་བཞིན།ཁྱོད་ཀྱིས་ཁྱིམ་མཚེས་རྒན་མོས་རང་གི་ནང་ལྭ་གསར་པ་དེ་ལ་རྩིས་མཐོང་ག་ཙམ་བྱེད་པར་ཡང་སྟོང་བསམ་བྱས་ཟིན།“དེ་རིང་ཁྱོད་ཀྱིས་ནང་ལྭ་གསར་པ་ཞིག་གྱོན་འདུག་ཨང་།”ཁྱིམ་མཚེས་རྒན་མོས་ལག་པ་གཉིས་ཀྱིས་རང་གི་མིག་ཁ་ཆེ་རུ་དབྱེ་སྟེ་ཁྱོད་ལ་དེ་སྐད་བཤད་ཙ་ན།ཁྱོད་རང་གཞི་ནས་ཞེ་ཚིམ་པ་ཡིན་ཨང་།

“······ ད་ཁྱོད་ཀྱིས་ཁྱིམ་མཚེས་ཚང་གི་ཨ་མ་བགྲེས་མོ་ལ་ལྟོས་དང་།སྦལ་བར་འགྲོ་འདུག་མང་ནས།བྲང་ཁ་རྡོ་ལ་ཐོགས་སོང་།”བུ་མོ་གཡང་སྒྲོན་གྱི་སྐད་ཆ་རེ་རེ་དེ་ལྟར་ཨ་མཆོག་ཏུ་ལྷུང་སྐབས།ཁྱོད་རང་ཏན་ཏན་དྲན་པ་སོས་ཙམ་ཡིན།

ཚེ་མི་རྟག་པ་རེད།ཚེ་མི་རྟག་པ་འཇིག་རྟེན་གྱི་ཆོས་ཉིད་རེད།ད་ཐེངས་ལྔ་བའི་ལམ་དུ་ཆས་པ་ནི་ང་ཡིན་ན་འགྲིག་ཤག མ་གཞི་ནས་ལས་ལ་གང་བསྐོས་མ་གཏོགས་སྣང་བ་གང་དྲན་མ་རེད།ཤུ།འཆི་མི་ཐུབ་པའི་རྒད་པོ་ང་འདི།ཁྱོད་འཆི་བ་ལ་སྐྲག་ན།ད་དུང་འཇིག་རྟེན་དུ་གསོན་བསྡད་ན་དགའ་ནི་དགའ།མ་མཐའ་དགེ་བ་མང་ཙམ་བསྒྲུབ་ཐུབ་པ་རེད།

ཁྱོད་ཀྱིས་མགོ་སྐྲ་སྐྱ་ཕྱེད་སྔོ་ཕྱེད་ཡིན་པའི་ཁྱིམ་མཚེས་རྒན་མོ་ཞེ་ལ་དྲན་གྱིན་སྐད་ཆ་རེ་རེ་སེམས་སུ་བཟླས་པ་ན།རང་ཉིད་ཀྱི་སྐད་སྒྲ་མ་ཕྱུང་པའི་ངག་སྒོ་རུ་ངོ་གདོང་ནས་བྲུལ་བའི་ཅི་ཞིག་གིས་འཁྱག་སིབ་སིབ་བྱས་པ་ཚོར་བྱུང་།

བུ་མོ།ཁྱོད་ཀྱིས་ཁྱིམ་མཚེས་ཚང་ལ་འདས་པོའི་དགེ་རྩར་བསྔོ་བ་བསྔོ་སྨོན་དང་ཆོས་དགེ་བ་མང་དུ་སྒྲུབས་ཞེས་ཤོད་དང་།ཁྱིམ་མཚེས་རྒན་མོ་དེ་དངོས་གནས་འཆི་བ་ལ་སྐྲག་ཐག་ཆོད་པ་ཞིག་ཡིན།མི་ཞིག་འཆི་བ་ལ་སྐྲག་གིན་འཆི་བདག་གི་མགྲོན་དུ་འགྲོ་བ་ནི་ཧ་ཅང་སྐུ་ཁག་ཆེ་བ་ཞིག་ཡིན་ངེས།བུ་མོ།ཁྱོད་ཀྱིས་ངའི་སྐེ་ཁུག་ནང་གི་དངུལ་དེ་ཚོ་ཡང་ཁྱིམ་མཚེས་ཚང་ལ་སྐྱོལ་ཅིག ཁྱིམ་མཚེས་ཚང་ལ་དངུལ་དེ་ཚོས་མ་ཎི་དུང་ཡོན་འགའི་ཞུ་རྟེན་བྱོས་ཞེས་ཤོད་དང་།

