ཀྲུང་གོ་བོད་ཀྱི་དྲ་བ།

སེམས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : སྨུག་པ།   སྤེལ་དུས། : 2019-12-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ད་ནི་འཇིག་རྟེན་འདིར། མུན་རུབ་སྟེ་དུས་ཡུན་རིང་ཙམ་ཕྱིན་ཡོད། 

འོན་ཀྱང་། མཚན་ཐོག་འདིར། ཁྱེད་རང་ད་དུང་སྐུ་འབུམ་ཞེས་པའི་གནས་ག་ལ་བ་དེའི་གྲུ་ཟུར་གང་རུང་ཞིག་ན“ལས་ཚོགས”ལ་ཆས་ཀྱིན་ཡོད་ཨང་།

ཁྱེད་ཀྱིས་ཞོགས་པའི་དུས་ནས་ས་རུབ་པར་རེ་ཞིང་བསྒུགས་ཏེ་བསྡད།

དུས་ཚོད་འཁོར་ལོའི་ནང་གི་མདའ་ཁབ་དེ་དག་ཀྱང་ཁྱེད་དང་འདྲ་བར་ནུར་ནུར་མཐར། གཟོད་ནས་མཚན་གུང་ཞེས་པའི་དུས་ཀྱི་ཚིགས་མལ་འདིར་སླེབས་བྱུང་བས། ཁྱེད་ཀྱིས་ད་ནི་རང་ཉིད“ལས་ཚོགས”ལ་ཆས་ཆོག་པ་དྲན།

མཚན་གུང་ལ་སླེབས་ཐེངས་རེ་རེར། ཁྱེད་ཀྱིས་སྒྲུབ་བཞིན་པའི་ལས་ཀ་དེ་ནི་ཁྱེད་དང་ལས་རིགས་གཅིག་པའི་གྲོགས་པོ་དེ་དག་མ་གཏོགས་གཞན་སུ་ཞིག་ལའང་ལྐོག་ཏུ་གྱུར་པ་ཞིག་ཡིན་དགོས་པས། ཁྱེད་ཚོས་དེ་ལ“ལས་ཚོགས”དང་ཁྱེད་ཅག་ཕན་ཚུན་ལ “ལས་གྲོགས”ཞེས་འབོད་པར་བྱེད་ཅིང་། དེ་ནི་གསང་བ་གང་དེ་གཞན་གྱིས་མི་ཚོར་ཆེད་སྤྱད་པའི་བསྡུས་བརྗོད་ཀྱི་ཐ་སྙད་ཅིག་ཡིན། དེ་ལྟ་ནའང་། ཁྱེད་ཀྱིས་ནམ་ཞིག་གི་ཚེ། དེ་ལུགས་ཡང་བསྐྱར་རང་གི་བུ་མོས་ཚོར་ཨེ་འགྲོ་དང་། ཡང་ན་སུ་ཞིག་གིས་མཐོང་སྟེ། བུ་མོར་བཤད་ཨེ་སྲིད་ལ་སེམས་ཁྲལ་བྱེད་ཀྱིན་ཡོད་མོད། འོན་ཏེ། མཚན་གུང་ལ་སླེབས་ཐེངས་རེ་རེར་ཁྱེད་རང་སྔར་བཞིན“ལས་ཚོགས”ལ་ཆས་དགོས།

ཉིན་དཀར་གྱི་འུར་ཟིང་དང་འདུ་འཛི་མ་ལུས་མུན་ནག་གི་ཟབ་སར་ཐིམ་པས་ཡིན་ནམ། བར་གླགས་འདིར། གཞུང་ལམ་གཡས་གཡོན་གྱི་གློག་སྒྲོན་དེ་དག་ལས་ཀྱང་གཉོམ་ཞན་གྱི་འོད་མདངས་ཤིག་འཕྲོ་བཞིན་འདུག སྲང་ལམ་དུ་མི་ཕར་ཞོག འཕྲུལ་ཆས་ཀྱི་ལྡིར་སྒྲ་ཙམ་ཡང་ཐོས་རྒྱུ་མེད་པས་ཡོད་ཚད་ཁ་ཁུ་སིམ་མེར་སྟོང་འཇགས་ཀྱི་ངང་དུ་གནས་ཤིང་། སྟོང་འཇགས་ཀྱི་མཁའ་དབུགས་དེའི་ཁྲོད་དུ་ཁྱེད་ཀྱིས་དབང་མེད་དུ་རང་གི“ལས་གྲོགས”སྐོར་ཞིག་དྲན་བྱུང་སྟེ། རྒད་པོ་ཀྲང་བཀྲ་ཤིས་དང་ཨ་ཡེ་ལིས་ལྷ་མོ་སོགས་དྲན་བྱུང་།

རྣམ་ཀུན“ལས་ཚོགས”ཀྱི་སྐབས་སུ། ཁྱེད་ཚོས་དམ་བེ་ཞིག་གི་སླད་དུའང་ཚིག་རྩོད་བྱེད་སྲིད་པ་ནི་གཡོལ་བར་དཀའ་བ་ཞིག་ཡིན།ཆེས་ཛ་དྲག་གི་དུས་སུ།ཐ་ན་ཉིན་མཚན་འགར་ཕན་ཚུན་ལ་སྐད་ཆ་ཚིག་གཅིག་མི་སྨྲ་བའི་གནས་སུའང་གྱར་སྲིད།

དེ་ལྟར། རིམ་གྱིས་ཁོ་ཚོ་གཅིག་རེ་དང་གཅིག་རེ་བྱས་ཏེ་འཇིག་རྟེན་ཕྱི་མར་བཞུད་སོང་།

ཚུལ་དེར་ཁྱེད་ཀྱིས་གདུང་སེམས་འཆང་བའི་ཞར་དུ། ཕྱི་ཕྱིར་རང་དང་ལས་ཀ་འཕྲོག་རེས་བྱེད་མཁན་གཅིག་གིས་ཇེ་ཉུང་དུ་གྱུར་པར་དགའ་བ་སྒོམ་གྱིན་ཡོད། ཁྱེད་ཀྱིས་ད་དུང་ཁོ་ཚོ་ཚང་མ་འཇིག་རྟེན་ཕྱི་མར་སོང་རྗེས།རང་ཉིད་གཅིག་པུ་འཇིག་རྟེན་དཀར་ངོགས་འདིར་ལྷག་པ་ཡིན་ཚེ།ཤོག་སྒམ་ཞིག དམ་བེ་ཞིག ཐ་ན་དུ་ཤོག་ཅིག་ཡིན་ཡང་འཕྲོག་རྩོད་ཀྱི་ངལ་བར་བསྟེན་མི་དགོས་པར་རང་ཉིད་ཁོ་ནར་དབང་འགྲོ་བ་མིན་གྲང་སྙམ་ཞིང་།དེ་འདྲའི་དུས་ཤིག་བསླེབ་པར་རེ་སྒུག་བྱས་མྱོང་། འོན་ཏེ།དོ་ནུབ་གློ་རྡེག་ལ།ཁྱེད་ཀྱིས་རང་གི“ལས་གྲོགས”དེ་ཚོ་དྲན་བྱུང་། གལ་སྲིད་ཁོ་ཚོ་ལས་མི་གཅིག་ད་ལྟ་ད་དུང་འཇིག་རྟེན་དཀར་ངོགས་འདིར་འཚོ་ཞིང་གཞེས་ཀྱིན་པ་ཡིན་ཚེ། རང་དང་མཉམ་དུ“ལས་ཚོགས”ལ་ཡོང་སྲིད་པས།མ་མཐའ་ཡང་སྐད་ཆ་ཚིག་གཅིག་བཤད་རོགས་ཡོད་སོང་བ་མིན་ནམ། དེ་ལྟར་སེམས་ཀྱིན་དུ་ཁྱེད་ལ་ཚིག་རྩོད་བྱ་འདོད་ཀྱི་འདུན་པ་ཞིག་ཀྱང་འགོག་མེད་དུ་སྐྱེས་བྱུང་།

“ཉིས་ ཏི①། དམ་བེ་དེ་ཐོག་མར་མཐོང་མཁན་ཏག་ཏག་ང་རང་ཡིན་པ་ལ། ཁྱེད་ཀྱིས་འཕྲོག་དོན་ཅི་ཡིན། པུ་ཡོ་ལེན②།”

