ཀྲུང་གོ་བོད་ཀྱི་དྲ་བ།

ཉིན་གཅིག་གི་ཆོ་འཕྲུལ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ​རྡོ་རྗེ་དོན་གྲུབ།   སྤེལ་དུས། : 2020-04-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གཅིག

སད་བྱུང་། ད་ལྟ་ཁོ་གཞི་ནས་སད་བྱུང་།

ཉིན་དེའི་ཐོ་རངས་ལ། ལྷ་དཔལ་གྱིས་ཉོབ་མདངས་ཀྱི་མིག་ཟུང་ཕྱེ་མ་ཐག སྦྲའི་ཁ་ཚུབ་ཀྱི་མཐོང་གར་འཛུམ་པའི་སྐར་མདའ་དང་། ཀ་རའི་སྟེང་དུ་བཀལ་བའི་སྣུམ་སྒྲོན། ཐབ་ཀའི་མེ་འོད་བཅས་ནི་ཁོའི་མིག་འབྲས་ཀྱི་འཐོབ་བྱ་དང་པོ་རུ་གྱུར། དེ་མིན། འོད་ངོགས་ནས་ཨ་མའི་སྐེམ་ཞིང་རིད་པའི་བྱད་གཟུགས་དེའང་མིག་འབྲས་ཀྱི་གཟུང་བྱར་གྱུར། དུས་དེ་ནས་བཟུང་། ཁོས་ཡང་བསྐྱར་ཤ་རུས་ལྟར་འཇིག་རྟེན་ཆོས་བརྒྱད་ལ་དམ་དུ་འཁྱུད་མགོ་བརྩམས།

ཁོས་མལ་སའི་ལོགས་གང་ཞིག་གི་པགས་ཚར་ཁུག་ནས་ངུ་སྐད་དང་འགྲོགས་ཏེ།ནུས་ཤུགས་ཡོད་དགུ་རྩལ་དུ་སྤྲུགས་ནས་ཟློས་གར་འཁྲབ་པ་གང་དེས་ཨ་ཐང་ཆད་པ་ལྟར། པགས་ཚར་ཁུག་ནས་རེ་ཞིག་འགུལ་མེད་དུ་ལུས། ཏག་ཏག་སྐབས་དེར། ཁོའི་དྲན་ཤེས་ཀྱི་གཟུང་ཐག་གང་ནས་ཨ་ཕྱི་མཁའ་འགྲོའི་འབོད་སྐད་ཅིག་ཐོས་འཛིན་གྱི་བུ་གར་བྲག་ཅ་ལྟར་འཁོར་ཡོང་།