“ཁྱོད་ཀྱིས་ལག་པ་ཀྲབ་ཀྲབ་གནང་གིན་ག་རེ་བྱེད་བསམ་པ་ཡིན།”ཁྱོད་ཀྱི་བུ་མོ་ཁྱོད་ལ་འབྲུ་ཚུགས་སུ་ཅེར་བྱུང་།ངའི་སྐེ་ཁུག་ནང་དུ་དངུལ་འགའ་བཅུག་ཡོད།ཁྱོད་ཀྱིས་དེ་ལྟར་སྙམ་གྱིན་དེ་ལྟར་བཤད་ནའང་།ཁྱོད་ཀྱི་གསོན་ཤུགས་བྲལ་བའི་སྐད་ཆ་དེ་བུ་མོ་གཡང་སྒྲོན་གྱིས་ཐོས་ཐབས་མ་བྱུང་།

ཁྱོད་ཀྱིས་རང་གི་ནང་ལྭ་གསར་པའི་གོང་ཁ་ལ་ལག་པས་ཅི་ཙམ་བསྙབས་ནའང་།སྲུང་མདུད་དང་མཉམ་པོར་བཅུག་པའི་སྐེ་ཁུག་ལ་ལག་པས་རེག་ཙམ་ཡང་བྱེད་མ་ཐུབ།བུ་མོ།ངའི་སྐེ་ཁུག་ལེན་རོགས་གནང་།ཁྱོད་ཀྱིས་རང་གི་བུ་མོ་ལ་རོགས་རམ་གནང་བར་རེ་བ་ཞུས་ནའང་།བུ་མོས་སྔར་བཞིན་ཁྱོད་ཀྱི་སྐད་ཆ་ཐོས་ཀྱིན་མི་འདུག

ཁྱོད་གཞི་ནས་ཁོ་ཐག་ཆོད་རྗེས།སེམས་པ་ལྷོད་ལ་ཕབ་སྟེ་རང་ཉིད་ཁོ་ནར་འཁང་ར་བྱེད་པའི་སྡིགས་མོ་བོར།འཆི་མི་ཐུབ་པའི་རྒད་པོ་ང་།ད་མི་འཆི་བར་རོ་བྱེད་དམ།

ཁྱོད་ཀྱིས་ཁྱིམ་མཚེས་རྒན་མོ་མཐོང་སྐབས།གནས་སྟངས་ནི་ཏག་ཏག་བཀྲ་མི་ཤིས་པའི་རྨི་ལྟས་དེ་དང་འདྲ་བར།མོ་རང་སྒོ་ཐེམ་གྱི་ནང་ལོགས་ཏག་ཏག་ལ་མུན་རུབ་པ་ལྟར་འགྱེལ་འདུག

མུན་རུབ་པ་ལྟར་འགྱེལ་བ་ནི་དོན་དུ་ཁྱོད་ཀྱི་དྲན་པའང་ཡིན་ཏེ།ཁྱོད་ཀྱང་ཁྱིམ་མཚེས་རྒན་མོ་ལ་གཏམ་ཚིག་གཅིག་སྨྲ་བའི་གླགས་མེད་པར་དེ་ག་རང་དུ་ས་ལ་འགྱེལ་སོང་།ད་ལྟ།ཁྱོད་ཀྱིས་སྐབས་ཐོག་དེར་རང་གི་དྲན་པ་ཤོར་བ་ནི་ངོ་གནོང་པ་ཞིག་ཏུ་འདོད་ཀྱིན་ཡོད།

སྡིགས་རྒན་ངས་ཐ་ན་ཁྱིམ་མཚེས་རྒན་མོ་ཚང་གི་བུ་གཉིས་ལ་བརྡ་ཞིག་ཀྱང་གཏོང་མ་ཐུབ།ཁྱོད་ཀྱིས་དེ་ལྟར་སྙམ་གྱིན་ཐེངས་སྔོན་མ་ལ་རང་ཉིད་ཉེན་ཁར་ཕྲད་སྐབས་ཁྱིམ་མཚེས་རྒན་མོས་བུ་མོ་གཡང་སྒྲོན་ལ་བརྡ་བཏང་བའི་དོན་དག་དྲན་བྱུང་།

གལ་སྲིད་ངས་ཅིས་ཀྱང་སྔ་ཙམ་ནས་བརྡ་བཏང་ཚེ།ཁྱིམ་མཚེས་རྒན་མོ་ད་ལྟའི་གནས་སུ་ལྷུང་མེད་ཀྱང་སྲིད།སྡིགས་རྒན་ང་།འཆི་རྒྱུ་མེད་པའི་ཧོན་ལོག་ང་།ཇི་ལྟར་གསོན་བསྡད་ན་དེ་ལྟར་ཉེས་པ་གསོག་པ་ལས་མི་འདུག