ཁྱེད་ཀྱིས་ཡིད་འཇོག་བྱུང་དུས། རྡོག་སྣེར་ཡོད་པའི་དམ་བེ་དེ་འཕྲོག་མཁན་ཞིག་ཡེ་ནས་མི་འདུག་མོད། ཁྱེད་ཀྱི་ངག་ནས་རྒྱུན་གོམས་སུ་གྱུར་པའི་སྐད་ཆ་དེ་འདྲ་ཞིག་ཐལ་སོང་། སྔོན་ཆད་ལྟར་ན། དམ་བེ་རེ་རེག་པས་ནི་དགའ་བ་ཁོང་དུ་གནོན་དཀའ་བ་རེ་སྐྱེ་བར་འགྱུར་མོད། དོ་ནུབ་དམ་བེ་རེ་རྙེད་པའི་དགའ་བས་སུ་ཞིག་དང་ལབ་གླེང་བྱ་འདོད་ཀྱི་འདུན་པ་དེའི་མགོ་གཏན་ནས་གནོན་ཐུབ་མ་སོང་། ངོ་མ། བར་སྐབས་འདིར། ཁྱེད་ལ་སུ་ཞིག་དང་ལབ་གླེང་བྱ་འདོད་ཀྱི་འདུན་པ་ཅི་འདྲའི་དྲག་ཨང་། དེ་ལྟར། ཁྱེད་ཀྱིས་སྔོན་ཆད་ཁོ་ཚོ་ལས་སུ་ཞིག་དང་ཚིག་རྩོད་བྱུང་བའི་སྐབས་ཐོག་དེར། ཕྱི་ཉིན་ཅིས་ཀྱང་རང་ཉིད་གཅིག་པུ“ལས་ཚོགས”ལ་འགྲོ་དགོས་སྙམ་པ་བྱུང་མོད། མཐའ་མར་སྔར་བཞིན་ཁོ་ཚོ་དང་བསྡོངས་ཏེ་ཆས་དགོས་བྱུང་བ་དེ་ཡང་། མ་གཞི་སུ་ཞིག་དང་ལབ་གླེང་བྱ་འདོད་ཀྱི་འདུན་པས་མིན་ནམ་སྙམ། ཐ་ན་ཚིག་རྩོད་དྲག་པོ་བྱུང་སྟེ། གཏན་དུ་མི་དེ་དང་ཚིག་གཅིག་མི་སྨྲ་ཨང་སྙམ་ཡང་། རྟིང་སོར་ཉིན་མཚན་འགའ་ལས་བསྲོན་མི་ཐུབ་པར་འགྱུར་བ་དེ་ཡང་མ་གཞིར་ལབ་གླེང་བྱ་རོགས་རེ་མཁོ་བས་མ་ཡིན་ནམ་སྙམ།

ཁྱེད་ཀྱིས་དེ་ལྟར་བསམས་ཤིང་སེམས་ཀྱིན་གཞུང་ལམ་ཧྲིལ་པོར་མིག་མྱུལ་བྱེད་ཞོར་དུས་ཡུན་རིང་ཙམ་ལ་ཕྱིན་མོད། དངོས་གནས་ས་ཆོད་ཟེར་བ་ཞིག་མི་འདུག དེ་ཡང་ཡིན་ཏེ། ལོ་ན་བདུན་ཅུར་སོན་པའི་ཁྱེད་ལ་མཚོན་ན།སྔར་དྲེག་གྲུམ་གྱི་ནད་ཅིག་བྱུང་སྟེ།ཞབས་ཟུང་ཐང་པོ་མིན་པར་གྱུར་ཡོད་པའི་ཁར།ད་ནི་ལོ་ན་ཡང་བགྲེས་སྟབས། གོམ་པའི་འདེགས་འཇོག་རེ་བསྒྱུར་བའི་ཡུན་ལའང་དུས་ཡུན་ངེས་ཅན་ཞིག་དགོས། དེ་བས། སྔོན་མར་ཁྱེད་ལས་མགྱོགས་ཙམ་ཡོད་པའི“ལས་གྲོགས”ལིས་ལྷ་མོས་ཀྱང་ཀུ་རེའམ་ཡང་ན་ཟུར་ཟའི་ཟོལ་དུ“མེའེ་སྒྲོལ་མ། ཁྱེད་ནི‘ལས་ཚོགས’ལ་འགྲོ་ཟེར་ན་མི་འགྲིག་པར་ལས་ཚོགས་ལ་ནུར་ཞེ་ན་འོས་པར་སྣང”ཟེར། དེ་ལྟར། དམ་བེའམ་ཤོག་སྒམ། ཡང་ན་ཡར་འཐུ་རིན་ཡོད་པ་ཅི་རིགས་ཆེས་ཐོག་མར་མཐོང་མཁན་ཁྱེད་ཉིད་ཡིན་ཡང་།རྣམ་ཀུན་ཁྱེད་ལས་མགྱོགས་ཙམ་ཡོད་པའི“ལས་གྲོགས”དེ་ཚོས་སྔོན་ལ་བཏུས་འགྲོ། སྐབས་དེར། ཁྱེད་ཀྱིས“ཉིས་ ཏི། ཐོག་མར་མཐོང་མཁན་ཏག་ཏག་ང་རང་ཡིན་པ་ལ། ཁྱེད་ཀྱིས་འཕྲོག་དོན་ཅི། པུ་ཡོ་ལེན② ”ཞེས་རྩོད་གླེང་ཞིག་གི་དབུ་མི་སློང་རང་སློང་དུ་གྱུར་འགྲོ།

དེའི་དུས། ཚུལ་དེར་ཁྱེད་རང་ཞེ་ནས་སུན་གྱིན་ཡོད་ཅིང་། ཁོ་ཚོ་གཏན་དུ་མཐོང་ལམ་ལ་མངོན་རྒྱུ་མ་བྱུང་ན་ཅི་མ་རུང་ཨང་སྙམ་མྱོང་། འོན་ཀྱང་། ཡ་མཚན་དགོས་པ་ཞིག་ནི། དོ་ནུབ་ལྡོག་སྟེ། ཁྱེད་ཀྱིས་ཏག་ཏག་ཁོ་ཚོ་དྲན་བྱུང་། ཁོ་ཚོ་དྲན་པ་རྐྱང་རྐྱང་ཙམ་ཡང་མིན་པར་ཁོ་ཚོ་ལས་གང་རུང་ཞིག་དང་རྩོད་གླེང་བྱེད་འདོད་སྐྱེས་བྱུང་བ་དེ་རེད།

མཚན་མོ་དེའི་སྟོང་འཇགས་དང་ཁུ་སིམ་གྱི་ཀློང་ནས། ཁྱེད་ཀྱིས་རང་གི“ལས་གྲོགས”དེ་ཚོ་དྲན་གྱིན་སྲང་ལམ་ཀུན་ལ་མིག་མྱུལ་བྱེད་ཞོར། མུ་མཐུད་དུ་མདུན་ལ་སོང་།

དོ་ནུབ་ཀྱང་ཁྱེད་རང་དེ་ལྟར་དུས་ཡུན་ངེས་ཅན་ཞིག་ལ་བསྐྱོད་མོད། འགྱིག་གི་དམ་བེ་ཞིག་ལས་ཅི་ཡང་ལག་སོན་བྱུང་མ་སོང་།

སྔོན་ཆད་སྐོར་ལམ་དང་སྲང་ལམ།ཐ་ན་གསེར་སྡོང་ཆེན་མོའི་མདུན་དུའང་གད་སྙིགས་སྣ་ཚོགས་རེག་པར་ཐེ་ཚོམ་མི་དགོས་མོད།ཕྱིས་སུ་དགོན་པ་དང་སྲིད་གཞུང་གིས་གད་དར་པ་མང་པོ་ཞིག་གླས་ཏེ་གད་སྙིགས་དག་སར་འབབ་ལོང་ཡང་མེད་པར་གཙང་སེལ་བྱས་པས། ཁྱེད་རང་ཚོའི་ལག་ཡོང་ཉིན་རེ་ནས་ཉིན་རེར་ཇེ་ཉུང་དུ་ཕྱིན། དེ་བས། ཁྱེད་ཚོ་རང་ཉིད་ཀྱི་ལས་ཀ་འཕྲོག་མཁན་གྱི་གད་དར་པ་དེ་དག་གི་སྟེང་ལ་སེམས་ན་ཞིང་།ཁོ་ཚོ་གཅིག་ཀྱང་མ་ལུས་པར་ཁ་བཏགས་སོང་ན་ཅི་མ་རུང་ཨང་སྙམ།