རེད་དེ། ལྷ་དཔལ་བཤད་སྒྲུབ་དར་རྒྱས་གླིང་གི་སྐོར་ལམ་བརྒྱུད་སྐབས། ཨ་ཕྱི་མཁའ་འགྲོ་མཐོ་རིས་མ་དང་། རྐང་པ་ནི་རིང་ཐུང་ཤོར་བའི་གསོམ་སྡོང་ལྟར་ལྡེམ་མྱུར་གྱིས་དབུལ་ཞིང་།གྱོལ་མ་ལྡིང་གིས་ལུས་ཀྱི་ལྗིད་ཚད་ཕྱེད་ཀ་འཁར་བར་བརྟེན་པའི་ཨ་ཁུ་ཆོས་འཕེལ་མཐོ་རིས་པོ། ད་དུང་།  བྱིས་པ་སྣབས་ལུགས་ཁ་ཤས་ཀྱང་ངུ་ཤུམ་བྱེད་བཞིན་ཁོའི་ཕྱོགས་སུ་བརྒྱུགས་འོངས། དེ་དུས།  ཁོ་སྐྲག་སྣང་སྐྱེས་ཏེ་མིད་པར་ཅི་ཞིག་འཛུལ་ཏེ་ཕྱིར་དེད་ཡོང་བ་ལྟར། “ཨ་ཕྱི་མཁའ་འགྲོ། གནས་འདིར་འདི་འདྲའི་འཇིགས་དངངས་ཆེ་བས། ང་སྐྲག་གི”ཞེས་བོས་ཀྱང་། ཨ་ཕྱི་མཁའ་འགྲོས་གོང་མཛུབ་བར་ན་བར་མེད་དུ་འདྲེན་གྱིན་པའི་ཕྲེང་རྡོག་དེ་འདྲེན་མཚམས་བཞག་སྟེ།ལྷ་དཔལ་གྱི་མགོ་ལ་བྱིལ་བྱིལ་བྱེད་བཞིན། “གཅེས་ཕྲུག ཁྱེད་ཀྱི་ཕ་མ་གཉིས་ཀྱིས་ཁྱེད་རང་ཕྱིར་འོང་བར་རེ་སྒུག་བྱས་ཡོད་པ་བསྙོན་དུ་མེད། འོན་ཏེ། ང་རང་ད་ནི་འཇིག་རྟེན་དཀར་ངོགས་ཀྱི་ལོགས་ཤིག་ཏུ་བུད་ཅིང་། རང་ཉིད་ལ་འཚམས་པའི་བསྟི་གནས་ཤིག་རྙེད་མ་བྱུང”ཟེར་བཞིན། མིག་ཆུའི་ཐིགས་པ་རེ་རེ་ནི་ལུང་ཤུར་ནས་བཞུར་བའི་ཤྭ་འོད་ལྟར། མོའི་ཡུང་མ་རྙིད་པ་ལྟ་བུའི་མཁུར་ཚོས་ལ་བྱབས་ཁྲུས་མཛད་དེ་ས་ལ་ཟགས། དེ་དུས། ལྷ་དཔལ་གྱིས་ཨ་ཕྱི་མཁའ་འགྲོ་ལ་འདྲི་འདོད་པའི་སྐད་ཆ་གང་ཞིག་དྲན་པའི་མཐིལ་དུ་དྲིལ་མོད། འོན་ཏེ། སྐད་ཆ་དེ་མོར་དྲིས་ཀྱང་། མོས་ལན་སློག་ཐུབ་མིན་ཡང་སུས་ཤེས། ལྷ་དཔལ་གྱིས་ཡང་བསྐྱར་མགོ་བོ་དགྱེས་ཏེ།“ཨ་ཕྱི་མཁའ་འགྲོ”ཞེས་བོས་ཀྱང་། མོའི་འཁྲིས་ཀྱི་བུ་མོ་ཆུང་ཆུང་དེས་ངུ་ཤུམ་བྱེད་པའི་གླགས་སུ། ཁོ་མོ་གཉིས་ལྷ་དཔལ་གྱི་མཐོང་ལམ་ནས་འཇའ་ཚོན་ལྟར་ཡལ་བར་གྱུར་སོང་། དུས་དེ་ཙ་ན། ལྷ་དཔལ་ནི་འཁོར་སྒེག་མེད་པའི་འཕྲུལ་འཁོར་ལྟར་སྐོར་ལམ་ནས་འགུལ་མེད་དུ་ལུས་སོང་།  དངངས་སྐྲག་གང་གིས་ལུས་པོ་ནི་ཤིང་སྡོང་ལྟར་སྦྲིད་ཅིང་། ཚོར་ཤེས་ཀྱིས་དབེན་པའི་བེམ་པོ་ལྟར་ལུས་པའི་སྐད་ཅིག་མ་དེར། ཁོས་ལུས་ཀྱི་སྟོབས་ཤུགས་ཡོད་ཚད་མཛུབ་རྩེར་དྲིལ་ཏེ་འདུ་ཁང་གི་སྒོ་ལུང་ལ་རེག་ཅིང་། ཏག་ཏག་སྐབས་དེར། ཁོའི་འབྱུང་གཞིའི་གསེང་དང་རྩ་ལམ་གང་ལ་སྐྱེ་སྟོབས་ཀྱི་ཕྲ་ཕུང་ཞུགས་པ་ལྟར་སླར་ཡང་འགུལ་བྱུང་།

འགུལ་བྱུང་། ད་ལྟ་ཁོ་གཞི་ནས་འགུལ་བྱུང་།

ལྷ་དཔལ་གྱིས་ཡང་བསྐྱར་མིག་ཟུང་གི་ཧྲག་བར་གང་ནས་སྦྲའི་ཁ་ཚུབ་ཀྱི་གོང་ཁར་ཤར་བའི་མག་མོག་གི་སྐྱ་རེངས་དེ་མཐོང་བྱུང་། རེད་དེ། ཁོའི་རང་ལུས་འདོམ་པ་གང་པོ་དེ་ཨ་མ་འཛོམས་སྐྱིད་ཀྱིས་བདུན་ཕྲག་གཅིག་གི་རིང་ཕང་བར་བཟུང་སྟེ་ལུས། དེ་ལྟར་དུ། ཨ་མ་འཛོམས་སྐྱིད་ཀྱིས་དཔྲལ་བའི་མིག་ལྟར་གཅེས་པའི་བུ་ཕྲུག་སྟེང་དུ་ཅེར་ཏེ། ད་ནི་རྐང་ལག་ཀྱང་སྦྲིད་དེ་ཤ་སྦྲང་མང་པོ་ཞིག་གིས་སོ་བཏབ་ཀྱང་ཚོར་ཤེས་མེད་པའི་གནས་སུ་འཁུམས། ཡིན་ཡང་། མོས་དེར་ཁ་ཡ་ཡེ་ནས་མི་བྱེད་པར། བུ་ཕྲུག་གི་དབུགས་ཀྱི་རྒྱུ་བ་དང་མིག་ཟུང་ཕྱེ་བའི་སྣང་བརྙན་དེ་ལས་བསྐྱེད་པའི་དགའ་སྣང་ཞིག་སེམས་ཀྱི་གཏིང་རིམ་གང་ནས་ཆུ་མིག་ལྟར་རྡོལ་འོངས།

ལྷ་དཔལ་གྱིས་པགས་ཚར་ཁུག་ནས་ལག་པའི་སྤར་མོ་ནང་དུ་བཀུག་པའི་མུར། ཁོའི་རེག་བྱར་གྱུར་པ་ནི་འདུ་ཁང་གང་དེའི་སྒོ་ལུང་མིན་པར་ཨ་མ་འཛོམས་སྐྱིད་ཀྱི་ཕྲེང་བ་ཡིན་པའང་གཞི་ནས་ཤེས།