“སྨན་འཐུངས། ངས་ཁྱོད་ལ་ཡང་ཡང་བཤད་ཀྱང་ཁ་ལ་མི་ཉན་པ་ཅི་རེད་དམ།ཁྱོད་ཀྱིས་སྨན་ལ་བསྟེན་ན་ཕན་པ་ལས་གནོད་པ་ཡོད་མི་སྲིད།”བུ་མོ་གཡང་སྒྲོན་གྱིས་ཁྱོད་ཀྱི་ཁ་ནང་ལ་སྨན་རིལ་རྡོག་པོ་འགའ་བཅུག་རྗེས་དེ་དག་ཆུ་ཚན་གྱིས་མིད་པར་འདེད་དུ་བཅུག

ཁྱོད་ཀྱིས་སྨན་རྡོག་དེ་དག་གིས་རོ་བྱེད་དམ་ཞེས་སྡིགས་མོ་བོར་ནའང་།བུ་མོ་གཡང་སྒྲོན་གྱིས་ཅི་ཡང་ཐོས་མ་ཐུབ།ཁྱོད་ཀྱིས་སྨན་རྡོག་དེ་ཚོ་ཕྱི་རུ་བསྐྱུག་སྙམ་ནའང་།ད་ནི་གཞི་ནས་འགྱངས་འདུག

སྨན་རྡོག་དེ་དག་ཆུ་ཁོལ་གྱིས་མིད་པར་འདེད་པའི་གོ་རིམ་ནི་ཤིན་ཏུ་དལ་བའི་འགྲོས་ཚད་ཅིག་རེད།ཁྱོད་ཀྱིས་ཆུ་ཁོལ་ཕོར་བ་གང་བཏུངས་ཟིན་ནའང་།སྨན་རྡོག་དེ་དག་ད་དུང་རྐན་ངོས་སུ་ངལ་གསོ་གནང་བ་ལྟར་མིད་པའི་ནང་དུ་འགྲོ་རྒྱུ་མི་འདུག

བུ་མོ་གཡང་སྒྲོན་གྱིས་ཕོར་བ་ཕྱིར་འཁྱེར་ཞོར་སྨན་འཐུང་ན་ཕན་ཐོགས་ཆེན་པོ་ཡོད་པ་རེད་ཅེས་ཁྱོད་ལ་མུ་མཐུད་དུ་ཁ་ཏ་བྱེད་ཀྱིན་འདུག

ཁྱོད་ཀྱིས་རྐན་ངོས་སུ་འགུལ་ལ་མི་འགུལ་བར་སྡོད་པའི་སྨན་རྡོག་དེ་དག་ཁ་ཆུ་མིད་པའི་སྟོབས་ཀྱིས་ལྟོ་བ་རུ་འཇུག་པའི་ངལ་བ་བསྟེན་ཙ་ན།སྐབས་ཤིག་རིང་ཨུག་གེ་ཨུག་གེར་སྒྲེགས་སྒྲ་གྲགས་བྱུང་།

རང་སྡུག་རང་གིས་ཉོ་བ་རང་རེད།ཁྱོད་ཀྱིས་སྨན་རྡོག་འགའ་མིད་ནའང་འདི་འདྲའི་དཀའ་ལས་ཤིག་ཡོད་པར་ལེ་བདའ་བྱས།དེ་ནས་རང་གིས་རང་ལ་ནམ་རྒྱུན་ལྟར་དམོད་མོ་བོར།

ཅུང་ཙམ་འགོར་རྗེས།ཁྱོད་ཀྱི་རྐན་ངོས་ནས་མར་འགྲིལ་བའི་སྨན་རྡོག་དེ་དག་གཞི་ནས་མིད་པར་བཙངས་བྱུང་།ཁྱོད་ཀྱིས་གློ་རྡེག་ལ་རང་ཉིད་ཀྱིས་དབུགས་ཀྱི་གཏོང་ལེན་བྱེད་དཀའ་བ་ཚོར།

ད་ནི་རྒད་པོ་ང་འགྲོ་རན་ལ་སླེབས་པ་མིན་འགྲོ།ཨོཾ་མ་ཎི་པདྨེ་ཧཱུྃ།ཁྱིམ་མཚེས་རྒན་མོའི་དགེ་རྩར་མ་ཎི་ཞིག་ཀྱང་འདྲེན་མ་ཐུབ།ཁྱོད་ཀྱིས་དེ་ལྟར་སྙམ་ཞོར་གཉིད་ལ་ཞུགས་པའི་མིག་གཉིས་དལ་གྱིས་གཟིམ།མཆོད་མེ་རྐང་གཅིག་དལ་གྱིས་གཟིམ་པ་དེ་དང་འདྲ་བར།

ཁྱོད་འཆི་ལ་ཉེ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།