དོ་ནུབ་ཀྱང་ཁྱེད་རང་འདི་ལྟར་ལག་སྟོང་མཆན་ལ་བཙིར་ཏེ་སྲང་ལམ་ཉུལ་ནས་འགྲོ་དུས། སླར་ཡང་གད་དར་པ་དེ་དག་གི་སྟེང་ལ་སྡང་སེམས་འགོག་མེད་ཅིག་སྐྱེས་བྱུང་། གལ་སྲིད་ཁོ་ཚོ་གཅིག་ཀྱང་མ་ལུས་པར་ཁ་བཏགས་སོང་ཚེ། རང་ཉིད་ཀྱི་ལག་འབབ་ཅིས་ཀྱང་ཇེ་བཟང་དུ་འགྲོ་ངེས་ལ།གྲོང་ཁྱེར་འདིར་རང་ཉིད་ཡོད་ཚེ།གད་དར་པ་དེ་དག་མེད་ཀྱང་གད་སྙིགས་ཤིག་གནས་ས་ཡེ་ནས་མེད་པས།གད་དར་པ་དེ་དག་ནི་ཅི་འདྲའི་དགོས་མེད་ཅིག་རེད་ཨང་སྙམ།

དེ་ལྟར། ཁྱེད་ཀྱིས་དོ་ནུབ་ཀྱང་ལག་ཡོང་ཅི་ཡང་མེད་པ་དྲན་པས། སྔོན་ཏག་ཏག་ལ། སུ་ཞིག་དང་ལབ་གླེང་བྱ་འདོད་ཀྱི་འདུན་པ་དྲག་པོ་དེའི་མགོ་ཡང་ག་ལེར་ཡལ་ཞིང་། ཡིད་སེམས་ཀྱི་ཟབ་ས་གང་རུང་ཞིག་ཏུ་གྲིས་གཙགས་པ་ལྟ་བུའི་ན་ཟུག་ཅིག་འགོག་མེད་དུ་སྐྱེས་འོངས།

ད་ནི་གང་ཞིག་ཏུ་སོང་ན་བཟང་ངམ།

ཁྱེད་ཀྱིས་འདི་ལྟར་རང་གིས་རང་ལ་དྲིས། འོན་ཏེ། ཇི་ལྟར་བསམ་བློ་བཏང་ནའང་ད་ནི་དངོས་གནས་འགྲོ་ས་ཞིག་དྲན་པའི་མཐིལ་ལ་ཡེ་ནས་འཁོར་མ་བྱུང་། དུས་ཡུན་ག་ཚོད་ཅིག་གི་སྔོན་ནས་བཟུང་། ཁྱེད་ཀྱིས་འདི་ལྟར་ད་ནི་གང་ཞིག་ལ་སོང་ན་བཟང་ངམ་ཞེས་ཡང་ཡང་བསམ་བློ་གཏོང་དགོས་བྱུང་ཡོད།

འདི་ལྟར་བསམ་བློ་གཏོང་གིན་པའི་སྒང་ལ། གློ་བུར་དུ་རང་ཉིད་འགྲོ་མ་མྱོང་ས་ཞིག་ཡིད་ལ་འཁོར་བྱུང་། དེའི་མུར་དགའ་བ་ཁོང་དུ་གནོན་དཀའ་བ་ཞིག་དང་བཅས་གོམ་ཁ་དེའི་ཕྱོགས་སུ་བསྒྱུར།

དེ་རུའང་ལག་ཡོང་རེ་མེད་ཚེ། ཅི་ཞིག་བྱ་དགོས་ཨང་། སྒོར་དགུ་བརྒྱ་དགུ་བཅུ་གོ་ལྔ།ད་ནི་སྒོར་ལྔ་བསྣན་ཚེ་སྒོར་སྟོང་གཅིག་བསགས་པ་རེད་ཨང་། ཨ་ཤུ་རེ་ཁོ།

འདི་ལྟར་སེམས་ཀྱིན་ཁྱེད་རང་མུ་མཐུད་དུ་མདུན་ལ་སོང་།

ཁྱེད་རང་གི“ལས་གྲོགས”དེ་ཚོ་དང་ལྷན་དུ་མཚན་གུང་རེ་རེར“ལས་ཚོགས”ལ་སོང་ཞིང་། ཤོག་སྒམ་རེ་དང་དམ་བེ་རེ། ཐ་ན་ལྷམ་ཆད་རེ་ལག་ལ་འཐོབ་ཆེད་ཁོ་ཚོ་དང་འགྲན་རྩོད་བྱས་པའི་ཁར་འཁོན་འཛིང་བྱས། དེ་དག་བཙོངས་ཏེ་ཐོབ་པའི་དངུལ་གྱིས་ཟ་མ་ཐུབ་གྱོན་ཡང་མ་ཕོད་པར་རང་གི་གློ་ཁུག་ཏུ་བསགས་ཡོད། ཡིན་ཡང་། ཐེངས་ཤིག་ལ། སུ་ཞིག་གིས་རང་ཉིད་མཚན་ཞག་རེ་རེར“ལས་ཚོགས”ལ་ཆས་ཀྱིན་པ་བུ་མོར་བཤད་པས། མོས“ ཨ་མ་ལོ་ལོ། ཁྱོད་དེ་ལྟར་གད་སྙིགས་འཐུ་རུ་ཕྱིན་ན། ངས་མི་མང་གྲས་ནས་མགོ་བཏེགས་ཏེ་འགྲོ་ཐབས་ཤིག་མི་འདུག”ཅེས་དང“ཁྱོད་ལ་རྒན་གསོའི་སྒོར་མོ་ཡིས་མི་འདང་རྒྱུ་ཞིག་ག་ལ་ཡོད”ཟེར།

བུ་མོའི་སྐད་ཆ་དེས་ཁྱེད་ཀྱི་ཡིད་སེམས་རྨང་ནས་སྐྱོ་བར་བྱས་སོང་།

ཁྱེད་ཀྱིས་རང་གིས་བུ་མོའི་ལ་རྒྱ་བརྫད་སོང་འདོད། དེ་བས། ཁྱེད་ཀྱིས་ཀྱང་དེང་ཕྱིན་རང་ཉིད་བུ་མོས་བཤད་ན་གད་སྙིགས་འཐུ་བ་དང་རང་གི་བཤད་ཚུལ་ལྟར་ན“ལས་ཚོགས”ཞེས་པ་དེར་མི་འགྲོ་རྒྱུ་བྱས། སྤྱིར་ན་ཁྱེད་ལྟ་བུའི་ལོ་ན་བདུན་ཅུའི་སྐས་རིམ་བརྒལ་ཡོད་པ་ཞིག་ལ་མཚོན་ན། ད་ནི་འདི་ལྟར“ལས་ཚོགས”སུ་ཆས་ཏེ་ངལ་བར་བསྟེན་དོན་ཡེ་ནས་མེད་མོད། དོན་དག་ཅིག་གིས་ཁྱེད་ཀྱི་ཡིད་སེམས་རྨང་ནས་དཀྲུགས་པས་ཡིན།

དང་ཐོག་རང་གི་བུ་མོ་རུས་མ་ཅན་གྱི་ཚོང་པ་དེའི་ཆུང་མར་གྱུར་པར་ཁྱེད་རང་དགའ་སྤྲོ་སྐྱེས་མྱོང་། རྒྱུ་མཚན་རང་གི་བུ་མོ་ཚོང་པ་ཞིག་གི་ཆུང་མར་གྱུར་པས་སྐྱིད་ཀྱིས་གཏམས་པའི་མི་ཚེ་ཞིག་འཁྱོལ་ཐུབ་པར་སྙམ་པས་ཡིན། ཡིན་ནའང་། རིམ་གྱིས་མག་པ་དེ་ནི་མི་ཆོ་མེད་མདོ་མེད། དུས་རྒྱུན་བུ་མོར་གཅར་རྡུང་བྱེད་པ་ཞིག་ཏུ་འདུག་པས། ཁྱེད་ཀྱིས་སེམས་ནས་མ་བཟོད་པར་ལན་གྲངས་དུ་མར་མག་པ་དེ་དང་གཉེན་འཐོར་བྱས་ན་ལེགས་ཚུལ་བུ་མོར་བསྙད་ཀྱང་མོས་རང་ཉིད་ད་ལྟ་བྱིས་པའི་ཨ་མར་ཡང་གྱུར་ཡོད་པས་དེ་ལྟར་བྱེད་མི་ཕོད་ཚུལ་ལབ་བྱུང་།