ཨ་མ་འཛོམས་སྐྱིད་ཀྱིས་གོང་མཛུབ་བར་གྱི་ཕྲེང་བ་སྐེ་རུ་བསྐོན་ཏེ། ལག་ཟུང་གིས་ལྷ་དཔལ་གྱི་མཉེན་ཤ་དོད་པའི་རྐང་མཐིལ་སྲོ་བཞིན།“གཅེས་ལོ། ཁྱེད་ནི་དཀོན་མཆོག་གིས་ང་ལ་གནང་བའི་བུ་སྐལ་ཡིན། བདུན་ཕྲག་གཅིག་གི་ནང་ཁྱེད་ཀྱི་ཚེ་སྲོག་རྟ་རྔ་ལྟ་བུ་དེའང་ཐེངས་གཉིས་ཙམ་ལ་ཆད་པས། ཅུང་མིན་ན་མོའི་བླའང་འཁྱམས་སོང”ཟེར་བཞིན་ལྷ་དཔལ་གྱི་མིག་ཟུང་གི་སྒྲིལ་མཚམས་སུ་བལྟས་འདུག

གཉིས།

ཞོགས་པའི་ཉི་ཟེར་གྱིས་ཉིན་གཅིག་གི་ཡོད་ཚད་ལ་བློས་བསླངས་བྱེད་བཞིན་ས་ཆེན་གྱི་སྨག་རུམ་ཡུན་གྱིས་ཁྱུར་མུད་དུ་བཏང་ཞིང་།མདོ་དབུས་མཐོ་སྒང་གི་འབྲོག་སྡེ་ཆུང་ཆུང་ཞིག་སྒོག་ཤུན་བཤུས་པ་ལྟར་རིམ་གྱིས་རྗེན་པར་བཏང་བྱུང་།

ལྷ་དཔལ་གྱིས་ཨ་མ་སོང་ཤུལ་གྱི་སློག་རྙིང་དེའི་གུད་དུ་སྒོང་སྒོང་བྱས་ཏེ་ཡུད་ཙམ་འགོར་ནའང་། ཁྱི་རྒན་རྒྱ་དམར་གྱི་ཟུག་སྐད་དང་ཨ་མས་འོ་མ་འཇོ་བའི་ཤག་སྒྲ་དེས་སློག་རྙིང་དེའི་སྲུབས་ཀ་གང་ཞིག་གི་ཨི་ཁུང་བརྟོལ་ཏེ་ལྷ་དཔལ་གྱི་རྣ་ལམ་དུ་རླུང་ལྟར་རྒྱུ་ཞིང་། ལན་རེར། ཨ་མའི་འབོད་སྐད་སྙན་མོ་ཞིག་ཕྱི་ནས་མཆེད་འོང་།  དེ་དུས། ལྷ་དཔལ་གྱིས་རང་གིས་རང་ལ་གུ་ཡངས་སུ་བཏང་བའི་སྒྱིད་ལུག་གི་གོམས་གཤིས་དེ་སློག་རྙིང་ལས་བསྐྱུར་ཏེ། སྔས་མགོའི་སློག་པ་གོན་ནས་སྐ་རགས་བཅིངས། དེ་ཡང་། ལྷ་དཔལ་གྱིས་རང་ཉིད་ནར་སོན་པའི་དན་རྟགས་སུ་སྒོམ་བཞིན་ཡོད། དེ་མུར། མལ་སྟན་འོག་ཏུ་བཅུག་པའི་ལྷམ་སྟན་ལངས་ཏེ་ཏུག་སར་ཐང་ལ་བུད། ཁོས་རང་ཉིད་ཀྱི་ལྷམ་མཐོང་མ་ཐག སེམས་སུ“འདི་ནི་བཟའ་འཁོན་བྱུང་བའི་བཟའ་ཟླ་གཉིས་དང་ཅི་འདྲའི་མཚུངས་ཨང་སྙམ”བཞིན། ཁོང་དགོད་ཅིག་བྱས་ཏེ་ལག་གི་ལྷམ་སྟན་དེ་ལྷམ་དུ་བཅུག་སྟེ་ལྷམ་སྒྲོག་དམ་པོར་མདུད། བདེན་ཏེ། བོད་ལྭ་གཙང་མ་ཞིག་གྱོན་པ་དང་ལྷམ་སྒྲོག་དམ་པོ་ཞིག་འཆིང་བ་དེའང་ཁོས་ཨ་མའི་ཞལ་ཏ་ལས་བསླབས་པ་ཡིན།

ལྷ་དཔལ་གྱིས་ཨ་མས་གྲ་སྒྲིག་བྱས་པའི་འགྱིག་གཞོང་ནང་གི་ཆུས་ཁ་ལག་གཙང་མར་བཀྲུས་ཤིང་། ཏག་ཏག་སྐད་ཅིག་མ་དེར། ལྷ་དཔལ་གྱིས་སྙིམ་པར་བསྐྱིལ་བའི་ཆུ་འཁྱག་གདོང་གི་རེག་བྱར་འཕྲད་མ་ཐག དེ་ནི་དར་ཐོ་གཅིག་གིས་གདོང་ལ་འབྲད་པ་ལྟར། ན་ཟུག་ཅིག་རྐང་མཐིལ་ནས་སྒལ་ཚིགས་བརྒྱུད་དེ་སྤྱི་གཙུག་ཏུ་འཁྱུད་པར་བྱེད། དེ་དུས། ལྷ་དཔལ་གྱི་རྣམ་རིག་ཀྱང་ཇེ་གསལ་དུ་གྱུར། སྦྲ་གུར་ཕུགས་སུ་སྟག་པ་འགའ་བསྒྲིགས་པའི་སྟེང་དུ་མར་སྒམ་དང་རྩམ་ཁུག་སོགས་བཞག་ཡོད་ལ། ལྷ་དཔལ་གྱིས་མར་སྒམ་གྱི་ཁ་ཕྱེ་སྟེ། མཛུབ་རྩེར་མར་ཏིལ་འབྲུ་ཙམ་ཞིག་བླངས་རྗེས། ཁོས་ཨ་མས་མར་རྡོག་ལ་ཆུ་བཅག་བྱེད་པ་ལྟར་ལག་མཐིལ་ནས་ཡང་ཡང་བསྒྲེས་ཏེ་ངོ་ལ་བསྐུས་ཤིང་། གདོང་ལ་ཨ་མ་འཛོམས་སྐྱིད་ཀྱིས་འོ་བྱེད་པ་ལྟར་བདེ་བའི་ཚོར་བ་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས།

ཐབ་མགོའི་དུད་དྲེག་ཆགས་པའི་ཟངས་དེམ་ལས་གདུས་པའི་འོ་དྲི་ཞིག་སྦྲ་ནང་དུ་འཁྱིལ་འདུག  ལྷ་དཔལ་ཐབ་ཀའི་འགྲམ་གྱི་རྟོལ་ལྤགས་ཀྱི་སྟེང་དུ་སྐྱིལ་ཀྲུང་དུ་བསྡད་དེ། ཨ་མས་བསྐོལ་བའི་ཟངས་དེམ་ནང་གི་འོ་ཇ་དང་།དཀར་ཡོལ་ནང་གི་མར་རྩམ་སྣུམ་པོ་དེ་ཟོས་རྗེས་ཕྱི་ལ་བུད།

བེའུ་ཁང་ནང་གི་བེའུ་གཟས་ཀར་གཏོང་རྒྱུ་ནི་ཁོའི་འཚོ་བའི་སྤྱི་འགྲོས་ལྟ་བུར་གྲུབ་ཡོད། འོན་ཏེ། དགུན་ཁར་གཟས་ཀ་ནས་སློག་པ་རློན་པ་གཏོང་རག་བར་དར་ཤུད་སྟེག་པ་དང་དབྱར་ཁར་གཅེར་བུར་བུད་དེ་ཆུ་རྐྱལ་སྟེག་པ་དེའང་ཁོའི་འཚོ་བའི་ཆ་ཤས་ཤིག་ཏུ་བརྩིས་ཆོག

ལྷ་དཔལ་གྱིས་ལྷས་རའི་གཡས་ཟུར་ན་ཡོད་པའི་བེའུ་ཁང་གི་ལྕུག་མས་བསླས་པའི་སྒོ་དེ་བེའུ་ཁང་གི་གཡས་ལོགས་ཤིག་ཏུ་བཞག་སྟེ་བེའུ་རྣམས་དེད་ནས་གཟས་ཀའི་ཕྱོགས་སུ་ཕྱིན།  