ཁྱེད་ཀྱིས་རང་ཉིད་འཇིག་རྟེན་དཀར་ངོགས་དང་གྱེས་པའི་རྗེས་ཤིག་ལ། བུ་མོ་འདི་གནས་ས་ནས་མ་འགྲིག་པར་ཕྱིར་ཡུལ་ལ་འོང་ཚེ། རང་ཉིད་ལ་ཤུལ་བཞག་རྒྱུ་ནོར་ཅི་ཡང་མེད་པས། མོས་འཚོ་བ་ཇི་ལྟར་རོལ་དགོས་ཨང་སྙམ། བུ་མོ་འདི་གལ་སྲིད་མི་གྲིམ་པོ་ཞིག་ཡིན་ཚེ།ཁྱེད་ཀྱི་བློ་ཁ་ཅུང་ཟད་བདེ་ངེས་མོད། མོ་རང་ཆུང་དུས་ནས་བྱ་བ་ཅི་བསྒྲུབས་ཀྱང་དེ་འདྲའི་འཇོན་པོ་མེད་པས་ཁྱེད་རང་མོ་ལ་སེམས་ཁྲལ་ཧ་ཅང་ཆེ། དེ་བས། ཁྱེད་ཀྱིས་མོར་རྒྱུ་ནོར་རེ་གསོག་པར་འདོད་བྱུང་། དེ་ལྟ་ན་ཡང་། ད་ལྟའི་དུས་ཀྱི་ཁྱེད་ཀྱིས་གཞོན་དུས་ལྟར་ལས་ཀ་སྣ་ཚོགས་ལས་ཏེ་ཡོང་སྒོ་འཚོལ་ཐབས་མེད་པས་ཁྱེད་ཀྱིས་རང་གིས་ཅི་ཞིག་ལས་དགོས་པར་ཞིབ་འདང་བརྒྱབ་བརྒྱབ་མཐར། མཚན་གུང་རེ་རེར“ལས་ཚོགས”ལ་ཆས་རྒྱུར་སེམས་ཐག་བཅད།

འོ་རེད་ཡ། དངོས་གནས་ཁྱེད་ལ་ད་དུང་རྒན་གསོའི་སྒོར་མོ་ཞེས་པ་ཞིག་ཀྱང་ཡོད་པ་མིན་ནམ། འོན་ཏེ། ཁྱེད་ཀྱིས་རང་ཉིད་མ་ཤི་བར་གྱི་ལོ་རེ་རེའི་རྒན་གསོའི་སྒོར་མོ་ཡོད་ཚད་རྒྱ་དུར་ལུང་པ་ཞེས་པའི་བེམ་པོ་མང་པོ་སྦ་སའི་ལུང་པ་དེའི་བདག་པོར་སྟེར་རྒྱུར་ཁས་བླངས་ཏེ་རང་ཉིད་ལ་དུར་ས་ཞིག་ཉོས་ཟིན་པ་མིན་ནམ། ཡིན་ཡང་། ཕྱིས་སུ་ཁྱེད་རང་དུར་ས་དེ་ཉོས་པར་ཞེ་གཏིང་ནས་འགྱོད་བྱུང་།

དང་ཐོག་ཁྱེད་ཀྱིས་རྒྱ་དུར་ལུང་པ་རུ་རང་ཉིད་ལ་དུར་ས་ཉོ་དགོས་མིན་ཐད་འདང་མང་པོ་བརྒྱབ་མྱོང་། རྒྱུ་མཚན་ནི་གལ་སྲིད་ཁྱེད་ཀྱིས་དེ་རུ་དུར་ས་ཉོས་ཚེ། ཁྱེད་ཚང་གི་ཁྱིམ་རྒྱུད་དུ་ཁྱེད་ནི་ཆེས་ཐོག་མར་རང་ཉིད་ལ་དུར་ས་ཉོ་མཁན་གྱི་མི་དེར་གྱུར་སོང་བས་ཡིན། ཡིན་ཡང་། མཐའ་མར་རང་ཉིད་ཅིས་ཀྱང་མེའེ་ཐེན་ལུང་ཞེས་པའི་ཁྱོ་ག་འདས་པོ་དེ་དང་ལུང་པ་གཅིག་ཏུ་དུར་སྦས་བྱ་འདོད་པ་དང་། བུ་མོས་གནས་བདག་བཟང་པོ་ཞིག་རྙེད་པ་འདྲ་བས་ཁྱེད་ཀྱིས་གཞི་ནས་རང་གི་མི་ཚེའི་ཁྲོད་ཀྱི་འོས་འགན་ཆེན་པོ་ཞིག་བདེ་བླག་ངང་ཡོངས་འགྲུབ་བྱས་ཤིང་།ཁྱེད་རང་མི་གཅིག་ལ་དཔལ་འབྱོར་གྱི་འགྲོ་སོང་ཡང་ཆེར་མེད་པས།རང་ཉིད་མ་ཤི་བར་གྱི་རྒན་གསོའི་སྒོར་མོ་ལུང་པ་དེའི་བདག་པོར་སྟེར་རྒྱུ་བྱས་ཏེ་དེ་གར་དུར་ས་ཞིག་ཉོས། འོན་ཏེ། ཕྱིས་སུ་བུ་མོ་གནས་ཡུལ་ནས་འགྲིག་མི་འགྲིག་བྱས་པས་ཁྱེད་རང་དུར་ས་དེ་ཉོས་པར་ཞེ་གཏིང་ནས་འགྱོད་ཅིང་། རྒན་གསོའི་སྒོར་མོ་བསགས་ཏེ་བུ་མོར་གཞག་རྒྱུ་བྱུང་ན་ཅི་མ་རུང་སྙམ།

རྒྱུ་མཚན་ཅིའི་ཕྱིར་ཡིན་པ་མི་ཤེས་མོད། དོ་ནུབ་ཁྱེད་ཀྱིས་ད་ནི་རང་ཉིད་གང་ཞིག་ལ་གད་སྙིགས་བཏུ་རུ་འགྲོ་དགོས་པར་བསམ་བློ་གཏོང་དུས། གློ་རྡེག་ལ། རྒྱ་དུར་ལུང་པ་དྲན་བྱུང་།

ད་ནི་ཁྱེད་རང་རྒྱ་དུར་ལུང་པར་འགྲོ་བའི་ལམ་ན་ཡོད།

རྒྱ་དུར་ལུང་པ་ནི་རུས་ཀྲང་དང་ལིས། མེའེ་དང་པེའེ་སོགས་ཁྱིམ་རྒྱུད་འགའི་དུར་སྦ་ས་ཡིན་པས་རྒྱ་དུར་ལུང་པ་ཞེས་མིང་ཐོགས། ཡིན་ཡང་རྩྭ་ས་སྒེར་ལ་བགོས་པ་ནས་བཟུང་། ལུང་པ་འདིར་དུར་སྦ་བསམ་ཚེ། རྩྭ་སའི་བདག་པོའི་ལག་ནས་དུར་ས་ཉོ་དགོས་པ་བྱུང་ཡོད།

ཁྱེད་ཀྱིས་རྒྱ་དུར་ལུང་པའི་ཕྱོགས་སུ་འཐེན་པའི་ལམ་བུ་དེད་དེ་མདུན་དུ་སྐྱོད་དུས། མཚམས་ཤིག་ལ། ནགས་གསེང་ཞིག་བརྒྱུད་དེ་འགྲོ་དགོས་བྱུང་།སྐབས་དེར། ལམ་གྱི་གཡས་གཡོན་གྱི་ནགས་གསེབ་ནས་འུག་པའི་སྐད་སྒྲ་འཛེར་འཛེར་དུ་མཆེད་བྱུང་ལ།ཝ་མོའི་བརྒྱལ་སྐད་ཅིག་ཀྱང་རླུང་བུས་ཁུར་ཏེ་ཐོན་བྱུང་།སྐབས་དེར། ཁྱེད་ཀྱི་ཉམས་སྣང་ཞིག་ལ། མདུན་ཕྱོགས་ན་གཟུགས་མེད་ཀྱི་མིག་ཟུང་གྲངས་མེད་ཅིག་གིས་རང་ཉིད་འཚོས་ཡོད་སྣང་བྱུང་། དེ་ལྟར། ཁྱེད་ཀྱིས་དབང་མེད་དུ་རྒྱ་དུར་ལུང་པ་ན་འདྲེ་འདུག་ཅེས་པའི་གཏམ་ཡན་ཞིག་ཀྱང་དྲན་བྱུང་། གཏམ་ཡན་དེ་དྲན་པས་ཡིན་ནམ། ཚོད་མེད་དུ་ཁྱེད་ལ་སྔངས་འདར་ཞིག་བརྒྱབ་སོང་།

ད་ནི་གོམ་ཁ་མུ་མཐུད་དུ་མདུན་ཕྱོགས་སུ་བསྒྱུར་བར་ཡང་སྤོབས་པས་དབེན་སོང་།

དེ་ཡང་ཡིན་ཏེ། ཁྱེད་རང་ཆུང་ངུའི་དུས་ནས་འདྲེ་ཞེས་པ་དེར་ཤིན་ཏུ་སྐྲག དུས་དེར། ཁྱེད་ཀྱི་ཨ་མ་བདེ་གཤེགས་མས“འཇིགས་སྐྲག་དང་བར་བགེགས་གང་ལ་འཕྲད་ཀྱང《སྒྲོལ་མ》ཐོན་དང་།དེ་ཡིས་ཁྱེད་ལ་སྐྱབས་དང་སྡོངས་གྲོགས་མཛད་ངེས། ཁྱེད་ཀྱི་མིང་ལ་སྒྲོལ་མ་ཞེས་བཏགས་པ་ནི་ཁྱེད་རང་ནད་མེད་ཚེ་རིང་།ཅི་བསམ་ལྷུན་འགྲུབ་ཡོང་བའི་སྨོན་འདུན་ཞིག་གིས་ཡིན།”ཟེར། ཨ་མ་བདེ་གཤེགས་མས《སྒྲོལ་མ》བཏོན་ན་ཕན་ནུས་ག་འདྲ་ཡོད་པ་ར་སྤྲོད་ཆེད། 《སྒྲོལ་མ་རྐང་ཡས་མ》ཞེས་པའི་གཏམ་རྒྱུད་ཅིག་ཀྱང་བཤད་མྱོང་།

གཏམ་རྒྱུད་དེའི་བྱུང་རིམ་མཐའ་དག་ད་ལྟ་ད་དུང་ཡིད་ཀྱི་མེ་ལོང་ངོས་སུ་གསལ་ལྷང་ངེར་འདུག་མོད།ཨ་མས་བསླབས་པའི《སྒྲོལ་མ》ནི་རང་གིས་གཞི་ནས་བརྗེད་ངས་ཀྱི་རྐུན་པོར་བསྐུར་ཚར་བས་ད་ལྟ་འདོན་བསམ་དུས་ཅི་ཡང་དྲན་རྒྱུ་མ་བྱུང་། དུས་དེར། ཁྱེད་ཀྱིས་གཞི་ནས་རང་ཉིད་ཀྱིས་དུས་ཡུན་རིང་པོ་ཞིག་ལ《སྒྲོལ་མ》ཁ་ཏོན་མ་བྱས་པར་ཡིད་འཇོག་བྱུང་ཞིང་། ད་ནི་རང་གིས་ཨ་མས་བསླབས་པའི《སྒྲོལ་མ》ཡི་ཁ་ཏོན་ཡང་བརྗེད་ཡོད་པར་འགྱོད་པ་རྟས་མི་ཐེག་པ་ཞིག་སྐྱེས་བྱུང་། དེ་ནི་ཨ་མ་ནས་བརྒྱུད་པའི་བག་ཆགས་སམ་དྲན་པ་གང་ཞིག་བརྗེད་ངས་སུ་གྱུར་པས་ལན་ནམ།ཡང་ན། དོ་ནུབ་ཀྱི་འཇིགས་སྐྲག་གིས་ལན་མིན་ཁྱེད་ལའང་གསལ་ཆ་མི་འདུག ཡིན་ནའང་། ཏག་ཏག་འགྱོད་པའི་སེམས་བྱུང་ཞིག་ནར་མར་སྐྱེས་བྱུང་།

དེ་འདྲའི་འགྱོད་གདུང་དང་སྐྲག་སྣང་འདྲེས་མའི་ཀློང་ནས་ཁྱེད་རང་རྒྱ་དུར་ལུང་པའི་ཕྱོགས་སུ་འགྲོ་མཚམས་བཞག་སྟེ། སྔར་གྱི་ལམ་དེར་ཞུགས་ཏེ་ཕྱིར་ལྡོག་པར་བརྩམས་པ་ན། ཅི་ཞིག་གིས་རང་ཉིད་ཀྱི་རྗེས་དེད་དེ་ཡོང་གིན་ཡོད་སྣང་ཞིག་སྐྱེས་བྱུང་། དེ་བས། ཁྱེད་ཀྱིས་ནམ་ཞིག་གི་ཚེ་ན། ནུ་མ་གཡས་པ་ས་རུ་དྲུད། ནུ་མ་གཡོན་པ་ཕྲག་པར་གཟར། ཁ་ལས་མེ་འབར་ཞིང་སྣ་ནས་དུ་བ་འཕྱུར་བ། མཆེ་བ་ཕྱི་རུ་བརྒྱངས་ཡོད་པའི་གདོན་འདྲེ་ཞིག་རང་གི་སྐེད་པའམ་ཕྲག་པ།ཡང་ན་སྒྱིད་པར་འཐམ་ཨེ་འགྲོ་ལ་ཤིན་ཏུ་འཚེར་སྣང་སྐྱེས་བྱུང་།

གནད་འགག་གི་སྐབས་འདིར། ཁྱེད་ཀྱིས་གོམ་ཁ་ཅི་ཙམ་མགྱོགས་པོར་བསྒྱུར་ནའང་། དངོས་གནས་ས་ཆོད་ཟེར་བ་ཞིག་མི་འདུག སྔོན་མར་ཨ་ཡེ་ལིས་ལྷ་མོས“མེའེ་སྒྲོལ་མ། ཁྱེད་ནི‘ལས་ཚོགས’ལ་འགྲོ་ཟེར་ན་མི་འགྲིག་པར‘ལས་ཚོགས’ལ་ནུར་ཞེ་ན་འོས་པར་སྣང”ཞེས་བཤད་དུས། ཁྱེད་རང་མོའི་སྟེང་ལ་ཁོང་ཁྲོ་ལངས་བྱུང་མོད། འོན་ཀྱང་། དོ་ནུབ་ཁྱེད་རང་ཉིད་ཀྱིས་ཀྱང་རང་ནི་ངོ་མ་ནུར་ནས་འགྲོ་བཞིན་པ་དང་འདྲ་བ་ལ་ཨང་བསམས་བྱུང་།