ད་ནི། བེའུ་རྣམས་གར་ལ་རྩེན་བཞིན་གཟས་ཀའི་ཉིན་སྲིབ་གཉིས་ཀར་ཡན་འདུག ལུང་མཐིལ་དུ་འབབ་པའི་ཆུ་བོ་ནི་རྣམ་ཤེས་བོར་བའི་རྒན་པོ་ཞིག་དང་འདྲ་བར་དལ་ཅག་གེར་གནས། ཡིན་ཡང་། ཉི་འོད་དར་ཐོག་ཏུ་འཕྲོས་པ་ན་འོད་ཟེར་གྱི་ཕུང་པོས་ཚེ་སྲོག་གི་མཉམ་སྒྲོག་རོལ་མོ་འཁྲོལ་བ་ལྟར་སྣང་ཞིང་། དེ་དུས། ལྷ་དཔལ་གྱིས་མིག་བརྩེད་དེ་སྙིམ་པས་མིག་ཟུང་གི་སྒྲིལ་མཚམས་བཀབ་སྟེ། “ཆུ་བོའི་སྟེང་ན་དར། དར་གྱི་སྟེང་ན་མི། མི་དེའི་མགོ་ན་ཞྭ། ཞྭ་ཡི་སྟེང་ན་ཏོག ཏོག་གི་སྟེང་ན་གནམ།”ཞེས་སེམས་ཀྱི་རྩིག་ལྡེབས་ངོས་སུ་བློས་བསླངས་བྱས། ཁོའི་རྐང་མཐིལ་གྱི་དར་ཟམ་གྱིས་ཆུ་བོའི་ངོགས་གཉིས་ཕོ་མོ་ཟུང་དང་འདྲ་བར་དམ་དུ་འཁྱུད་འདུག དུས་ཚིགས་འདི་ལྟ་བུར། ལྷ་དཔལ་གྱིས་རང་སྡེ་བའི་བྱིས་པ་དང་ལྷན་དུ་དར་ཤུད་སྟེག་སྟེ་ཉི་མ་ནུབ་པའང་བརྗེད་འགྲོ་སྟེ། ལན་རེར། སྡེ་བའི་ཨ་ཁུ་བསོད་ཐར་གྱི་འཁྲིས་སུ་བཅར་ཏེ། བྲེད་ཤ་ལངས་པའི་གནའ་གཏམ་དང་མཐུན་པ་སྤུན་བཞི། སྟག་མོ་ལུས་སྦྱིན་སོགས་ལ་ཉན་པར་སྤྲོ། ལན་རེར། ཁེད་ལ་འགྲན་ཅིང་། ཁོ་རང་ཕམ་ཚེ་ཨ་ཁུ་བསོད་ཐར་ཚང་གི་གཟས་ཀའི་ནོར་ཁྱུའང་ཁོང་གི་མངགས་བཀོད་ལྟར་ཕྱོགས་གཅིག་ཏུ་སྐོར་དགོས།དེ་མིན།ཨ་ཁུ་བསོད་ཐར་གྱིས་ཐོད་པའི་གཉེར་མ་ཕྱོགས་གཅིག་ཏུ་བསྡུས་ཏེ།སོས་ཀའི་དར་ཤུད་དང་།དབྱར་ཁར་གནམ་ངོ་རུབ་དུས་ཆུ་རྐྱལ་སྟེག་ཚེ་ཉེན་ཁ་ཆེ་རབས་སོགས་རྒྱུ་མཚན་དང་བཅས་ཏེ་བཤད་ཡོང་།དེ་དུས། ལྷ་དཔལ་གྱིས་གདོང་གི་ཕྱིད་ལ་ཉེ་བའི་མཁུར་ཚོས་ལ་གསོན་ཉམས་ཤིག་རྒྱས་ཏེ་ཁས་ལེན་དམ་བཅའ་ཡང་ཡང་བྱས། གལ་ཏེ། ལྷ་དཔལ་རྒྱལ་ཚེ། ཁོས་ཨ་ཁུ་བསོད་ཐར་ལ་སང་ཉིན་ནས་བཟུང་ཚ་མོ་དཔལ་སྐྱིད་ནོར་རྫི་ལ་འཁྲིད་ཡོང་བའི་ཞུ་བ་བྱེད་ངེས་ཡིན།

དེ་ལྟར། ལྷ་དཔལ་གྱིས་གཟས་ཀ་ནས་བེའུ་རྣམས་ལུང་པའི་ཉིན་ཁར་བསྐོར་རྗེས། གཟས་ཀ་དང་ཁད་མི་རིང་བའི་སྒང་ཁ་ཞིག་ཏུ་བུད་དེ་རི་སྡེའི་ཕྱོགས་ལ་མིག་རྒྱང་འཕེན་བཞིན། དཔལ་སྐྱིད་ཕྱོགས་ལ་མནོ་བསམ་ཡང་ཡང་བཏང་།

གསུམ།

ཉིན་གུང་གི་ཉི་མ་ནི་དཔལ་སྐྱིད་གནས་ལ་འགྲོ་ཁར་གཡར་ཚ་བའི་ངོ་གདོང་སྙིམ་པས་འགེབས་པ་ལྟར་སྤྲིན་རིམ་དུ་ཡིབ་འདུག དེའང་། ལྷ་དཔལ་གཟས་ཀའི་ལོགས་ཀྱི་སྒང་ཁ་ནས་གན་རྐྱལ་དུ་བསྡད་པའི་གླགས་དེར་མཉམ་འཇོག་བྱུང་བ་ཡིན། ཏག་ཏག་སྐབས་དེར། བར་སྣང་དུ་ཐང་དཀར་འགས་ལྡིང་སྐོར་རྒྱག་བཞིན་མཆིས་ཏེ། ལྷ་དཔལ་གྱིས་ཡིད་མ་རངས་པར་འཕྲལ་མར་ཡར་དགྱེས་ཏེ་སྒང་ཁ་ནས་གཟས་ཀའི་ཕྱོགས་སུ་ཡར་ལྟ་མར་ལྟ་ཞིག་བྱས་རྗེས། དེ་རིང་ཡང་སེམས་ཅན་ཞིག་འཇིག་རྟེན་རིང་དུ་གྱེས་སོང་སྙམ་སྟེ། མ་ཎི་ཚར་གཅིག་བཏོན་པའི་ཞར་ལ། སེམས་སུ་ཨ་མ་མཐོ་རིས་མ་གློག་བརྙན་བཞིན་ཤར་ཞིང་། མོ་འཇིག་རྟེན་མི་ཡུལ་དང་གཏན་བྲལ་དུ་སོང་བའི་ཉིན་དེ་ནས་བཟུང་། ཁོ་རང་འཇིག་རྟེན་མི་ཡུལ་ཁམས་ནས་དྭ་ཕྲུག་ཅིག་ཏུ་གྱུར་སོང་། རེད་དེ། ཁོས་ཨ་མ་མཐོ་རིས་མའི་ཁ་ཆེམས་ལྟར་ཁྱིམ་ཚང་གི་བཅའ་བ་རིམ་གྲོ་རྒྱུན་ཆད་མ་མྱོང་ལ། ལན་རེར། དུར་ཁྲོད་དུ་ཕྱིན་ཏེ་གསུར་མཆོད་འབུལ་རྒྱུ་དེའང་གོམས་ལོབས་སུ་གྱུར། ཡིན་ནའང་། ཨ་མ་མཐོ་རིས་མས་མི་ཡུལ་ཁམས་ནས་སྐྱིད་ཅིག་མ་རིག་པར་དཔལ་སྐྱིད་ཁོང་གཉིས་དང་རིང་དུ་གྱེས་སོང་བ་དེ། ཁོའི་སེམས་ཀྱི་བསུབ་ཐབས་མེད་པའི་རྨ་ཁ་ཆེན་པོ་ཞིག་ཏུ་གྱུར་སོང་། དྲང་མོར་བཤད་ན། ལྷ་དཔལ་གྱིས་ཆུང་དུས་བེའུ་གཟས་ཀར་བཏང་རྗེས། གཟས་ཀ་དང་ཁད་མི་རིང་བའི་སྒང་ཁ་ཞིག་ཏུ་བུད་དེ། ཕྱིར་རི་སྡེའི་ཕྱོགས་སུ་རྒྱང་མིག་འཕེན་གྱིན། ཨ་མའི་ཉིན་གཅིག་གི་ལས་ཀ་དང་ནུབ་ཚལ་སོགས་ཕྱོགས་དུ་མར་བློས་བསླངས་བྱེད་སྲིད། མཚམས་རེར། བེའུ་དེད་ནས་རི་ཁྱིམ་ཕྱོགས་སུ་ཐོན་ཁ་མར་ཁྱིམ་མཚེས་བྱིས་པ་དང་ལྷན་དུ་རང་རང་གི་ཨ་མས་བཅོས་པའི་ནུབ་ཚལ་གྱི་གབ་ལན་འགྲིག་མིན་ལག་པའི་མཛུབ་མོ་སློག་ཧྲུལ་གྱི་ཕུ་རུང་གཅིག་ཏུ་བཞག་སྟེ་རྒྱན་སྐུགས་སྲིད།  དེ་དུས། ཁོས་སྐྱིད་སྣང་དེར་ཆ་འཇོག་ཅི་ཡང་མ་རྙེད།

རེད་དེ། དུས་ད་ལྟའང་ལྷ་དཔལ་གྱིས་དེ་ནི་རྨི་ལམ་ལྟ་བུ་ཞིག་ཏུ་བསྒོམ་མི་སྲིད།

བེའུ་རྣམས་གཟས་ཀའི་ལུང་མཐིལ་དུ་གཤར་ཟིན་པས། ལྷ་དཔལ་གྱིས་ཆུང་མ་དཔལ་སྐྱིད་ཀྱིས་བཅོས་པའི་བྲོ་ཁུག་སྒང་ཁ་དེར་བསྐྱུར་ཏེ། བེའུ་རྣམས་ཡང་བསྐྱར་ལུང་པའི་ཉིན་ཁར་བསྐོར་རྗེས། སླར་ཡང་སྒང་ཁ་དེར་བུད་དེ་རི་ཁྱིམ་ཕྱོགས་སུ་རྒྱང་མིག་འཕངས་ཏེ་བསྡད།

ལྷ་དཔལ་གྱི་སེམས་སུ། གལ་ཏེ། ངས་བེའུ་རྣམས་འཚོ་སྐྱོང་མ་བྱས་ཚེ་བུ་དང་མནའ་མར་སྒོ་ཕྱུགས་འཚོ་སྐྱོང་བྱ་རྒྱུ་མེད་པས། དེ་དུས། ཁོ་ཚོ་ཡང་ཨ་ཞང་རིག་ལོ་ལྟར་འབྲོག་སྡེ་འདི་ནས་རི་བོང་གནམ་རྡིབ་ཀྱི་དཔེ་ལྟར་རྫོང་མཁར་དུ་ཞོགས་ཨེ་འགྲོ་སྙམ། དེ་བས། དཔལ་སྐྱིད་ཀྱིས་འཁེལ་བའི་སྟོད་ཆའི་སྟེང་གི་གྲུ་གུ་དེ་དག་བུ་ཆུང་གི་རྩེད་ཆས་སུ་འགྱུར་ཨེ་འགྲོ་སྙམ།  ལན་རེར། འབྲོག་སྡེ་འདི་མཚེར་ཤུལ་སྟོང་པ་ཞིག་ཏུ་གྱུར་ཏེ། རྫོང་མཁར་གྱི་སྙིགས་སྒམ་དུ་མ་ཤོང་བའི་གད་སྙིགས་འདི་གར་སྤུངས་ཨེ་འགྲོ་སྙམ། ཡང་གཅིག་བཤད་ན། ཁོ་དང་ན་མཉམ་པའི་ཡུལ་གྱར་པ་དེ་དག་མཐར་རི་སྡེ་འདིར་ལོག་ཡོང་དུས། ཁོས་འབྲོག་སྡེ་འདི་ཁོ་ཚོར་རྩིས་སྤྲོད་ཡག་པོ་ཞིག་བྱ་ཐུབ་མིན་ལ་སེམས་ཁུར་བྱེད་བཞིན་ཡོད།བདེན་ཏེ། འབྲོག་སྡེ་འདི་ནས་རི་བོང་ཅལ་འདྲོགས་ལྟར་རྫོང་མཁར་གྱི་བདེ་གཡང་གཞིས་གསར་དུ་ཕྱིན་པའི་ཁྱིམ་མཚེས་དག་གིས་མཐར་རང་ཉིད་ཀྱི་ཐོག་མའི་བསྟི་གནས་དེའང་བརྗེད་ཨེ་འགྲོ་སྙམ། དེ་ལྟ་མོད་ཀྱི། ཁྱིམ་མཚེས་གཡས་གཡོན་ཚང་མར་མནོ་བསམ་རེ་བཏང་ཚེ། ལྷ་དཔལ་ལ་བྲེད་དངངས་ཤིག་བསླངས་ཡོང་ལ། སེམས་ཀྱང་བློང་བློང་པོར་གྱུར་ཏེ་མཐོང་ལམ་གྱི་ཡོད་ཚད་ཀྱང་རབ་རིབ་ཏུ་གྱུར།