ཁྱེད་རང་དེ་ལྟར་སོང་སོང་མཐར། གཞི་ནས་ཕྱིར་སྐུ་འབུམ་ཞེས་པའི་གྲོང་ཁྱེར་འདིའི་ཕང་བར་སླེབས་བྱུང་། མཚམས་དེར། ཤར་ཕྱོགས་ཀྱི་གནམ་སའི་མཚམས་ནས་ལྟོ་དཀར་ཉ་མོའི་ལྟོ་བ་ལྟ་བུའི་འོད་དཀར་ཞིག་ག་ལེར་ཕྱོགས་ནས་ཕྱོགས་སུ་འགྱེད་ཀྱིན་འདུག་པས། ཁྱེད་ཀྱིས་ད་ནི་སྐྱ་རེངས་བཀྱགས་བྱུང་བ་ཚོར་ལ། ལྷན་ནེ་ལྷང་ངེར་འགྱིང་བའི་རྒྱ་ཕིབས་ཤིག་ཀྱང་མིག་ལ་སྣང་ཡོང་། མཇལ་སྐོར་པ་ཇི་སྙེད་ཅིག་གིས་གང་མགྱོགས་འགྲན་བཞིན་སྐོར་བར་འགྲོ་བཞིན་འདུག་པས་སྔར་གྱི་སྐྲག་སྣང་དེ་ཡང་སངས་སོང་། ཁྱེད་ཀྱིས་དོ་ནུབ་ཀྱང་རང་ཉིད་ལག་སྟོང་ལ་ཕྱིར་ལོག་དགོས་པ་དྲན་པས་སེམས་པར་ཙག་ཤད་ཅིག་མཚམས་ཚིགས་མེད་པར་བརྒྱུགས་བྱུང་། རང་གི་མིག་རྒྱང་གིས་ཟིན་ཚད་ཀུན་ལ་མིག་མྱུལ་ཅིག་བྱས་པར། རང་དང་གོམ་པ་འགས་ཆོད་པའི་ས་རུ་སྙིགས་སྒམ་ཞིག་འདུག གལ་སྲིད་སྟབས་ལེགས་ན། སྙིགས་སྒམ་དེ་རུ་གད་དར་པ་དག་གིས་བསྙེལ་བར་གྱུར་པ་གང་རུང་རེ་ཡོད་ཀྱང་སྲིད་སྙམ་སྟེ། གོམ་ཁ་དེ་ཕྱོགས་སུ་བསྒྱུར་ཅིང་། སྙིགས་སྒམ་དེ་བསློགས་པ་ན། རང་ལ་མཁོ་བ་ཅི་ཡང་མི་འདུག གད་དར་པ་དེ་དག་ཅི་འདྲའི་ཞེ་སེམས་གནག་པ་ལ་ཨང་། རང་ལ་མཁོ་བ་གཅིག་ཀྱང་མ་བསྐྱུར་བར་ཁྱེར་ཅིང་། མི་མཁོ་བ་དག་ཤུལ་དུ་བཞག་འདུག་སྙམ་གྱིན་ཕར་འགྲོ་རྩིས་ཀྱིས་རྐང་པ་གཡས་པ་མདུན་དུ་ལན་གཅིག་སྤོས་པར་དེ་ཅི་ཞིག་ལ་ཐོགས་པས་བསམ་དབང་དྲན་དབང་མེད་པར་ས་རུ་ཅལ་སེ་འགྱེལ་བྱུང་། ས་རུ་འགྱེལ་བའི་སྐད་ཅིག་མ་དེར།ཁྱེད་ཀྱི་ཐོད་པ་ནས་ཟུག་གཟེར་སྲོན་པར་དཀའ་བ་ཞིག་ལྡང་བྱུང་ལ། དེའི་མུར་རང་ཉིད་གཉིད་ཀྱི་ཞིང་ཁམས་ལྟ་བུའི་ཅི་ཞིག་གི་གཏིང་སར་བྱིང་གིན་འདུག་པ་ཚོར།

ཁྱེད་རང་གཉིད་ཀྱི་ཞིང་ཁམས་ལྟ་བུའི་ཅི་ཞིག་གི་གཏིང་ས་ནས་ཕྱིར་སླེབས་དུས། རང་ཉིད་ནི་སྔར་འགྱེལ་ས་དེར་མེད་པར་སྨན་ཁང་ཞིག་གི་ནད་ཁྲིའི་སྟེང་ཁ་སྣ་གང་རུང་དུ་སྦུ་གུ་མང་པོ་ཞིག་བཙུགས་ཏེ་འདུག་ཅིང་། ཉི་འོད་ཀྱི་ཟེར་མ་དུམ་བུ་ཞིག་སྒེའུ་ཁུང་ལས་གསེག་སྟེ་ནད་ཁང་དུ་འཕྲོས་ཡོད་ཅིང་། དེའི་ཁྲོད་ན་རྡུལ་ཕྲ་མོ་ཇི་སྙེད་ཅིག་ག་ལེ་ག་ལེར་འགུལ་གྱིན་འདུག

ཅི་ཞིག་བྱུང་སོང་བ་ཡིན་ནམ།

ཁྱེད་ཀྱིས་འདི་ལྟར་བསམ་བློ་གཏོང་གིན་པའི་སྒང་དེར། མི་ཞིག་གིས་ནད་ཁང་གི་སྒོ་ཕྱེ་མ་ཐག་ངུ་སྐད་དང་བཅས“ ཨ་མ། ཨ་མ།”ཞེས་འབོད་ཀྱིན་གོམ་སྟབས་མྱུར་མོས་རང་གི་ནད་ཁྲིའི་ཉེ་སར་བཅར་བྱུང་།

ངུ་སྐད་དེ་ཐོས་པ་ཙམ་གྱིས་ཁྱེད་ཀྱིས་མི་དེ་ནི་རང་གི་བུ་མོ་ཡིན་པ་ཤེས། ཡིན་ཡང་སྐབས་དེར། ཁྱེད་ཀྱིས་རང་དབང་མེད་པར་མིག་ཟུང་བཙུམས་ཤིང་། སེམས་སུ་ད་ནི་འགྲིག་མ་སོང་། རང་གིས་མོར་ཅི་ཞིག་ཟེར་དགོས་སམ་སྙམ།

བུ་མོ་ངུ་སྐད་དང་བཅས་རང་གི་ནད་ཁྲིར་བསྙེས་ཤིང་། “ཨ་མ། ཁྱོད་ཅིའི་ཕྱིར་གཞུང་ལམ་སྟེང་དུ་འགྱེལ་སོང་བ་ཡིན་ནམ”ཞེས་འདྲི་བཞིན་མཆི་མ་ཤམ་ཤམ་དུ་འདོན་པར་བྱེད།

ཁྱེད་ཀྱིས་མོར་བལྟས་དུས། བུ་མོས་ཀྱང་ཚུར་བལྟས་བྱུང་བས་ཁྱེད་གཉིས་ཀྱི་མིག་ཟུང་གཉི་ག་བར་སྣང་ག་ལ་བ་དེ་རུ་དྲང་ཐིག་གཅིག་གི་སྟེང་ནས་འཕྲད་བྱུང་།ཡུན་རིང་མ་འཕྲད་པའི་མིག་ཟུང་དེ་གཉིས་གནས་སྐབས་འདི་འདྲ་ཞིག་གི་འོག་ནས་སླར་ཡང་དྲང་ཐིག་གཅིག་ལ་ཁེལ་དུས། ཁྱེད་ཀྱིས་དབང་མེད་དུ་གཞའ་དགོས་པ་ཞིག་བྱུང་མོད། བུ་མོའི་གདོང་གི་ཤ་སྐམ་ཞིང་རིད།ཤ་མདངས་མོག་པོར་གྱུར། གཟུགས་པོ་ཡང་སྔར་ལས་ཆུང་དུ་ཕྱིན་ཡོད་སྣང་བྱུང་བས།མོར་ཞིབ་ཏུ་ལན་གཅིག་བལྟ་དགོས་བྱུང་སོང་།

“ཨ་མ། ཁྱོད་ཅིའི་ཕྱིར་གཞུང་ལམ་སྟེང་དུ་འགྱེལ་སོང་བ་ཡིན་ནམ།”

བུ་མོས་སླར་ཡང་སྔར་གྱི་དྲི་བ་དེ་བསྐྱར་ཟློས་ཀྱིས་དྲིས་བྱུང་བར། ཁྱེད་ཀྱིས་ལན་ཅི་ཞིག་ལྡོན་དགོས་པ་ཤེས་མ་སོང་། སྟབས་ལེགས་པ་ཞིག་ལ། ཏག་ཏག་སྐབས་དེར། སྨན་པ་ཞིག་ནད་ཁང་དུ་སླེབས་ཤིང་། ཁྱེད་གཉིས་ཀྱི་ལབ་གླེང་གི་མཚམས་བཅད་དེ“ད་ནངས་ཞོགས་པར་གད་དར་པ་ཞིག་གིས་མྱུར་སྐྱོབ་ཁ་པར་བཏང་ཡོང་སྟེ། སྲང་ལམ་དུ་རྒན་མོ་ཞིག་འགྱེལ་འདུག་ཟེར་བས། ང་ཚོས་མགྱོགས་པོར་སྨན་ཁང་དུ་ཁྱེར་ཡོང་སྟེ་མྱུར་སྐྱོབ་བྱས་པ་ཡིན། སྐབས་དེར། ངེད་ཚོས་མོའི་ཁྱིམ་མིར་འབྲེལ་གཏུག་བྱ་བསམས་ཏེ། མོའི་སྟེང་ནས་འབྲེལ་ལམ་རེ་ཨེ་རྙེད་འཚོལ་དུས། ཁ་པར་ཨང་གྲངས་འབྲི་དེབ་ཅིག་འདུག་མོད། སྟེང་དུ་ཁ་པར་ཨང་གྲངས་གཅིག་ལས་མི་འདུག སྟབས་ལེགས་པ་ཞིག་ལ་ཁ་པར་དེའི་ཁ་ཡང་ཕྱེ་འདུག་པས་གཞི་ནས་ཁྱེད་ལ་འབྲེལ་བ་བྱེད་ཐུབ་སོང”ཟེར།

“མོ་ཇི་ལྟར་སྲང་ལམ་དུ་འགྱེལ་བ་རེད་དམ”བུ་མོས་ཨ་མའི་ངག་ནས་དྲི་ལན་མ་རྙེད་པའི་དྲི་བ་དེ་སླར་ཡང་སྨན་པར་དྲིས་བྱུང་།

“འཕྲུལ་རྟའམ་ཅི་ཞིག་དང་གདོང་ཐུག་འདྲ་བྱུང་བ་མིན་གྲང་།ཡང་ན།མོ་རང་རྐང་འདྲེད་ཤོར་ཏེ་འགྱེལ་བ་ཡིན་ཡང་སྲིད”སྨན་པས་དེ་སྐད་སྨྲ་བཞིན་གདོང་གི་ཤེལ་མིག་ཡར་འདེད་ཙམ་བྱེད།

“ཨ་མ། ཁྱེད་རང་སུ་ཞིག་དང་གདོང་ཐུག་བརྒྱབ་སོང་བ་ཨེ་རེད།”བུ་མོས་བྲེལ་བ་ཆེན་པོས་དེ་ལྟར་འདྲི་དུས། ཁྱེད་ཀྱིས་ད་ནི་མོ་ལ་བཤད་རྒྱུ་ཞིག་རྙེད་བྱུང་སྙམ་ཞིང་། ཡིན་པའི་བརྡ་ལ་མགོ་བོ་ནང་དུ་ལྡེམ་ལྡེམ་བྱས།

“ཁྱེད་རང་ཐང་དུ་སྒྱེལ་མཁན་དེ་སུ་རེད། ཁྱེད་ཀྱིས་རྟགས་འདྲ་ཡིད་ལ་འཛིན་ཨེ་ཐུབ་ཐལ། རེད་ཡ། འདི་འདྲའི་སྔ་མོ་ཞིག་ལ་ཁྱེད་ཅིའི་ཕྱིར་སྲང་ལམ་དུ་སོང་བ་ཡིན།”

“འཕྲུལ་རྟ་ཞིག་ཡིན་པ་འདྲ། རྟགས་འདྲ་ཡིད་ལ་འཛིན་མ་ཐུབ་ཐལ།”བུ་མོར་ལན་དེ་འདྲ་ཞིག་འདེབས་དུས་ཁྱེད་ཀྱི་ངག་ཅུང་ཟད་འདར་གྱིན་འདུག་ཅིང་། དྲི་བ་ཆེས་རྗེས་མ་དེར་ལན་གདབ་བསམ་དུས། གཞི་ནས་ངག་ཀྱང་འཁྲོལ་མ་སོང་། དེ་འདྲའི་སྔ་མོ་ཞིག་ལ། རང་ཉིད་སྲང་ལམ་དུ་ཅི་ཞིག་བྱེད་དུ་སོང་ཟེར་དགོས་སམ། ཉི་མར་ལྡེ་རུ་སོང་ཟེར་རམ། ཡང་ན་ཤོ་རྒྱག་ཏུ་སོང་ཟེར་རམ། འདི་ལྟར་འཚུབ་ཆ་ལངས་དུས། གློ་རྡེག་ལ་དྲི་ལན་འོས་མོ་ཞིག་རྙེད་སོང་།

“ཨི་ཧུ།ང་སྐོར་བར་འགྲོ་བསམ་པ་ཡིན།”ཁྱེད་ཀྱིས་གྲེ་བསལ་ཞིག་བྱས་རྗེས། གློ་རྡེག་ལ་རྙེད་པའི་དྲི་ལན་དེ་བུ་མོར་བཤད། དེ་ལྟར་གྲེ་བསལ་ཞིག་བྱེད་དོན་ནི་དྲི་ལན་གནད་ཅན་འདི་བཤད་དུས་བར་ཆད་འདྲ་བྱུང་ཨེ་འགྲོར་ཚོམ་པས་ཡིན་ནམ་ཅི།

“ཁྱེད་རང་ནམ་ཞིག་ནས་སྐོར་བར་འགྲོ་རྒྱུ་ཞིག་ལོབས་པ་ཡིན་ནམ། སྔོན་ཆད་སྐོར་བར་གཏན་ནས་མི་འགྲོ་ཨང་།” མ་བསམ་ས་ནས་དྲི་ལན་དེས་བུ་མོ་ཧ་ལས་པར་བྱས་སོང་། མོས་ཅི་ཞིག་གི་མཐིལ་རྟོགས་འདོད་ཀྱི་ཧམ་པས་བརྟས་པའི་མིག་མདངས་གིས་ཁྱེད་ལ་བལྟས་འདུག

ཅི་ཞིག་རྟོགས་འདོད་ཀྱི་ཧམ་པས་བརྟས་པའི་མིག་མདངས་དེ་མཐོང་དུས། ཁྱེད་ལ་དབང་མེད་དུ་དངངས་འདར་ཞིག་བརྒྱབ་བྱུང་།

“ཁྱེད་ལ་རྡུང་ཁ་རྒྱག་མཁན་གྱི་འཕྲུལ་རྟའི་ཁ་ལོ་པ་དེ་ཅིས་ཀྱང་རྙེད་ཐབས་བྱ་དགོས།”

བུ་མོས་གློ་བུར་དུ་ཅི་ཞིག་དྲན་པ་ལྟར་ཡར་ལངས་ཤིང་། དེ་སྐད་སྨྲ་བཞིན་སུ་ཞིག་ལ་ཁ་པར་བཏང་བྱུང་།

བུ་མོས་ཁ་པར་ནང་གི་ཕ་རོལ་པོ་གང་དེར་རང་གི་ཨ་མར་ལམ་ཚིགས་ག་གེ་མོ་ནས་འཕྲུལ་རྟ་ཞིག་གིས་རྡུང་ཁ་བརྒྱབ་རྗེས་བྲོས་སོང་ཚུལ།ད་ལྟ་མོ་རང་སྨན་ཁང་དུ་ཡོད་ལུགས། འཕྲུལ་རྟའི་ཁ་ལོ་པ་དེ་ཅིས་ཀྱང་བཙལ་ཏེ་རྙེད་དགོས་ཚུལ་བཅོལ་བྱུང་།

བུ་མོས་ཕ་རོལ་པོ་དེར་འཕྲུལ་རྟའི་ཁ་ལོ་པ་འཚོལ་དགོས་ཚུལ་ལབ་པ་ཐོས་པས། ཁྱེད་ཀྱི་སེམས་པ་སླར་ཡང་ལུ་གུ་ལྡིང་ལྡིང་བྱས་སོང་། རང་ཉིད“ལས་ཚོགས”ལ་ཆས་པ་བུ་མོས་མི་ཤེས་ཆེད་དེ་འདྲའི་རྫུན་ཞིག་བསྒྲིགས་མོད། མ་བསམ་ས་ནས་རྙོག་དྲ་ཆེན་པོ་ཞིག་སློང་བའི་རྒྱུ་རུ་འགྱུར་འགྲོ་བ་མིན་གྲང་།

“འཕྲུལ་རྟའི་ཁ་ལོ་པ་དེ་འཚོལ་མི་དགོས།སྐྱུར་ཞོགས།ང་ལ་སྐྱོན་ཅི་ཡང་མེད་པ་དེ་མིན་ནམ”ཁྱེད་ཀྱིས་དེ་ལྟར་བུ་མོར་ཁ་ཏ་བྱས།