དེ་ལྟར་དུ། ལྷ་དཔལ་གྱིས་སྣ་ཐལ་ཡིད་ཚིམ་པ་ཞིག་བརྔུབས་རྗེས། སྔར་བཞིན་རི་སྡེའི་ཕྱོགས་སུ་བལྟས་འདུག བདེན་ཏེ། སྔོན་ཆད་ལྷ་དཔལ་གྱི་སེམས་དེ་གཟས་ཀ་དང་། རྩྭ་ཆུ། དེ་མིན། བེའུ་ཡི་གར་དང་། དར་ཤུད་སྟེག་པ་སོགས་ཀྱི་སྟེང་ན་ཡོད་མོད། འོན་ཏེ། ད་ལྟ་ལྷ་དཔལ་གཟས་ཀར་ཡོད་ཀྱང་ཁོའི་སེམས་ཨ་མ་མཐོ་རིས་མ་ལྟར་ཁྱིམ་ན་བྲེལ་འདུག  ཁོའི་གཟུགས་བྱད་གཟས་ཀར་ཡོད་ཀྱང་། ཁོའི་སེམས་དེ་མ་འོངས་པའི་འཚོ་བའི་དཀར་ངོགས་ཀྱི་གྲུ་ཟུར་གང་རུང་ཞིག་ན་རྦབ་རྡོ་བཞིན་འགྲིལ་གྱིན་པ་དེ་ཁོ་མ་གཏོགས་ཤེས་མཁན་གཅིག་ཀྱང་མེད།

བཞི།

ཞོགས་པའི་ཉི་མར་ཅི་ཞིག་གིས་བྲེད་དངངས་བསླངས་པ་ལྟར་ཉིན་གུང་ནས་བཟུང་སྤྲིན་གསེབ་ཏུ་ཡིབ་སྟེ་ལུས། ལྷ་དཔལ་གྱིས་མིག་ཟུང་ཇི་ལྟར་ཆེར་བགྲད་ཀྱང་། ཁོའི་མཐོང་ལམ་གྱི་འབྲོག་སྡེ་དེ་རབ་རིབ་ཏུ་གྱུར་ཅིང་། ཐ་ན། ཉེ་འགྲམ་གྱི་ནོར་ཁྱུའང་ནོག་རོག་གེར་གྱུར་འདུག དེ་དུས། ལྷ་དཔལ་གྱིས་གཟོད་ནས་དགོང་དྲོར་སླེབས་འདུག་པ་ཚོར་ཏེ། ནོར་ཁྱུ་གཟས་ཀ་ནས་རི་སྡེའི་ཕྱོགས་སུ་བསྐོར།  ཡིན་ནའང་། དེ་རིང་། ལྷ་དཔལ་གྱིས་དཔལ་སྐྱིད་ཁོའི་མདུན་བསུ་བར་མི་འོང་བ་ཤེས་ཡོད་དེ། ལྷ་དཔལ་གྱི་སེམས་སུ་དཔལ་སྐྱིད་ཕལ་ཆེར་མལ་སའི་གྲུ་ལོགས་གང་རུང་ཞིག་ན་ངུ་ཤུམ་བྱེད་བཞིན་ཡོད་ཅིང་། ཁྱིམ་མཚེས་གཡས་གཡོན་ཚང་མ་རི་བོང་ཅལ་འདྲོགས་ལྟར་རྫོང་མཁར་དུ་ཞོགས་སོང་བས། མོར་སེམས་གསོ་བྱེད་མཁན་ཀྱང་མི་འདུག་སྟེ། དཔལ་སྐྱིད་ཀྱི་སེམས་ཁམས་འདི་ལྟ་བུར་ལྷ་དཔལ་གྱིས་མོར་སེམས་གསོ་བྱེད་པ་ནི་ཆུ་ལ་རྡོ་འཕངས་པ་ལས་ལྟ་ཅི། ད་ལྟ། ལྷ་དཔལ་གྱིས་བུ་ཚེ་འབུམ་ཡང་ཁོ་རང་ཆུང་དུས་ལྟར་ནད་ཀྱི་བགེགས་ལས་ཐར་བར་སྨོན་ལམ་དང་སྐྱབས་འཇུག་ཞུ་བཞིན་ཡོད། རེད་དེ། ལྷ་དཔལ་ལྷས་འགྲམ་དུ་ཐོན་མ་ཐག ཁོའི་སེམས་ཀྱི་གས་སྲུབས་གང་ལས་འཇུར་འོང་བ་ནི་ཚེ་འབུམ་དང་ཁོའི་ཨ་ཞང་རིག་ལོའི་ནད་ཁྲི་དེ་ཡིན།

ཚེ་འབུམ་རྫོང་མཁར་དུ་ཕྱིན་ཏེ་ལོ་ངོ་བཅུ་ཕྲག་ལྷག་འགོར་ཟིན་ནའང་། ད་ལྟ་ནང་མ་ཁང་ཆུང་ཆུང་ཞིག་གི་སྦྱིན་བདག་ཏུ་གྱུར་ཡོད་ལ། ལན་རེར། ཁོས་ཨ་ཕ་ལྷ་དཔལ་ལ་ཡོང་འབབ་བཟང་རབས་སོགས་གནས་ལུགས་དང་བཅས་ཏེ་ཞུ་ཞིང་། གཞན་ཡང་ལྷ་དཔལ་བཟའ་ཟླ་གཉིས་ཀྱི་མདུན་ནས་རྫོང་མཁར་དུ་གཞིས་སྤར་ན་བཟང་རབས་དང་། ཉེ་དུ་ཚང་མ་དེ་གར་ཡོད་པས་འགྲོ་འོང་སོགས་སྟབས་བདེ་ཚུལ་སོགས་གནས་ལུགས་མང་པོ་བཤད་ཡོང་།

རེད་དེ། ཨ་ཞང་རིག་ལོ་ནི་ལོ་ཆེར་བསགས་པ་དང་བསྟུན་ནས་གྲོང་ཁྱེར་གྱི་རྣོ་ལྕགས་ཨར་འདམ་གྱིས་གྲུབ་པའི་ཁང་མིག་གང་དེའི་གྲུ་ལོགས་ནས་ངོ་མདོག་ཀྱང་འགྱུར་སོང་། དེ་བས། སྙིང་ནད་བྱུང་བའི་གོད་ཆག་དང་བུ་ཚེ་འབུམ་གྱི་ནད་དུག་དེས་ལྷ་དཔལ་གྱི་སྙིང་ཁར་གྲིས་བསྣུན་པ་ལྟར་སྡོད་མི་ཚུགས་ཏེ། ད་ལྟ། ཁོས་རྟ་རྒན་རྔོག་རིང་དེར་བྱོན་ནས་མཚན་ངོགས་གང་ནས་ཚེ་འབུམ་ལ་འཕྲད་འདོད་ཀྱི་བསམ་བློའི་རྦ་རླབས་རབ་ཏུ་འཕྱོ་ཡང་། ཚེ་འབུམ་ད་དུང་རྫོང་སྨན་ཁང་གི་ནད་ཁང་ཞིག་ཏུ་ལོགས་སུ་བཀར་ཟིན་པས། ལྷ་དཔལ་གྱི་དྲན་ཚུལ་དེའང་ཆུ་ཡི་ལྦུ་བ་ལྟར་གྱུར་སོང་།

སྲོད་ཁའི་གྲིབ་མ་ནི་སྙིང་རྗེ་བྲལ་བའི་ཤན་པ་ལྟར་མཐོ་སྒང་གི་འབྲོག་སྡེ་ག་ལ་བ་འདི་ཏབ་ཅིག་རིང་མུན་པར་བསྒྱུར་ཅིང་། ད་ནི་སྦྲ་ཁྱིམ་ཧྲིལ་པོ་སྨག་རུམ་སྟུག་པོ་ཞིག་གིས་བཏུམས་འདུག ད་ནི།  སྒོ་འགྲམ་གྱི་ཁྱི་རྒན་རྒྱ་དམར་གྱི་ཟུག་སྐད་ཀྱིས་འབྲོག་སྡེ་འདིའི་ཡོད་ཚད་དཀྲོགས་པར་བྱེད།

ས་རུབ་སོང་།  སྒོ་ཁྱིས་ལྷ་དཔལ་བཟའ་ཟླ་གཉིས་ལ་སེམས་གསོ་དང་གདུང་སེམས་མཉམ་བསྐྱེད་བྱེད་པ་ལྟར་ཟུག་ཅིང་། ལན་རེར། དལ་ཅག་གེར་ལྕགས་ཕུར་གམ་དུ་ཙོག་པུར་བསྡད་དེ་ལྷས་འདབས་སུ་བལྟས་འདུག དེ་ནི་ཚེ་འབུམ་ནད་ཡམས་ལས་ཐར་ཏེ། ཕྱིར་ཡུལ་ལུང་འདིར་ལོག་པར་སྐྱབས་འཇུག་ཞུ་བ་དང་ཀུན་ནས་མཚུངས་སོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།