“བརྟག་དཔྱད་རབ་དང་རིམ་པ་མ་བརྒྱུད་ན་ཁྱེད་ལ་སྐྱོན་མེད་པ་ཇི་ལྟར་ཤེས་ཨང་། གལ་སྲིད་སྐྱོན་ཅི་ཡང་མེད་ཀྱང་བརྟག་དཔྱད་ཀྱི་ཡོན་ཁ་ལོ་པ་དེས་བྱིན་ན་འོས”བུ་མོས་དེ་ལྟར་ཨུ་ཚུགས་བྱས་བྱུང་།

མཚམས་ཤིག་ལ། ཁ་པར་ཞིག་ཡོང་སྟེ། བུ་མོ་གང་ཞིག་ལ་ཤོག་ཅེས་བོས་བྱུང་།

བུ་མོའི་རྣམ་འགྱུར་དང་སྐད་གདངས་ལས་ཁྱེད་ཀྱིས་ཁ་པར་གཏོང་མཁན་དེ་ནི་སྔོན་ཏག་ཏག་ལ། བུ་མོས་ཁ་པར་བཏང་སྟེ། འཕྲུལ་རྟའི་ཁ་ལོ་པ་འཚོལ་དུ་བཅུག་པའི་མི་དེ་ཡིན་པ་རྗེས་སུ་དཔགས་སོང་། ཡིན་ཡང་། སྐབས་ཐོག་དེར་ཁྱེད་ཀྱིས་གལ་སྲིད་ཁོ་ཚོས་ཅི་ཙམ་བཙལ་བའི་དབང་དུ་བཏང་ཡང་། ཁ་ལོ་པ་ཞིག་རྙེད་དུ་མེད་པས་སྐྱོན་ཅི་ཡང་འབྱུང་མི་སྲིད་ལ། རང་ཉིད“ལས་ཚོགས”ལ་ཆས་ཀྱིན་པ་བུ་མོས་ཀྱང་ཤེས་མི་སྲིད་སྙམ།

ཁྱེད་རང་དེ་ལྟར་ནད་ཁྲིའི་སྟེང་དུ་ཉལ་ཏེ། དོ་ནུབ་རང་ཉིད་གང་ཞིག་ལ་འགྲོ་དགོས་པར་བསམ་བློ་བཏང་། སྒོར་དགུ་བརྒྱ་དགུ་བཅུ་གོ་ལྔ།ད་ནི་སྒོར་ལྔ་བསྣན་ཚེ་སྒོར་སྟོང་གཅིག་བསགས་པ་རེད་ཨང་། ཨ་ཤུ་རེ་ཁོ། ཁྱེད་ཀྱིས་དེ་ལྟར་རང་ཉིད་ལ་ངར་ཤུགས་སྦྱིན་སྐབས། བུ་མོ་གཞི་ནས་ཕྱིར་སླེབས་བྱུང་། མོས་གོམ་པ་རིང་སྟབས་ཀྱིས་ལེན་པའི་སྟངས་ཀ་དང་གདོང་བ་གནག་སྟེ་ཡོད་པའི་རྣམ་འགྱུར་ལས་ཁྱེད་ཀྱིས་མོ་རང་ཁོང་ཁྲོ་ལངས་ཡོད་པ་ཤེས་སོང་། མོས་ཁོང་ཁྲོའི་སྐད་ཆ་ག་འདྲ་ཞིག་ལབ་ཡོང་བར་བསྒུགས་ཏེ་ཡོད་དུས། མོས་ཀྱང་གཞི་ནས་ཁ་གྲགས་བྱུང་།

“ཨ་མ། ཁྱོད་ཀྱིས་ང་ལ་དེང་ཕྱིན་གད་སྙིགས་མི་འཐུ་ཞེས་ཁས་བླངས་ཡོད་པ་མིན་ནམ། ད་ལྟའི་དུས་འདིར་རང་གི་ཨ་མར་ཡང་རློམ་རྒྱུ་མི་འདུག་ཨང་། ཁྱོད་ཀྱིས་འདི་ལྟར་གད་སྙིགས་བཏུས་ན། ངས་མི་མང་གི་གྲས་ནས་མགོ་བཏེགས་ཏེ་འགྲོ་ཐབས་ཤིག་མི་འདུག”

བུ་མོས་དེ་ལྟར་བཤད་བཞིན་ངུ་སྔངས་བྱས་བྱུང་།

ཁྱེད་ཀྱིས་རང་ཉིད“ལས་ཚོགས”ལ་འགྲོ་བཞིན་པ་ཡང་སུ་ཞིག་གིས་བུ་མོར་བཤད་པ་ཡིན་ནམ། ད་ཐེངས་མི་དེ་ཅིས་ཀྱང་རྩད་གཅོད་ཅིག་བྱ་དགོས་སྙམ།

“ཁྱེད་ཀྱིས་མཚན་མོ་རེ་རེར་གད་སྙིགས་འཐུ་བཞིན་པ་ངས་ལྟ་བཤེར་བརྙན་མིག་ལས་གསལ་པོར་མཐོང་བྱུང་། ཁྱེད་རང་འཕྲུལ་རྟ་ཞིག་དང་གདོང་ཐུག་བརྒྱབ་པ་ག་ལ་ཡིན། གད་སྙིགས་འཐུ་དུས་ས་རུ་འགྱེལ་སོང་བ་རེད།”སྐབས་དེར། ཁྱེད་ཀྱིས་ལྟ་བཤེར་བརྙན་མིག་ཅེས་པ་ནི་དོན་དམ་ཅི་ཞིག་ཡིན་ནམ་སྙམ། ཡིན་ཡང་། དེ་ལ་མུ་མཐུད་དུ་བསམ་བློ་གཏོང་འདོད་བྱུང་མ་སོང་། རྒྱུ་མཚན་བུ་མོའི་སྐད་ཆ་འདིས་ཁྱེད་ལ་སླར་ཡང་ཁྱེད་ཀྱི“ལས་གྲོགས”ལིས་ལྷ་མོ་དང་ཀྲང་བཀྲ་ཤིས་སོགས་དྲན་པར་བྱས་སོང་། ཁྱེད་ཀྱིས་ཁོ་ཚོ་ནི་ཅི་འདྲའི་ལས་ཆེན་ཞིག་རེད་ཨང་སྙམ། ཁོ་ཚོ“ལས་ཚོགས”ལ་ཆས་ཀྱིན་པ་བུ་བུ་མོ་གཅིག་གིས་ཀྱང་མ་ཚོར་བའི་སྔོན་ལ་འཇིག་རྟེན་དཀར་ངོགས་འདི་དང་གྱེས་པས། ཁོ་ཚོས་རང་གི་བུ་ཕྲུག་དག་མི་མང་གྲས་ནས་མགོ་བོ་བཏེགས་ཏེ་འགྲོ་མི་ཐུབ་པ་ཞིག་བྱས་ཡོད་པ་མ་རེད།རང་ཉིད་ལའང་དེ་འདྲའི་ལས་བསོད་ཅིག་ཡོད་ན་ཅི་མ་རུང་སྙམ་བཞིན་ཁྱེད་ཀྱིས་མིག་ཟུང་ག་ལེར་བཙུམས་སོང་། དེ་ནི་ཁྱེད་ཀྱིས་བུ་མོའི་མདུན་ནས་མིག་ཆུ་གཏོང་མ་འདོད་པས་ཡིན་ནམ། གང་ལྟར། དེ་རིང་ཁྱེད་ཀྱི་མིག་ཆུ་ཡང་འདྲེན་བྱེད་ཟུང་ལས་ཕྱི་རུ་མི་བཞུར་བར་དབང་རྩ་རེ་རེ་བརྒྱུད་དེ་ཁོང་བར་བཞུད་སོང་བའི་ཉམས་སྣང་ཞིག་བྱུང་།

མཆན།

①ཉིས་ནེ་ནེ་ཏི་ཞེས་པ་ནི་རྒྱ་སྐད་ཀྱི你奶奶的ཞེས་པའི་སྒྲ་བསྒྱུར་རོ། །

②པུ་ཡོ་ལེན་ཞེས་པ་རྒྱ་སྐད་ཀྱི不要脸ཞེས་པའི་སྒྲ་བསྒྱུར་ཏེ་ངོ་ཚ་མེད་པ་ཞེས་པའི་དོན།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།